Sunday , September 22 2019
Home / གསར་འགྱུར། (page 28)

གསར་འགྱུར།

བོད་མི་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད་དེ་ལོ་ལྔ་ལྷག་ཕྱིན་འདུག

བོད་མདོ་སྨད་ཀན་ལྷོ་ཁུལ་བསང་ཆུ་རྫོང་ཁོངས་སུ། རྒྱ་གཞུང་གིས་བོད་མི་རིག་འཛིན་ཚེ་རིང་ལ་ལོ་ ༡༢ དང་། སྙིང་ལྕགས་རྒྱལ་དང་བཀྲ་ཤིས་ཚེ་རིང་གཉིས་ལ་ལོ་ ༥ དང་ ༧ བཅས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ནས་ལོ་ལྔ་ལྷག་ཕྱིན་ཡོད་ཀྱང་། བོད་ནང་དམ་དྲག་བཀག་སྡོམ་གྱི་རྐྱེན་པས་ད་ལྟའི་བར་གནས་ཚུལ་དེ་དག ཡོངས་བསྒྲགས་ཐོག་ཤེས་རྟོགས་བྱུང་ཐུབ་མེད་པ་རེད། འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། བོད་མདོ་སྨད་ཀན་ལྷོ་ཁུལ་བསང་ཆུ་རྫོང་ཐང་དཀར་ནང་ཡུལ་ཚོ་རོང་ངར་རུ་ཆེན་རོང་ཚ་སྡེ་བའི་རིག་འཛིན་ཚེ་རིང་ལགས་ནི། ཕྱི་ལོ་ ༢༠༠༨ ལོའི་ཧོར་ཟླ་ལྔ་བ་སྟེ་ཕྱི་ཟླ་ ༦ བའི་ནང་རྒྱ་གཞུང་ཉེན་རྟོག་པས་འཇུ་བཟུང་གིས་བསང་ཆུ་རྫོང་དུ་བཙན་འཁྲིད་ཐོག གར་ཡོད་གནས་ཚུལ་གང་ཡང་ཤེས་རྟོགས་མ་ཐུབ་པར་ལོ་གཅིག་ཙམ་ཕྱིན་རྗེས། ཕྱི་ལོ་ ༢༠༠༩ ལོའི་ཧོར་ཟླ་ ༤ ཚེས་ ༢༤ ཉིན་ཀན་ལྷོ་གཙོས་གྲོང་ཁྱེར་དུ། ལོ་ ༡༢ ཀྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་མ་ཟད། ཁྲིམས་ཐག་བཅད་པའི་ཉིན་གཅིག་གི་རྗེས་སུ་ཀན་སུའུ་ཞིང་ཆེན་ཐན་ཧྲའེ་གྲོང་ཁྱེར་གྱི་བཙོན་ཁང་ཞིག་ཏུ་བཙོན་འཇུག་བྱས་ཡོད་འདུག དེ་བཞིན། སྐབས་དེར་ཁོང་དང་མཉམ་དུ་རང་ལོ་ ༤༤ ཡིན་པའི་སྙིང་ལྕགས་རྒྱལ་དང་། རང་ལོ་ ༣༤ ཡིན་པའི་བཀྲ་ཤིས་ཚེ་རིང་གཉིས་ཀྱང་འཇུ་བཟུང་ཐོག གཅིག་ལ་ལོ་ ༧ དང་གཅིག་ལ་ལོ་ ༥ བཅས་ཀྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག

Read More »

ཉེ་ཆར་རྒྱ་གཞུང་གིས་སོག་རྫོང་དུ་སྔ་ཕྱིར་བོད་མི་ཁག་ཅིག་འཇུ་བཟུང་བཙན་འཁྲིད་བྱས་འདུག

སྔར་ལོར་རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་ཁོངས་གཏོགས་ནག་ཆུ་ས་ཁུལ་དུ་དམར་ཤོག་ལམ་ཕྱོགས་སློབ་གསོ་ཞེས་པའི་དམ་དྲག་སྲིད་ཇུས་སྤེལ་ཏེ། དགོན་པ་གྲྭ་ཚང་དང་བོད་མིའི་མི་ཚང་རེའི་ཁང་ཐོག་ཏུ་རྒྱ་གཞུང་གི་དར་དམར་འཛུགས་དགོས་པའི་བཙན་གནོན་བྱས་པར་བརྟེན་ནས། འབྲི་རུ་རྫོང་དང་སོག་རྫོང་གཙོས་པའི་རྫོང་ཁག་དག་ནང་རྒྱ་གཞུང་གི་སྲིད་ཇུས་དེར་ཞི་བའི་ངོ་རྒོལ་བྱེད་མཁན་སེར་སྐྱ་མང་ཚོགས་མང་པོ་འཇུ་བཟུང་བཙན་འཁྲིད་བྱེད་དང་བྱེད་མུས་ཡོད་པ་ལྟར། ཉེ་ཆར་ཡང་སོག་རྫོང་གི་ཁོངས་སུ་བོད་མི་སེར་སྐྱ་སྐོར་ཅིག་སྔ་ཕྱིར་འཇུ་བཟུང་བཙན་འཁྲིད་བྱས་ཡོད་འདུག འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ཟླ་ ༣ ཚེས་ ༦ ཉིན་ཁམས་སོག་རྫོང་། ཁྲི་རྡོ་ཡུལ་ཚོའི་དྲིལ་མདའ་དགོན་པའི་གྲྭ་སྐལ་བཟང་ཚུལ་ཁྲིམས་དང་། ཐུབ་བསྟན་དཔལ་ལྡན། རྡོ་བ་གྲོང་ཚོའི་ནོར་འབུག་ཚང་གི་བུ་ནོར་བུ་དོན་གྲུབ། རྟ་མགྲིན་ཚང་གི་བུ་སྨོན་ལམ་རྒྱ་མཚོ། དགེ་ལི་ཚང་གི་བུ་ཚེ་རིང་ཐར་པ་བཅས་རྒྱ་གཞུང་གིས་འཛིན་བཟུང་བྱས་འདུག ཁོང་ཚོའི་ཁྲོད་ནས་དྲིལ་མདའ་དགོན་པའི་གྲྭ་སྐལ་བཟང་ཚུལ་ཁྲིམས་ལགས་ནི། ༢༠༡༢ ལོའི་ཕྱི་ཟླ་ ༥ ནང་། རྒྱ་ནག་གཞུང་གིས་འཛིན་བཟུང་གིས་ལོ་གཅིག་གི་དུས་བཀག་ཁྲིམས་ཐག་བཅད་དེ། ལྷ་སའི་སྟོད་ལུང་བཙོན་ཁང་དུ་ལོ་གཅིག་རིང་བཙོན་འཇུག་བྱས་རྗེས་གློད་གྲོལ་ཐོབ་ཡོད་ཀྱང། ད་ལྟ་བསྐྱར་དུ་འཛིན་བཟུང་བྱས་ཡོད་པ་རེད། ཁོང་རྣམས་འཛིན་བཟུང་བྱེད་དགོས་དོན་ནི་ལག་ཁྱེར་ཁ་པར་བརྒྱུད་བོད་དོན་དང་འབྲེལ་བ་ཡོད་པའི་པར་རིས་དང་འཕྲིན་ཐུང་གཏོང་རེས་བྱས་པའི་རྐྱེན་གྱིས་ཡིན་པ་དང་། ད་ལྟའི་ཆར་ཁོང་ཚོ་གང་དུ་བཀག་ཉར་བྱས་ཡོད་མེད་ཀྱི་གནས་ཚུལ་ནང་མི་ཚོས་ཀྱང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

Read More »

བོད་མི་དགའ་བ་བཟང་པོ་ལགས་འཇུ་བཟུང་ཐོག་ལོ་གཅིག་ལྷག་རིང་བཀག་ཉར་མནར་གཅོད་བཏང་འདུག

བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་སོག་རྫོང་གཡག་ལ་ཡུལ་ཚོའི་གཡིག་གུ་གྲོང་ནས་ཡིན་པ།  དགའ་བ་བཟང་པོ་ལགས་ཕྱི་ལོ་ ༢༠༡༣ ཟླ་ ༡ པོའི་ནང་རྒྱ་གཞུང་གིས་འཇུ་བཟུང་རྗེས་ད་ལྟའི་བར་ལོ་གཅིག་ལྷག་འདས་ཟིན་ཡོད་ཀྱང་། ད་དུང་ཁྲིམས་ཐག་སོགས་གང་མ་བཅད་པར་མུ་མཐུད་བཀག་ཉར་ཁང་དུ་སྡུག་སྦྱོང་མནར་གཅོད་གཏོང་བཞིན་ཡོད་འདུག   འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༣ ཟླ་ ༡ པོའི་ནང་རྒྱ་གཞུང་གིས་འཇུ་བཟུང་བྱས་པའི་བོད་མི་དགའ་བ་བཟང་པོ་ལགས་ད་ལྟའི་བར་དུ་ཁྲིམས་ཐག་སོགས་གང་ཡང་མ་བཅད་པར།  ནག་ཆུ་ས་ཁུལ་སོག་རྫོང་གི་བཀག་ཉར་ཁང་དུ་མུ་མཐུད་སྡུག་སྦྱོང་མནར་གཅོད་འོག་གནས་ཡོད་པ་དང་། ད་ལྟའི་ཆར་ཁོང་གི་གཟུགས་པོའི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་ཡོད་འདུག  

Read More »

བོད་མདོ་སྨད་རྔ་བ་རྫོང་དུ་གྲྭ་བློ་བཟང་དཔལ་ལྡན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་འདུག

ཟླ་འདིའི་ཕྱི་ཚེས་ ༡༦ སྟེ་ཕྱི་ལོ་ ༢༠༠༨ ལོར་རྒྱ་གཞུང་གིས་བོད་མདོ་སྨད་རྔ་བ་རྫོང་དམར་གསོད་དྲག་གནོན་བྱས་ཏེ་ལོ་ ༦ འཁོར་བའི་དུས་དྲན་གྱི་ཉིན་མོར། རྔ་བ་ཀིརྟི་དགོན་པའི་རང་ལོ་ ༢༣ ཉིན་པའི་གྲྭ་བློ་བཟང་དཔལ་ལྡན་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་ཞི་བའི་ངོ་རྒོལ་གནང་ཡོད་པ་རེད། ཁོང་ནི་བོད་ནང་རང་ལུས་མེར་བསྲེགས་མཁན་ ༡༢༨ པ་དེ་ཆགས་ཡོད་པ་རེད། འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་༢༠༡༤ ཟླ་༣ ཚེས་༡༦ ཉིན་གྱི་བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༡༡་༤༠ ཙམ་ལ་བོད་མདོ་སྨད་རྔ་པ་ཀིརྟི་དགོན་གྱི་གྲྭ་བློ་བཟང་དཔལ་ལྡན། རང་ལོ་༢༣ ཡིན་པ་ཁོང་གིས་རྒྱ་ནག་གཞུང་གིས་བོད་ཐོག་བཟུང་བའི་དྲག་གནོན་དབང་སྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་གྱིས། བོད་མདོ་སྨད་རྔ་བ་རྫོང་གི་དཔའ་བོའི་སྲང་ལམ་དུ་ལུས་ལ་ས་སྣུམ་བྱུགས་ནས་མེར་བསྒྲོན་ཏེ། མེ་ལྕེ་དམར་པོའི་ཁྲོད་སྐད་འབོད་གནང་བཞིན་༼འབོད་ཚིག་གི་ནང་དོན་ཤེས་རྟོགས་མ་བྱུང་།༽གོམ་པ་འགར་ཕེབས་ཡོད་ཀྱང་། དེ་མ་ཐག་རྒྱ་གཞུང་གིས་དུས་རྒྱུན་རྔ་པ་རྫོང་མཁར་དུ་འགྲེམས་འཇོག་བྱས་ཡོད་པའི་དམིགས་བསལ་ཉེན་རྟོག་པ་སོགས་འབོར་ཆེན་སླེབས་ནས། ལུས་སྟེང་གི་མེ་བསད་རྗེས་རླངས་འཁོར་ཆུང་བ་སྒམ་ཤིང་ཅན་ཞིག་གི་ནང་བཙན་ཁྲིད་ཀྱིས་འབར་ཁམས་ལ་ཁྱེར་ཡོད་འདུག ཡིན་ནའང་། ཁོང་གི་ཤི་གསོན་གནས་སྟངས་སོགས་གང་ཡང་ཤེས་རྟོགས་མི་ཐུབ་པར་གྱུར་ཡོད་པ་རེད།

Read More »

མཁན་པོ་ཀརྨ་ཚེ་དབང་ལགས་ཀྱི་ཛ་དྲག་གནས་སྟངས་དང་ཁོང་གློད་བཀྲོལ་དགོས་པའི་འབོད་སྐུལ།

ད་ལྟའི་རྒྱ་གཞུང་གི་བོད་ས་བཅད་བགོས་ཀྱི་ས་ཁོངས་ལྟར་བྱས་ན། མཚོ་སྔོན་ཞིང་ཡུལ་ཤུལ་ཁུལ་ནང་ཆེན་རྫོང་ཇ་པ་དགོན་པའི་མཁན་པོ་ཀརྨ་ཚེ་དབང་ལགས། སྔར་ལོ་རྒྱ་གཞུང་གིས་འཇུ་བཟུང་བཙན་ཁྲིད་རྗེས། ས་གནས་སེར་སྐྱ་མང་ཚོགས་ཀྱིས་མཚན་རྟགས་བསྡུ་རུབ་ཀྱི་འབོད་སྐུལ་དང་ཞི་བའི་གོམས་བགྲོད་སོགས་ཀྱི་ལམ་ནས།  མཁན་པོ་ཁོང་གློད་བཀྲོལ་དགོས་པའི་ཞུ་གཏུགས་རིམ་པར་བྱས་ཀྱང་།  དོན་ཕན་མ་བྱུང་བར་རྒྱ་གཞུང་གིས་ཁོང་མུ་མཐུད་འཇུ་བཟུང་བཀག་ཉར་བྱས་ཡོད་པ་ལྟར།  ད་ལྟའི་ཆར་ཁོང་གི་སྐུ་གཟུགས་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་ཡོད་འདུག   འདི་ག་ལྟེ་གནས་ཁང་ལ་གསར་དུ་མཁན་པོ་ཀརྨ་ཚེ་དབང་ལགས་ཀྱི་གནས་སྟངས་སྐོར་གནས་ཚུལ་འབྱོར་དོན།  ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༧ གྱི་དགོང་མོའི་ཆུ་ཚོད་གཅིག་གི་སྟེང་།  མཁན་པོ་ཀརྨ་ཚེ་དབང་ལགས་ཁྲིན་ཏུའུ་གྲོང་ཁྱེར་གྱི་ཝུ་ཧི་ཚཱི་ས་ཁུལ་གྱི་མགྲོན་ཁང་ཞིག་ནང་སྡོད་སྐབས། ཆབ་མདོ་ཉེན་རྟོག་པས་ཞིང་ཆེན་ས་ཁོངས་བརྒལ་བའི་ཐོག་ནས་ཁོང་འཇུ་བཟུང་བཙན་ཁྲིད་རྗེས།  བདུན་ཕྲག་གཅིག་རིང་ས་གནས་དེར་ཡོད་པའི་ཆབ་མདོ་ཉེན་རྟོག་པའི་གཞུང་ལས་ཁང་ཞིག་ནང་བཀག་སྐྱིལ་དང་། ཕྱི་ཚེས་ ༡༤ ཉིན་ཆབ་མདོ་རུ་བཙན་ཁྲིད་བྱས་ཐོག  ཕྱི་ཚེས་ ༢༥ བར་ཁྲིམས་འགལ་ཐོག་ས་གནས་རྒྱལ་ཁབ་བདེ་འཇགས་ཀྱི་ལས་ཁུངས་ཤིག་ནང་གསང་བའི་ཐོག་བཀག་ཉར་གྱིས་གཅར་རྡུང་མནར་གཅོད་བྱས་ཡོད་འདུག   ད་ལྟའི་ཆར་ཁོང་ཆབ་མདོ་ཉེན་རྟོག་ལྟ་སྲུང་ཁང་དུ་མུ་མཐུད་བཀག་བསྐྱིལ་བྱས་ཡོད་པ་དང་། མཁན་པོ་ཁོང་ལ་གློ་བ་དང་མཆིན་པའི་ན་ཚ་ཡོད་སྟབས། ཉེ་བའི་ལོ་འགའི་སྔོན་ནས་བཟུང་སྨན་པའི་ལམ་སྟོན་ལྟར་ལོ་ཕྱེད་རེའི་མཚམས་སུ། ཁྲིན་ཏུའུ་སྨན་ཁང་དུ་ཕྱིན་ནས་ལུས་པོར་བརྟག་དཔྱད་ཀྱིས་སྨན་བཅོས་བྱེད་བཞིན་ཡོད་ཀྱང་། ཁོང་འཇུ་བཟུང་རྗེས་ད་ལྟའི་བར་སྨན་བཅོས་གང་ཡང་བྱེད་མ་བཅུག་པར། གྲང་འཁྱག་ཆེ་ལ་ཉི་འོད་མེད་པའི་བཀག་བསྐྱིལ་ཁང་ཞིག་ནང་མནར་གཅོད་བཏང་བར་བརྟེན་ནས། ད་ལྟའི་ཆར་ཁོང་གི་གཟུགས་པོའི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་ཏེ། སྒལ་གཞུང་ལ་ཟུག་གཟེར་རྒྱུགས་པ་དང་ལུད་པའི་ནང་ཁྲག་ཐོན་བཞིན་ཡོད་འདུག    

Read More »

ད་ལོ་བོད་མི་གཉིས་ཀྱིས་སྔ་ཕྱིར་མེར་བསྲེགས་དང་སྔར་ལོ་མཛོད་དགེ་རུ་དམ་དྲག་བརྡ་ཁྱབ་འགྲེམས་སྤེལ།

ཟླ་འདིའི་ཕྱི་ཚེས་ ༡༣ ཉིན། རྔ་བ་རྫོང་དུ་རང་ལོ་ ཡིན་པའི་བོད་མི་བློ་བཟང་རྡོ་རྗེ་ལགས་ཀྱིས་རང་ལུས་མེར་བསྲེགས་དང་། ཕྱི་ཚེས་ ༥ ཉིན་རྩེ་ཁོག་རྫོང་དུ་རང་ལོ་ ཡིན་པའི་བོད་མི་འཕགས་མོ་བསམ་འགྲུབ་ལགས་ཀྱིས་རང་ལུས་མེར་བསྲེགས་བཅས་གནང་སྟེ། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་སྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་ལ་ངོ་རྒོལ་བྱས་ཡོད་པ་རེད། གཞན་ཡང་། སྔར་ལོའི་ཕྱི་ཟླ་ ༤ ནང་མཛོད་དགེ་རྫོང་གིས་༼རང་སྲེག་རྒོལ་བའི་ལས་དོན་གྱི་གནས་སྐབས་ཆོད་དོན་ཐད་ཀྱི་བརྡ་ཁྱབ༽ཞེས་པ་ཞིག་བཀྲམས་ཏེ། རང་ལུས་མེར་སྲེག་བྱུང་ཡུལ་ས་གནས་དགོན་གྲོང་གཉིས་ཀྱི་བོད་རིགས་སེར་སྐྱ་མང་ཚོགས་ཀྱི་འཚོ་གནས་ཁེ་དབང་ཡོད་ཚད་བཙན་འཕྲོག་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་༢༠༡༤ ཟླ་ ༢ ཚེས་༡༣ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་དྲུག་དང་ཕྱེད་ཀ་ཙམ་ལ། རྔ་བ་རང་སྐྱོང་ཁུལ་རྔ་བ་རྫོང་གཅའ་རུ་བ་ཡུལ་ཚོའི་ཕྱུགས་ལས་གོང་མའི་རང་ལོ་ ༢༥ ཡིན་པའི་མི་སྐྱ་བློ་བཟང་རྡོ་རྗེ་ལགས་ཀྱིས། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་སྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་ལ་ངོ་རྒོལ་སྐད་འབོད་གནང་བཞིན། རྔ་པ་རྫོང་མཁར་དུ་རང་ལུས་མེར་སྲེག་གནང་ཡོད་འདུག

Read More »

རྡོ་བ་གཤར་ཚ་དགོན་པའི་གྲྭ་བ་བཞི་འཇུ་བཟུང་བཙན་འཁྲིད།

ཉེ་ཆར་རྒྱ་གཞུང་ཉེན་རྟོག་པས་རྡོ་བ་གཤར་ཚ་དགོན་པའི་གྲྭ་པ་བཞི་འཇུ་བཟུང་གིས་ནག་ཆུ་རྫོང་དུ་བཙན་འཁྲིད་བྱས་རྗེས། ད་ལྟའི་ཆར་གནས་ཚུལ་གང་ཡང་ཤེས་རྟོགས་མི་ཐུབ་པར་གར་སོང་ཆ་མེད་དུ་གྱུར་འདུག འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༢ ཉིན། རྒྱ་གཞུང་ཉེན་རྟོག་པས་ཁམས་སོག་རྫོང་ཁྲི་རྡོ་ཞང་རྡོ་བ་གཤར་ཚ་དགོན་པའི་གྲྭ་པ་བཞི་འཇུ་བཟུང་ཐོག བོད་རང་བཙན་ཡིན་ཞེས་པའི་ཡིག་ཆ་ ༤༠ ལྷག་འགྲེམས་བསྒྲགས་དང་། རྒྱ་གཞུང་གིས་སྤྲད་པའི་དགོན་པའི་སྒོ་བྱང་མེད་པ་བཟོས་པ། དགོན་པར་བཅའ་སྡོད་རུ་ཁག་གི་སྒོ་དང་སྒེའུ་ཁུང་ལ་རྡོ་གཞུས་པ་སོགས་ཀྱི་ཉེས་མིང་བཙུགས་ཏེ་སོག་རྫོང་དུ་བཙན་འཁྲིད་བྱས་རྗེས། ད་ལྟའི་ཆར་གྲྭ་བ་དེ་དག་ས་གནས་གང་ཞིག་ཏུ་བཀག་ཉར་བྱས་མེད་སོགས་གནས་ཚུལ་ཅི་ཡང་ཤེས་རྟོགས་མི་ཐུབ་པར་གར་སོང་ཆ་མེད་དུ་གྱུར་འདུག

Read More »

འབྲི་རུ་རྫོང་དུ་བོད་མི་གཉིས་ལ་ཁྲིམས་ཐག་ལྕི་མོ་དང་། གཅིག་དམར་གསོད་དང་གཅིག་གར་སོང་ཆ་མེད་ཆགས་འདུག

ཉེ་ཆར་རྒྱ་གཞུང་གིས་གྲྭ་སྐལ་བཟང་ཆོས་གླང་ལགས་ལ་ལོ་ ༡༠ དང་། རྡོ་རྗེ་གྲགས་རྩལ་ལགས་ལ་ལོ་ ༡༡ བཅས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་མ་ཟད།  བོད་མི་གཞོན་སྐྱེས་དཀོན་མཆོག་གྲགས་པ་ལགས་འཇུ་བཟུང་འོག་གཅར་རྡུང་དྲག་པོ་བཏང་སྟེ་དམར་གསོད་བཏང་ཡོད་པ་རེད། དེ་བཞིན། གྲྭ་ཚུལ་ཁྲིམས་སྙན་གྲགས་ལགས་ལོ་སྔོན་མའི་ལོ་མཇུག་ལྷ་ས་ནས་འཛིན་བཙན་འཁྲིད་རྗེས་ད་ལྟའི་བར་གར་སོང་ཆ་མེད་གྱུར་འདུག   འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། རྒྱ་གཞུང་གིས་ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༢༣ ཉིན། བོད་ཀྱི་རྒྱལ་ས་ལྷ་ནས་ལྟར་མོས་དགོན་པའི་རྒན་ངག་དབང་འཇམ་དབྱངས་ལགས་དང་གྲྭ་སྐལ་བཟང་ཆོས་གླང་གཉིས་འཇུ་བཟུང་བྱས་རྗེས།  བཀག་ཉར་སྐབས་འདྲི་གཅོད་གཅར་རྡུང་ཡ་ང་བ་བྱས་ཏེ་རྒན་ངག་དབང་འཇམ་དབྱངས་ལགས་དམར་གསོད་བཏང་ཡོད་པ་ལྟར།  ཕྱི་ལོ་ ༢༠༡༤ ཟླ་ ༡ ནང་གྲྭ་སྐལ་བཟང་ཆོས་གླང་ལགས་ལ་ ༡༠ དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག

Read More »

གསར་འགོད་གསལ་བསྒྲགས།

ནོར་ཝེ་རྒྱལ་ས་ཨོ་སི་ལོར་སྐོང་འཚོགས་བྱེད་བཞིན་པའི་༼འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་སྲུང་སྐྱོབ༽ཞེས་པའི་གློག་བརྙན་དུས་སྟོན་སྐབས་བོད་ཀྱི་གནད་དོན་གླེང་སློང་། ནོར་ཝེ་རྒྱལ་ས་ཨོ་སི་ལོར་༼འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་སྲུང་སྐྱོབ༽ཞེས་པའི་གློག་བརྙན་དུས་སྟོན་ཐོག བོད་ནང་སྨྲ་བརྗོད་རང་དབང་གནས་སྟངས་སྐོར་གྱི་དངོས་བྱུང་གློག་བརྙན་ཞིག་གཟིགས་འབུལ་གནང་སྟེ། བོད་ནང་སྨྲ་བརྗོད་རང་དབང་སྤྲོད་དགོས་པའི་ཐད་རྒྱབ་སྐྱོར་ཡོང་བའི་རྒྱལ་སྤྱི་རང་བཞིན་གྱི་ལས་འགུལ་ཞིག་སྤེལ་བཞིན་ཡོད། རྒྱ་གཞུང་གིས་བོད་ནང་སྨྲ་བརྗོད་རང་དབང་རྡོག་རོལ་གཏོང་བཞིན་པའི་ཐད་ཀྱི་དངོས་བྱུང་གློག་བརྙན་༼བོད་ནང་སྨྲ་བརྗོད་རང་དབང་བཀག་སྡོམ༽ ཞེས་པའི་དེ་ནི། ནོར་ཝེ་བོད་ཀྱི་རླུང་འཕྲིན་གིས་བཟོ་བསྐྲུན་བྱས་པ་ཞིག་ཡིན་ལ། ཐེངས་འདིའི་ཨོ་སི་ལོའི་གློག་བརྙན་དུས་སྟོན་སྟེང་ཐོག་མར་དབུ་འབྱེད་གཟིགས་འབུལ་ཞུ་བཞིན་ཡོད། གློག་བརྙན་དུས་སྟོན་དེ་ནི་ཨོ་སི་ལོར་རྟེན་གཞི་བྱས་པའི་དངོས་བྱུང་གློག་བརྙན་བཟོ་སྐྲུན་ཚོགས་པས་ཡུ་རོབ་ཏུ་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཚོགས་པ་ཁག་དང་མཉམ་རུབ་ཐོག་གོ་སྒྲིག་བྱས་པ་ཞིག་ཡིན་ལ། གློག་བརྙན་དུས་སྟོན་སྐབས་རི་མཐོ་ས་གཙང་དྲ་རྒྱའི་རྩོམ་སྒྲིག་པ་བདེ་ཆེན་སྤེན་པ་དང་། ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་ལས་བྱེད་སྐུ་ཞབས་ཨོ་སི་ཌེན་ཨལ་མའེ་(Oystein Alme) ལགས་གཉིས་ནས་ལས་འགུལ་དང་འབྲེལ་བའི་གཏམ་བཤད་དང་། བོད་ཀྱི་གཞས་པ་གྲགས་ཅན་བློ་བསྟན་རྣམ་གླིང་ལགས་ཀྱིས་གཞས་སྣ་འཁྲབ་སྟོན་བཅས་གནང་རྒྱུ་རེད།

Read More »

རྩོམ་པ་པོ་ཀུན་དགའ་ཚངས་དབྱངས་ལཊ་བཙོན་གྲོལ་བཏང་འདུག

མི་ལོ་ལྔའི་ཁྲིམས་ཐག་བཅད་ཟིན་པའི་པར་རྒྱག་སྒྱུ་རྩལ་པ་དང་དྲ་གནས་རྩོམ་པ་པོ་གངས་ཉིའམ་མགོ་ལོག་ཀུན་དགའ་ཚངས་དབྱངས་ལགས། ༢༠༡༤ ཟླ་༡ ཚེས་༡༢ ཉིན་ལན་གྲུ་གྲོང་ཁྱེར་གྱི་བཙོན་ཁང་ནས་མི་ལོ་ལྔའི་བཙོན་དུས་རྫོགས་ཏེ་ཉིན་དེའི་ཞོགས་པར་བཙོན་བཀྲོལ་བཏང་ཡོད་འདུག དེ་ཡང་རྩོམ་པ་པོ་གངས་ཉིའམ་མགོ་ལོག་ཀུན་དགའ་ཚངས་དབྱངས་ལགས། སྤྱི་ལོ ༢༠༠༩ ལོ་ཟླ་ ༣ ཚེས༡༣ ཉིན་ཀན་ལྷོ་ཁུལ་གྱི་བདེ་འཇག་མི་སྣས་གློ་བུར་དུ་མཚན་མོའི་ཆུ་ཚོད་༡༢ སྟེང་འཇུ་བཟུང་བཙན་ཁྲིད་བྱས་ནས་ཟླ་བདུན་ཙམ་གྱི་རིང་གར་སོང་ཆ་མེད་ཏུ་གྱུར་རྗེས། དེའི་ལོའི་ཟླ་༡༡ ཚེས་༡༥ཉིན་ཀན་ལྷོ་ཁུལ་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་ཁོང་ལ་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་དང་ (ལྷ་ས་སྔར་བཞིན་ལྷ་ས་མ་ཡིན་)ཞེས་པའི་རྩོམ་ཡིག་བྲིས་པ་སོགས་ཀྱིས་མེས་རྒྱལ་ཁ་བྲལ་བཏང་བའི་ཉེས་མིང་བཀལ་ནས་ལོ་ལྔའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ནས་ལན་ཀྲོའུ་གྲོང་ཁྱེར་བྱེ་ཐང་ཆེན་མོ་ཟེར་བའི་བཙོན་ཁང་དུ་(大少平)བཙོན་འཇུག་བྱས་ཡོད་འདུག ཁོང་གིས་བྲིས་པའི་རྩོམ་ཡིག་《ང་ཚོའི་སྲིད་གཞུང་གང་དུ་ཡོད།》ཅེས་པ་དང། 《ལྷ་ས་སྔར་བཞིན་ལྷ་ས་མ་ཡིན།》 《ང་ཚོའི་ལྷིང་འཇགས་དཀྲོགས་མཁན་དེ་སུ་རེད།》 ཅེས་པ་སོགས་ལ་ནག་ཉེས་བཀལ་ནས། འདྲི་གཅོད་ནན་པོ་བྱས་ཡོད་འདུག ཁྲིམས་རྩོད་པས་《ལྷ་ས་སྔར་བཞིན་ལྷ་ས་མ་ཡིན།》ཞེས་པའི་དོན་ག་རེ་ཡིན་མིན་སྐོར་དྲིས་སྐབས། ཀུན་དགའ་ཚངས་དབྱངས་ཀྱིས། ཁྱོད་ཚོས་མེ་འཁོར་ལྕགས་ལམ་དང་ཁང་པ་སོགས་འཛུགས་བསྐྲུན་བྱས་པ་བདེན་པ་ཡིན་ཡང། དོན་དངོས་ཐོག་ལྷ་ས་ནི་བོད་མི་རྣམས་ཀྱི་སྙིང་གི་ནོར་བུ་ལྟ་བུ་ཡིན་པས། དེང་སྐབས་ལྷ་སར་མཚོན་ན་ཆོས་སྲིད་གཉིས་ཀྱི་ཐོག་ནས་ཉམས་གུད་ཆེན་པོ་བཏང་བར་བརྗོད་ཀྱི་ཡོད་ཅེས་ལན་བཏབ་ཡོད་འདུག 《ང་ཚོའི་སྲིད་གཞུང་གང་དུ་ཡོད།》 ཅེས་པའི་སྐོར་དྲིས་པར། ཁོང་གིས། ཀྲུང་དབྱང་གིས་རྩ་འཛིན་ཡིག་ཆ་གང་མང་ཞིག་གཏན་འབེབས་བྱས་ཡོད་ཀྱང། རང་སྐྱོང་ས་ཁུལ་ལ་མཚོན་ན་ཡིག་ཆ་དེ་དག་ལག་ལེན་རྩ་བ་ནས་བསྟར་གྱི་མི་འདུག་ཅེས་བརྗོད་སྐབས་ཁོང་གི་སྐད་ཆའི་འཕྲོ་བཅད་ཡོད་འདུག

Read More »