Monday , June 17 2019
Home / གསར་འགྱུར། (page 37)

གསར་འགྱུར།

ནང་ཆོས་སློབ་གཉེར་ཐད་དཀའ་ངལ་ཆེན་པོ་འཕྲད་བཞིན་པ།

ངའི་མིང་ལ་བློ་བཟང་ཆོས་འབྱོར་ཟེར་བ་དང་།  འདི་ལོ་རང་ལོ་༢༢ སླེབས་ཀྱི་ཡོད།  སྐྱེས་ཡུལ་ནི་མཚོ་སྔོན་ཞིང་ཆེན་སྐྱེ་རྒུ་མདོ་ཁུལ་སྐྱེ་མདོ་རྫོང་ཁོངས་ནས་ཡིན།  ང་ཚོའི་ཁྱིམ་གྱི་འཚོ་རྟེན་ནི་ཞིང་ལས་ཡིན་པ་དང་།  ང་རང་ལོ་བཅུ་དྲུག་མ་སོན་པར་ཞིང་ལས་བྱས་ཏེ་བསྡད་པ་ཡིན། རང་ལོ་༡༦ ནས་ང་རང་གི་འདོད་མོས་བཞིན་ཕ་ཡུལ་གྱི་རྣམ་རྒྱལ་གླིང་དགོན་པར་གྲྭ་བ་བྱས་པ་དང་།   ང་ཚོའི་དགོན་པ་དེར་དགེ་འདུན་པ་༥༠ ཙམ་ལས་མེད། ལྷག་པར་ནང་ཆོས་སློབ་སྦྱོང་བྱེད་པའི་མཐུན་རྐྱེན་འཛོམས་པོ་མེད། གཙོ་བོ་ནི་དགེ་རྒན་ལེགས་པོ་མེད་སྟབས་ང་རང་ནང་ཆོས་སློབ་གཉེར་བྱ་འདུན་འོག་བོད་ཀྱི་རྒྱལ་ས་ལྷ་སར་ཡོད་པའི་འབྲས་སྤུངས་དགོན་པར་ནང་ཆོས་སློབ་གཉེར་བྱེད་པར་བསྐྱོད་རྒྱུར་འབྲས་སྤུངས་དགོན་པར་སློབ་གཉེར་བྱེད་བཞིན་པའི་གྲོགས་པོ་ཞིག་ལ་འབྲེལ་བ་བྱེད་སྐབས་ཤེས་རྟོགས་བྱུང་བར་དགོན་པར་སློབ་གཉེར་བྱས་ཏེ་གནས་སྐབས་ཕྱིར་སྡོད་བྱེད་པར་འགྲོ་ལུགས་མང་པོ་ཞིག་བརྒྱུད་དགོས་ཀྱི་འདུག དེ་ཡང་དང་ཐོག་ང་ཚོའི་དགོན་པ་ནང་ངོ་སྦྱོར་ཡི་གེ་ཞིག་ཞུ་དགོས་པ་དང།  དེ་འཁྱེར་ཏེ་ཤང་སྲིད་གཞུང་གི་ངོ་སྤྱོར་ཡི་གེ་ལེན་དགོས།    ཡང་དེ་རྫོང་ལ་བསྐྱོད་དེ་རྫོང་གི་ངོ་སྤྱོར་བླང་ཐོག དེ་ཁྱེར་ནས་ཁུལ་གྱི་ངོ་སྤྱོར་ཡི་གེ་ཐོབ་རྗེས་གཞི་ནས་རང་ཡུལ་གྱི་རྡོག་ཐོན་གྱིས་ལྷ་སར་བསྐྱེད་དེ་འབྲས་སྤུངས་དགོན་པར་ཕྱིན་ཏེ་ངོ་སྤྱོར་ཡི་གེ་དེ་དག་འབྲས་སྤུངས་སྤྱི་བདེ་མངགས་གཏོང་ཁང་ལ་ཕུལ་བ་བཞིན།   ཉེན་རྟོག་པས་དྲི་རྩད་བྱས་པ་དང་སྦྲགས་ཡིག་ཆ་དེ་དག་ཡར་ལེན་པ་ཙམ་ལན་ག་དུས་ཡོང་མིན་སྒུག་ནས་འདུག་དགོས་ཡོད།    ཕལ་ཆེ་ཟླ་གཅིག་ཙམ་རྗེས་ལ་མངགས་གཏོང་ཁང་དུ་བོས་པ་ལྟར་ཕྱིན་པས།  འབྲས་སྤུངས་དགོན་པར་གནས་སྐབས་རིང་དཔེ་ཆ་སློབ་གཉེར་བྱས་ཏེ་གནས་སྡོད་ཆོག་པའི་ལག་འཁྱེར་སྔོན་པོ་ཞིག་སྤྲད་བྱུང་། ལག་འཁྱེར་དེར་རྒྱ་སྒོར་བཅུ་རེ་སྤྲད་དགོས་ཀྱི་འདུག ལག་འཁྱེར་དེ་བཞིན་དགོན་པར་བཞག་སྡོད་བྱས་ཏེ་དཔེ་ཆ་སློབ་གཉེར་བྱེད་ཆོག་པ་ལས་དགོན་པའི་སྒྲིག་ཁོངས་ཀྱི་ཐོབ་ཐང་གང་ཡང་མེད་པ་དང་། ཐ་ན་ཚོགས་ལ་འགྲོ་བའི་ཐོབ་ཐང་ཡང་མེད། གནས་སྐབས་རིང་དགོན་པར་གནས་སྡོད་ཆོག་པའི་ལས་འཁྱེར་དུས་ཡུན་རིང་ཤོས་ལོ་༥ནས་ཉུང་ཤོས་ལོ་གཅིག་ཙམ་བར་རེད།    དགོན་པའི་སྒྲིག་ཁོངས་སུ་ཡོད་པའི་དགེ་འདུན་པ་ཚོར་ལག་འཁྱེར་དམར་པོ་ཞིག་ཡོད། དེ་ནི་རྒྱ་གཞུང་གིས་སྤྲད་པའི་གྲྭ་བཙུན་ལག་འཁྱེར་ཟེར་བའི་དགོན་པའི་སྒྲིག་ཁོངས་སུ་འཚུད་པའི་གྲྭ་བ་རྣམས་ལ་མ་གཏོགས་མེད།  ལག་འཁྱེར་དེ་ཡོད་པའི་གྲྭ་བཙུན་རྣམས་རྒྱུན་ལྡན་གྱི་ཆོས་ལུགས་བྱེད་སྒོ་དང་། ཚོགས་ཆོས་སོགས་ལ་འགྲོ་བསྐྱོད་ཀྱིས་ཐོབ་ཐང་ཡོད།   གནས་སྐབས་གནས་སྡོད་ཆོག་པའི་ལག་འཁྱེར་འདི་ཐོབ་ཀྱང་དགོན་པའི་སྤྱི་བདེ་ཉེན་རྟོག་པས་དུས་ངེས་མེད་ཞིབ་བཤེར་བྱེད་སྐབས་ལག་འཁྱེར་སྟོན་རྒྱུ་མེད་ན་དགོན་པར་ལག་འཁྱེར་མེད་པའི་དགེ་འདུན་པ་༡༠༠  ལྷག་ཙམ་ཡོད་པ་རེད། གདན་ས་ཆེན་པོ་འབྲས་སྤུངས་དང་། སེ་རྭ། དགའ་ལྡན་བཅས་ནི་གནས་སྔ་མོའི་དུས་ནས་བོད་ཀྱི་ནང་ཆོས་སློབ་གཉེར་བྱེད་ཡུལ་བསྟི་གནས་ཆེ་ཤོས་ཤིག་ཡིན་པ་དང་།     བོད་ཀྱི་ཆོལ་ཁ་གསུམ་ཁྱོན་ནས་དགེ་འདུག་པ་མང་པོ་ཞིག་ནང་ཆོས་སློབ་གཉེར་ལ་ཡོང་བཞིན་ཡོད།   འོན་ཀྱང་།    ད་ལྟའི་ཆར་རྒྱ་གཞུང་གི་དམ་དྲག་བཀག་སྡོམ་བྱས་ཏེ་དགོན་པར་གྲྭ་ཚད་བཟོས་པ་དང་།  གྲྭ་བ་གསར་ཞུགས་བྱེད་པར་ཚད་བཀག་ཆ་རྐྱེན་མང་པོ་ཞིག་གཏན་འབེབས་འོག་ནང་ཆོས་སློབ་གཉེར་བྱེད་མི་རྣམས་དཀའ་ངལ་ཆེན་པོའི་ནང་ལྷུང་ཡོད་པ་དང་། ལྷག་དོན་བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁུལ་ལས་གཞན་པའི་བོད་མི་རྣམས་གདན་ས་ཁག་ལ་འཛུལ་ཞུགས་བྱེད་རྒྱུར་བཀག་སྡོམ་བྱས་པ་དེས་ནང་ཆོས་སློབ་གཉེར་བྱེད་མཁན་གྱི་དགེ་འདུན་པ་མང་པོ་ཞིག་གནས་སྐབས་སྡོད་ཆོག་པའི་ལག་འཁྱེར་ལ་བརྟེན་ནས་དགོན་པར་སློབ་གཉེར་བྱེད་པའི་སྐབས་སྤྱི་བདེ་ཉེན་རྟོག་པས་ཞིབ་བཤེར་དམ་དྲག་དོ་དམ་སོགས་ཀྱི་འཇིགས་སྣང་འོག་ཞི་བདེ་བག་ཕེབས་ཀྱི་ནང་ཆོས་སློབ་གཉེར་བྱེད་པའི་གོ་སྐབས་སམ་དུས་ཚོད་ཅིག་མེད་པ་རེད། དགོན་པའི་ནང་ཟླ་རེར་ཆབ་སྲིད་སློབ་སྦྱོང་ཐེངས་གཉིེས་རེ་བྱེད་དུ་བཅུག་པ་དང། དགོན་པའི་ལས་དོན་མཐའ་དག་ལ་རྒྱ་གཞུང་གིས་ཐེ་བྱུས་བྱེད་བཞིན་ཡོད། ཕྱི་ལོ་༢༠༠༢ལོའི་ཟླ་༧ནང་ང་ཚོའི་དགོན་པའི་འགྲུལ་སྐྱེལ་རླངས་འཁོར་རྙིང་བ་ཞིག་ལྷ་ས་ཁུལ་གྱི་བོད་མི་ཞིག་ལ་བཙོང་བས་དུས་མི་རིང་བར་རླངས་འཁོར་དེར་འགྲིམ་འགྲུལ་ལས་འཛོལ་བྱུང་སྟེ།   འགྲིམ་འགྲུལ་ཉེན་རྟོག་པས་ཞིབ་བཤེར་བྱེད་སྐབས་རླངས་འཁོར་ནང་༧གོང་ས་མཆོག་གི་སྐུ་པར་སྒྲིག་བཤོམ་བྱས་ཡོད་པ་ཤེས་རྟོགས་བྱུང་སྟེ་དོ་བདག་ལ་དྲི་རྩད་བྱེད་སྐབས་རླངས་འཁོར་དེ་བཞིན་དགོན་པ་ནས་ཉོས་ཚུལ་དང་། སྐུ་པར་དང་ཐོག་ནས་ཡོད་ཚུལ་བརྗོད་པས་ཉེན་རྟོག་པས་དགོན་པའི་འགྲུལ་སྐྱེལ་རླངས་འཁོར་གཏོང་མཁན་ལ་དྲི་རྩད་བྱས་ཏེ་མཁའ་ལོ་བ་གྲྭ་ཉི་མ་ཚེ་རིང་དང་།  ཚེ་རིང་དབང་འདུད། བག་གྲོ། མགོན་པ་བཅས་ལ་དྭོགས་གཞི་བྱས་ཏེ་དྲི་རྩད་བྱས་པ་དང།   ཁོང་ཚོའི་སྡོད་ཤག་བསྔོག་བཤེར་བྱེད་སྐབས་བོད་རང་བཙན་གྱི་གླུ་གཞས་སྒྲ་ཕབ་འཁོར་ཐག་ཁ་ཤས་བཙལ་བརྙེད་བྱུང་སྟེ་ཁོོང་རྣམས་སྔ་རྗེས་སུ་འཇུ་བཟུང་བྱས་ཏེ་རྒུ་ཚ་བཙོན་ཁང་དུ་བཙོན་འཇུག་བྱས་པ་དང།    གོ་ཐོས་ལ་ཁོང་རྣམས་ཁག་སོ་སོར་མི་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཆད་བཏང་ཡོད་སྐོར་བཤད་ཀྱི་འདུག

Read More »

བོད་ཀྱི་རྒྱལ་དར་བཙུགས་པའི་དོགས་གཞིའི་འོག་གྲྭ་བ་གཉིས་འཛིན་བཟུང་བྱས་པ།

ཕྱི་ལོ་༢༠༠༣ཟླ་༧། སྤྱིའི་འདོན་ཐེངས་༢ ། འདི་ག་ལྟེ་གནས་ཁང་དུ་གནས་ཚུལ་འབྱོར་གསལ་དུ། ཕྱི་ལོ་༢༠༠༢ལོའི་ཟླ་༧ ཙམ་ལ་རྒྱ་གཞུང་གི་ཉེན་རྟོག་པས་ལྷ་སའི་ནུབ་ཕྱོགས་སུ་ཡོད་པའི་འབྲས་སྤུངས་དགོན་ནས་བོད་ཀྱི་རྒྱལ་དར་ཆེད་འཛུགས་བྱས་པའི་དོགས་གཞིའི་དབང་གིས་གྲྭ་བུ་ཕྲུག་དང་།      དེ་མིན་མིང་མ་ཤེས་པའི་གྲྭ་ཆུང་གཉིས་དགོན་པ་ནས་འཛིན་བཟུང་བྱས་ཏེ་ད་ལྟ་རྒུ་ཚ་བཙོན་ཁང་དུ་བཙོན་འཇུག་བྱེད་བཞིན་ཡོད་འདུག   དེ་ཡང་ཕྱི་ལོ་༢༠༠༡ལོའི་ཟླ་༦ཚེས་༣༠ ཉིན་འབྲས་སྤུངས་དགོན་དུ་ཞོ་སྟོན་དུས་ཆེན་དང་སྟབས་བསྟུན་འབྲས་སྤུངས་དགོན་གྱི་རྡོ་ལྷ་རྒྱལ་མཚན་ཟེར་བའི་དགོན་པའི་ནུབ་རིའི་བྲང་ཕོང་ཆེན་པོ་ཞིག་ཡོད་པ་དེའི་སྟེང་བོད་ཀྱི་རྒྱལ་དར་སྒྲེངས་འཛུགས་བྱས་ཡོད་པ་དང་།    རྒྱ་གཞུང་གི་སྤྱི་བདེ་ཉེན་རྟོག་པས་རྒྱལ་དེར་མར་ཕབ་ནས་དགོན་པའི་ནང་གྲྭ་བ་མང་པོ་ཞིག་ལ་དོགས་གཞི་བྱས་ཏེ་ཡུལ་རིང་པོ་ཞིག་རྩད་ཞིབ་བྱས་པ་དང་།  ཁོང་གཉིས་ལ་དྭོགས་གཞི་བྱས་ཏེ་འཛིན་བཟུང་བྱས་ཡོད་འདུག  ཤེས་རྟོགས་བྱུང་བར་གྲྭ་ཕྲུག་རང་ལོ་༢༠སོན་ཞིང་། སྐྱེས་ཡུལ་ལྷ་ས་གྲོང་ཁྱེར་ཆུ་ཤུལ་རྫོང་ར་སྟོད་ནས་ཡིན་པ་དང་།     ཁོང་དང་མཉམ་དུ་འཇུ་བཟུང་བྱས་པའི་གྲྭ་ཆུང་དེའི་སྐོར་ཤེས་རྟོགས་མི་ཐུབ་པར་ལུས་ཡོད།

Read More »

༧གོང་ས་མཆོག་གི་སྐུ་པར་མདུན་དུ་བརྟན་བཞུགས་ཕུལ་རྐྱེན་མི་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཆད་བཏང་བ།

ཕྱི་ལོ་༢༠༠༣ཟླ་བ་༧། འདི་ག་ལྟེ་གནས་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ཀྱི་མདོ་ཁམས་དཀར་མཛེས་ས་ཁུལ་དུ་སེར་སྐྱ་མི་དམངས་རྣམས་ཀྱིས་ཕྱི་ལོ་༢༠༠༡་ལོའི་ལོ་མཛུག་ནས་བཟུང་  ༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་དུ་བརྟན་བཞུགས་བསྟར་འབུལ་གྱི་གཞི་རྒྱ་ཆེ་བའི་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་མཁན་གཙོ་བོའི་འགན་འཁུར་བ་ཁག་ཅིག་འཛིན་བཟུང་བྱས་ཏེ་ཁྲིམས་ཆད་བཏང་བའི་གནས་ཚུལ་ཐོན་ཡོད་འདུག དེ་ཡང་དཀར་མཛེས་རྫོང་ཁོངས་ཀྱི་གྲོང་ཚོ་ ༦༤ དང་བཙུན་དགོན་གཉིས་ནང་བོད་མི་ཚོས་རྒྱ་གཞུང་གི་དམ་དྲག་བཀག་སྡོམ་ལ་མི་ལྟོས་པར་མ་སྐུལ་དང་བླངས་ངང་གཅིག་རྗེས་གཉིས་མཐུད་ཀྱི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་དུ་བསྟན་བཞུགས་བསྟར་འབུལ་གྱི་ཆོས་ལུགས་བྱེད་སྒོ་གཞི་རྒྱ་ཆེན་པོ་ཞིག་སྤེལ་ཏེ་བཙན་འོག་བོད་མི་ཚོས་༧གོང་ས་མཆོག་ལ་ལྷད་མེད་དངས་གཙང་གི་དད་སེམས་མཚོན་པར་བྱས་ཡོད། ཕྱི་ལོ་༢༠༠༢ལོའི་ཟླ་༡༠ནང་རྒྱ་གཞུང་དཀར་མཛེས་རྫོང་གི་ཉེན་རྟོག་པས་བརྟན་བཞུགས་བསྟར་འབུལ་གྱི་ཆོས་ལུགས་ཀྱི་བྱེད་སྒོར་ཆབ་སྲིད་དོགས་གཞི་ཆེན་པོ་བྱས་ཏེ་གོང་གསལ་བརྟན་བཞུགས་བསྟར་འབུལ་བྱེད་སྐབས་གཙོ་འགན་འཁུར་མཁན་རྣམས་ལ་ཞིབ་བཤེར་དྲི་རྩད་བྱས་པ་དང་། རྡོར་རྗེ་ཕུན་ཚོགས་དང་།  གྲོང་ཚོའི་འགོ་འཛིན་བྱམས་པ་བཟང་པོ། རྣམ་རྒྱལ་ཆོས་འཕེལ་བཅས་གསུམ་དང་། ཚེ་རིང་རྡོ་རྗེ། ཚེ་རིང་ཉི་མ་བཅས་འཛིན་བཟུང་བྱས་ཏེ་དཀར་མཛེས་རྫོང་སྤྱི་བདེ་ཅུད་ཀྱི་ལྟ་སྲུང་ཁང་དུ་བཀག་སྐྱིལ་བྱས་ཤིང་།  བསྟན་བཞུགས་འབུལ་སྐབས་གཞས་གཏོང་མཁན་དཀར་མཛེས་དགོན་གྱི་གྲྭ་དར་རྒྱས་ཀྱང་འཇུ་བཟུང་བྱས་པ་རེད། དེ་མིན་བསྟན་ཞུགས་བསྟར་འབུལ་གྱི་གཙོ་འགན་འཁུར་མཁན་ཁ་ཤས་དང་།     བསྟན་བཞུགས་བསྟར་འབུལ་གྱི་ཆོས་ལུགས་བྱེད་སྒོའི་ནང་ཞུགས་མཁན་མང་པོ་ཞིག་ཀྱང་ཉེན་རྟོག་པས་འཇུ་བཟུང་བྱེད་ཉེན་གྱི་ཡུལ་གཞན་དུ་བྲོས་བྱོལ་དུ་ཕྱིན་ཡོད་པ་རེད། ཕྱི་ལོ་༢༠༠༣ལོའི་ཟླ་༤ཙམ་ལ་དཀར་མཛེས་རྫོང་ཁྲིམས་ཁང་གི་རྡོ་རྗེ་ཕུན་ཚོགས་དང་། བྱམས་པ་བཟང་པོ། རྣམ་རྒྱལ་ཆོས་འཕེལ།      ཚེ་རིང་རྡོ་རྗེ།  ཚེ་རིང་ཉི་མ་བཅས་ལ་ཁག་སོ་སོར་མི་ལོ་གསུམ་གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཆད་བཏང་ཡོད་པ་དང།  གྲྭ་དར་རྒྱས་ལྟ་སྲུང་ཁང་དུ་བཅུག་རིང་ཉེས་རྡུང་ཚབས་ཆེ་བཏང་རྐྱེན་གཟུགས་པོ་གཅོང་ཅན་དུ་གྱུར་ཏེ་ནང་མིར་རྩིས་སྤྲོད་ཀྱིས་རྒྱ་སྒོར་༣༠༠༠ ལྷག་ཙམ་གྱི་དངུལ་ཆད་བཏང་ཡོད་པ་རེད། གོང་གསལ་འཇུ་བཟུང་ཁྲིམས་ཆད་བཏང་བའི་རྡོ་རྗེ་ཕུན་ཚོགས་ནི་རང་ལོ་༥༢ ཙམ་སོན་ཞིང་། དཀར་མཛེས་རྫོང་བཤེས་གཉེར་ཚོང་ཚོའི་འགན་འཛིན་ཡིན།  རྣམ་རྒྱལ་ཆོས་འཕེལ། དཀར་མཛེས་རྫོང་བཤེས་གཉེར་གྲོང་ཚོ་ནས་ཡིན་པ་དང་།  རང་ལོ་༣༥ སོན་གྱི་ཡོད། ཚེ་རིང་རྡོ་རྗེ་ནི་འདི་ལོ་རང་ལོ་༤༢ ཞིང་། དཀར་མཛེས་རྫོང་ཆུ་ལེན་ལ་མགོ་གྲོང་ཚོ་བ་ནས་ཡིན་པ་དང་།  ཚེ་རིང་ཉི་མ་ནི་རང་ལོ་༢༦ ཙམ་སོན་ཞིང་། དཀར་མཛེས་རྫོང་ལྷོ་པ་གསེར་ཏོག་གྲོང་ཚོ་ནས་ཡིན་པ་བཅས་གོང་གསལ་བོད་མི་རྣམས་ད་ལྟ་དཀར་མཛེས་རྫོང་ལྟ་སྲུང་ཁང་དུ་བཀག་སྐྱིལ་བྱེད་བཞིན་ཡོད་འདུག

Read More »

མི་དམངས་ཀྱི་བདེ་དོན་ལ་ཞབས་ཞུ་བྱེད་མཁན་ལ་རྒྱབ་སྐྱོར་བྱས་པར་མི་ལོ་༥བཙོན་འཇུག་ཁྲིམས་ཆད།

ཕྱི་ལོ་༢༠༠༣་ཟླ་༦། སྤྱིའི་འདོན་ཐེངས་དང་བོ།  ཚེ་རིང་དོན་གྲུབ་ལགས་ནི་འདི་ལོ་དགུང་ལོ་༧༤དང། ཟི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཉག་ཆུ་རྫོང་ཨོ་ཐོག་གྲོང་ཚོ་ནས་ཡིན་པ་དང་། གྲོང་ཚོའི་འགོ་འཛིན་ཞིག་ཀྱང་ཡིན་པ་རེད།   ཁོང་རང་སློབ་སྦྱོང་གོ་སྐབས་དེ་ཙམ་ཐོབ་མེད་ཀྱང་བོད་ཡིག་འབྲི་ཀློག་ཡག་པོ་ཤེས་པ་དང་། རྒྱ་སྐད་ཀྱང་ཡག་པོ་ཤེས་ཀྱི་ཡོད། ཁོང་རང་ཆུང་དུས་སྐབས་ནས་ངལ་རྩོལ་ནང་ཞུགས་པ་དང་རིམ་གྱི་གྲོང་ཚོའི་འགོ་འཛིན་བྱས་པ་རེད། ཁོང་གྲོང་ཚོའི་འགོ་འཛིན་བྱེད་སྐབས་ཡུལ་མིར་ཕན་ཐོག་ཡོད་པའི་ལས་ཀ་ཤུགས་ཆེ་བྱེད་པ་དང་། ལྷག་དོན་དུ་ཡུལ་གྱི་ཁོར་ཡུག་སྲུང་སྐྱོབ་བཅས་ལ་གཟེངས་སུ་ཐོན་པའི་ལས་ཀ་འབོར་ཆེན་བྱས་ཤིང་། ཁོང་རང་གྲོང་ཚོའི་འགོ་འཛིན་ཞིག་ཡིན་ཡང་ག་དུས་ཡིན་ཡང་ཡུལ་མི་རྣམས་དཀའ་ངལ་སེལ་ཐབས་དང་། ཡུལ་མིར་འཕྲལ་ཕུགས་ཀྱི་ཕན་ནུས་ཡོད་པའི་ལས་དོན་ཁག་བློ་ཁོག་ཆེན་པོ་བྱེད་པ་དང་། ཁྱིམ་ཚང་ནང་ཁ་རྩོད་ཕྲན་བུ་ཤོར་ཡང་ཁོང་གི་གོ་བསྐོན་སློབ་གསོ་བྱེད་ཀྱ་ཡོད་པ་མ་ཟད།     ལས་དོན་གང་སྤྱིར་ཁོང་རང་དྲང་པོ་དྲང་ཤག་གནས་བས་ཡུལ་མི་ཚོའི་ཁྲོད་དུ་གདེང་འཇོག་ཆེན་པོ་ཡོད་པ་རེད།  རྒྱ་གཞུང་གིས་སྤྲུལ་སྐུལ་བསྟན་འཛིན་བདེ་ལེགས་རིན་པོ་ཆེར་ཉེས་མེད་ཉེས་འདོགས་བྱེད་སྐབས་ཡུལ་མི་མང་པོ་ཞིག་གིས་སྤྲུལ་སྐུར་ཉེས་མེད་ཡིན་པའི་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་སྤེལ་སྐབས་ཁོང་རང་ཉིད་རྒྱ་གཞུང་གི་ལས་བྱེད་པ་ཞིག་ཡིན་ཡང་བློ་ཁོག་ཆེན་པོས་འཛུལ་ཞུགས་གནང་བ་དང་།    ཁོང་རང་གཙོས་མི་སྣ་ཁག་ཅིག་གིས་མང་ཚོགས་ལ་ཞུ་སྙན་དེ་དག་རྫོང་དང་། ས་ཁུལ། ཞིང་ཆེན། པེ་ཅིང་བཅས་ཀྱི་རིམ་པ་མི་འདྲ་བའི་རྒྱ་གཞུང་ལ་འཕུལ་བར་བསྐྱོད་པ་དང་། བློ་བརྟན་གྱུར་མེད་ཀྱིས་མི་དམངས་ཀྱི་བདེ་དོན་ལ་ཞབས་ཞུ་གནང་མཁན་དང། ཡུལ་མི་ཚོར་མགོན་སྐྱབས་ལམ་སྟོན་གནང་མཁན་གྱི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེར་དད་གུས་ཆེན་པོ་ཞུ་བ་དང་།  ས་གནས་དཔོན་རིགས་ཀྱི་ནོར་འཁྲུལ་གྱི་བྱ་ཐབས་ལ་སྐྱོན་བརྗོད་ཤུགས་ཆེ་བྱས་རྐྱེན་དཔོན་རིགས་ཚོ་མི་དགའ་བར་གྱུར་བ་དང། རིམ་གྱི་དོ་དམ་ལྟ་ཞིབ་བྱེད་ཡུལ་ཞིག་ཏུ་གྱུར། ཕྱི་ལོ་༢༠༠༢ལོ་ཟླ་༤ཚེས་༧ཉིན་བར་རྫས་ཉེས་མེད་འགོ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དང་སྐུ་འཁོར་ཁ་ཤས་རྒྱ་གཞུང་གི་ཉེན་རྟོག་པས་འཇུ་བཟུང་བྱས་རྗེས་ཉེན་རྟོག་པས་དེ་སྔོན་སྤྲུལ་སྐུ་འབྲེལ་བ་ཆེ་བ་དང་། སྤྲུལ་སྐུའི་དམངས་ཕན་མཛད་རྗེས་དགའ་གུས་དང་། རྒྱབ་སྐྱོར་ཞུ་མཁན་གྱི་བོད་མི་མང་པོ་ཞིག་ལ་དྲི་རྩད་དང་འཇུ་བཟུང་བྱེད་འགོ་འཚུགས་པ་རེད།   ལོ་དེའི་ཕྱི་ཟླ་༦ནང་ཉག་ཆུ་ཁ་རྫོང་གི་ཉེན་རྟོག་པ་བཅུ་གྲངས་ཤིག་ཨོ་ཐོག་གྲོང་ཚོར་ཡོང་ནས་ཚེ་རིང་དོན་གྲུབ་རང་ཁྱིམ་ནས་འཇུ་བཟུག་བྱས་ཏེ་ཉག་ཆུ་ཁ་རྫོང་ལ་བཙན་འཁྲིད་བྱས་པ་དང་། ཁོང་འཇུ་བཟུང་བྱས་ཏེ་ཉིན་དྲུག་འགྲོ་སྐབས་ཉག་ཆུ་རྫོང་གི་མཐོ་རིམ་དཔོན་རིགས་ཁག་ཅིག་ཨོ་ཐོག་གྲོང་ཚོར་ཡོང་སྟེ་མང་ཚོགས་འདུ་བསྐོངས་བྱས་ཏེ་ཚོགས་འདུ་འཚོགས་ཏེ་ཚོགས་འདུའི་ཐོག་རྫོང་གི་ལས་བྱེད་པས་ཚེ་རིང་དོན་གྲུབ་ཀྱི་ཁ་བྲལ་གྱི་བྱེད་སྒོ་སྤེལ་བ་དང་། མི་དམངས་བསླུ་འཁྲིད་བྱས་པ་སོགས་ཉེས་མིང་ཁྱབ་བསྒྲགས་བྱས་པ་དང་སྦྲགས་ཁོང་དམར་ཤོག་ཚོགས་མི་ནས་ཕྱིར་འབུད་བྱས་པ་དང་།   སྲིད་གཞུང་གི་ལས་གནས་ཀྱང་མེད་བཟོས་རྒྱུའི་རྫོང་གི་གཏན་འབེབས་སྒྲོག་སྦྱང་བྱས་པ་རེད།    ཉག་ཆུ་རྫོང་སྤྱི་བདེ་ཅུད་ཀྱི་ལྟ་སྲུང་ཁང་དུ་དྲི་རྩད་བྱེད་སྐབས་ལུས་ཐོག་ཉེས་རྡུང་བཏང་བ་དང་། ལོ་ན་མཐོ་ཡང་ས་ཐོག་གདན་མེད་པར་སྡོད་བཅུག་པས་རྐང་བ་གཡོན་མ་རིམ་གྱི་འགུལ་མེད་དུ་གྱུར་བ་དང་། མིག་ལ་ཡང་སྐྱོན་ཆ་བྱུང་བ་རེད།  དེ་རྗེས་ཉག་ཆུ་རྫོང་ཁྲིམས་ཁང་གི་དྲང་བདེན་དང་མངོན་གསལ་གྱི་ཁྲིམས་བཤེར་གང་ཡང་མ་བྱས་པར་ཁོང་ལ་མི་ལོ་༥ བཙོན་འཇུག་དུས་ཚོད་ཁྲིམས་ཆད་བཏང་བ་དང་།  དེ་རྗེས་རྭ་མངའ་ཁ་བཙོན་ཁང་དུ་སྐྱེས་སྐབས་རྭ་མངའ་ཁ་བཙོན་ཁང་གི་བཙོན་སྲུང་བས་ཁོང་གི་གཟུགས་པོའི་གནས་སྟངས་ཧ་ཅང་ཞན་པས་རྩིས་ལེན་མ་བྱས་སྟབས་སླར་ཡང་ཉག་ཆུ་ཁ་ལྟ་སྲུང་ཁང་དུ་ཕྱིར་འཁྲིད་བྱས་པ་དང། སླར་ཡང་རྭ་མངའ་ཁ་བཙོན་ཁང་དུ་སྐྱེལ་སྐབས་བཙོན་སྲུང་བས་དང་ཐོག་འདྲ་བར་རྩིས་མེད་མ་བྱས་ཀྱང་མཐར་རྩིས་ལེན་བྱེད་དུ་བཅུག་ཏེ་བཙོན་ཁང་དེར་བཙོན་འཇུག་བྱས་པ་རེད།  ཁོང་གི་གཟུགས་པོའི་གནས་སྟངས་ཧ་ཅང་སྐྱོ་བོ་ཡོད་པ་དང། རྐང་བ་གཡོན་མར་འགུལ་མེད་སྐྱོན་ཅན་ཆགས་ཡོད་པ་དང་། མིག་ཡ་གཅིག་སྐྱོན་ཆ་བྱུང་སྟེ་ཁོང་གི་གནས་སྟངས་ཧ་ཅང་ཛ་དྲག་ཅན་ཞིག་ཆགས་ཡོད།   ནད་གཅོང་ཅན་དེ་འདྲ་ཆགས་ཡང་མུ་མཐུད་དེ་སྡུག་སྦྱོང་མནར་གཅོད་གཏོང་བཞིན་ཡོད་པ་དེའི་ཐོག་ནས་རྒྱའི་བཙོན་འོག་གི་བོད་མིའི་ཡ་ང་བའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཛ་དྲག་ཅན་དེ་མཚོན་ཡོད།

Read More »