Friday , September 20 2019
Home / གསར་འགྱུར། (page 22)

གསར་འགྱུར།

བོད་མི་གནས་སྐྱབས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་གྲོངས་འདུག

ཁ་སང་ཞོགས་པར་བོད་མདོ་སྨད་རྔ་བ་རྫོང་ཨ་འདུས་རྒྱ་དས་སྡེ་བའི་བོད་མི་གནས་སྐྱབས་ཀྱིས་རང་ལུས་མེར་བསྲེགས་ཀྱིས། རྒྱ་ནག་དམར་གཞུང་གི་བོད་ལ་བཙན་འཛུལ་གྱིས་མི་སེར་སྤེལ་བའི་དྲག་གནོན་དབང་སྒྱུར་གྱི་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་བྱས་ཡོད་འདུག འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༡༦ ཉིན་གྱི་ཞོགས་པ་སྔ་བོ་བོད་མདོ་སྨད་རྔ་བ་རྫོང་ཨ་འདུས་རྒྱ་དས་སྡེ་བའི་རང་ལོ་ ༤༥ ཡིན་པའི་བོད་མི་དམ་དཀར་རམ་གནས་སྐྱབས་ལགས་ཀྱིས། རང་ཉིད་སྡོད་སའི་ཁང་པའི་ར་སྐོར་ནང་དུ་སྐུ་ལུས་མེར་སྲེག་གནང་ནས་འདས་གྲོངས་སུ་གྱུར་ཡོད་ཅིང་། རྗེས་སུ་སྐུ་ཕུང་ཉེན་རྟོག་པས་ཁྱེར་ཡོད་འདུག ཁོང་གིས་སྐུ་ལུས་མེར་སྲེག་མ་གནང་པའི་སྔོན་ལ་རང་ཉིད་སྡོད་སའི་ར་སྐོར་ནང་དུ། ༧གོང་ས་མཆོག་དང་༧པཎ་ཆེན་རིན་པོ་ཆེ་རྣམ་གཉིས་ཀྱི་སྐུ་པར་དང་། ཁོ་རང་གི་ནང་མིའི་འདྲ་པར་སོགས་སྒྲིག་ཤོམ་བྱས་ཐོག མདུན་དུ་ཡོན་ཆབ་ཕུལ་བ་དང་མེ་ཏོག་སྒྲིག་པ་སོགས་བྱས་རྗེས། དེའི་ཉེ་གཤམ་གྱི་གོམ་པ་ལྔ་ཙམ་གྱི་སར་སྐུ་ལུས་མེར་སྲེག་བཏང་ཡོད་འདུག ཁོང་གི་མེར་བསྲེགས་ཞི་རྒོལ་གྱི་གནས་ཚུལ་དང་འབྲེལ་ནས། རྒྱ་གཞུང་ཉེན་རྟོག་པས་ཁོང་གི་སྤུན་གནས་གང་དང་། མག་པ་ཚེ་རིང་བསམ་འགྲུབ་གཉིས་ཀྱང་འདྲི་གཅོད་བྱེད་པར་ཁྲིད་ཡོད་འདུག

Read More »

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་བཙོན་འོག་མིི་ལོ་ཧྲིལ་པོ་ ༡༣ འཁོར་བ།

འདི་ག་ལྟེ་གནས་ཁང་གི་ཡོངས་ཁྱབ་གསལ་བསྒྲགས།   དེ་རིང་ཕྱི་ཟླ་ ༤་ཚེས་༧ ནི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་རྒྱ་གཞུང་གིས་བཙོན་འཇུག་བྱས་ཏེ་མི་ལོ་ཧྲིལ་པོ་ ༡༣ ཏག་ཏག་འགྲོ་བཞིན་ཡོད་པ་དང་། བཙོན་ཁང་ནང་སྤྲུལ་སྐུ་ཁོང་ལོ་མང་རིང་མནར་གཅོད་སྡུག་སྦྱོང་བཏར་བར་བརྟེན་ནས། དེ་སྔོན་སྙིང་ལ་ན་ཚ་ལྗིད་པོ་ཕོགས་ཏེ་ས་ལ་ཐེངས་མང་འགྱེལ་མྱོང་ཡོད་པ་དང་། ལུས་པོ་འདར་སིག་གིས་འཁར་བར་བརྟེན་ནས་འགྲོ་བསྐྱོད་བྱ་དགོས་ཐུག་ཡོད་ལ། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་ཁོང་དགུང་ལོ་ ༦༣ ལ་སོན་ཡོད་པ་དང་། ད་ལྟའི་ཆར་ཡང་ཁོང་གི་སྐུ་གཟུགས་གནས་སྟངས་སྔར་བཞིན་ཧ་ཅང་ཛ་དྲག་ཆགས་ཡོད་པ་རེད། དེ་བཞིན། སྤྲུལ་སྐུ་ཁོང་ཐོག་མར་འཇུ་བཟུང་བཙོན་འཇུག་བྱས་ནས་ད་ལྟའི་བར། ཁྱོན་བསྡོམས་ཐེངས་ ༧ ལ་མ་གཏོགས་ནང་མི་རྣམས་ལ་ཐུག་འཕྲད་བྱེད་བཅུག་མེད་པ་རེད། ཁོང་ནང་མི་དང་ཐུག་འཕྲད་མཐའ་མ་དེ་ཕྱི་ལོ་ ༢༠༡༣ ཟླ་ ༡༡ པ་ཆགས་ཡོད་ལ། དེ་རྗེས་ནས་ད་ལྟའི་བར་བར་ལོ་གཅིག་དང་ཟླ་བ་ལྔ་ལྷག་ཕྱིན་ཡོད་ཀྱང་། རྒྱ་གཞུང་གིས་ཁོང་ནང་མིར་ཐུག་འཕྲད་གཅིག་ཀྱང་བྱེད་བཅུག་མེད་པ་རེད། རྒྱ་གཞུང་གི་འབྲེལ་ཡོད་ཁྲིམས་ཡིག་ནང་། བཙོན་པའི་ནང་མིས་དུས་བཅད་ལྟར་དོ་བདག་ལ་ཐུག་འཕྲད་བྱེད་པའི་ཐོབ་ཐང་དང་། བཙོན་པར་འཕྲིན་ཡིག་ལམ་ནས་གནས་ཚུལ་ཤེས་རྟོགས་བྱེད་ཆོག་པའི་ཐོབ་ཐང་ཡོད་སྐོར་བཀོད་ཡོད་པ་རེད། ཡིན་ནའང་། སྤྲུལ་སྐུ་ཁོང་ལ་བཙོན་པ་སྤྱི་མཚུངས་ལྟར་ཁྲིམས་མཐུན་གྱི་ཐོབ་ཐང་མ་སྤྲད་པར། དམིགས་བསལ་བཀག་སྡོམ་མནར་གཅོད་གཏོང་བཞིན་པའི་གནས་ཚུལ་འདི་ནི། འཛམ་གླིང་འགྲོ་བ་མིའི་ཡོངས་ཁྱབ་ཐོབ་ཐང་དང་རྒྱ་གཞུང་རང་ཉིད་ཀྱི་ཁྲིམས་ལུགས་དང་རྩ་འགལ་ཆགས་ཡོད། འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས། རྒྱ་གཞུང་ལ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་སྨན་བཅོས་ཆེད་གང་མྱུར་གློད་གྲོལ་ཡོང་བའི་འབུལ་སྐུལ་ནན་པོ་ཞུ་རྒྱུ་དང་། ཆབས་ཅིག་རྒྱལ་སྤྱིའི་གཞུང་དང་ཚོགས་སྡེ་ཁག་ནས་སྤྲུལ་སྐུ་མཆོག་སྨན་བཅོས་ཆེད་གང་མྱུར་གློད་ཀྲོལ་ཡོང་བའི་རྒྱ་གཞུང་ལ་འབུལ་སྐུལ་ཡོང་བའི་རེ་བ་ནན་པོ་ཞུ་བཞིན་ཡོད། དེ་བཞིན། སྤྲུལ་སྐུ་མཆོག་ལ་བཙོན་པ་སྤྱི་མཚུངས་ལྟར་སོ་སོའི་ནང་མིར་ཐུག་འཕྲད་དང་སྨན་བཅོས་ཀྱི་མཐུན་འགྱུར་གྱི་ཐོབ་ཐང་སྤྲོད་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན།  

Read More »

གྲྭ་གསུམ་དང་མི་སྐྱ་གཅིག་འཇུ་བཟུང་བཙན་འཁྲིད་བྱས་འདུག

རྒྱ་གཞུང་གིས་རྒྱུ་མཚན་ཁ་གསལ་མེད་པའི་སྒོ་ནས། སོག་ཙན་དགོན་པའི་གྲྭ་པ་གསུམ་དང་ས་གནས་མི་སྐྱ་གཅིག་བཅས་འཇུ་བཟུང་བཙན་འཁྲིད་བྱས་འདུག འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ཟླ་ ༣ ཚེས་ ༢༨ ཉིན་གྱི་མཚན་མོར་སོག་ཙན་དན་དགོན་པའི་གྲྭ་ཆོས་དཔལ་ཟླ་བ་དང་། གྲྭ་འཇིགས་མེད་དབང་རྒྱལ། གྲྭ་ཆོས་དབྱིངས་ཆོས་དགའ། མི་སྐྱ་རྡོ་རྗེ་གྲགས་པ་བཅས་རྒྱ་ནག་གིས་ཛིན་བཟུང་བྱས་འདུག ཁོང་རྣམས་འཛིན་བཟུང་བྱེད་དགོས་དོན་གང་ཡིན་སྐོར་ལ་རྒྱ་གཞུང་གི་གསལ་བཤད་གང་ཡང་བྱས་མེད་པ་རེད། གྲྭ་ཆོས་དཔལ་ཟླ་བ་ནི་རང་ལོ་ ༢༧ ཡིན་པ་དང་། སོག་རྫོང་གི་གཡག་ལ་ཡུལ་ཚོའི་གྲོང་ཚོ་གཉིས་པའི་སྒོ་པེ་རང་གྲོལ་གྱི་བུ་ཡིན་འདུག ཁོང་དེ་སྔོན་ ༢༠༡༢ ཟླ་ ༡ ཚེས་ ༡༥ ཉིན་རྒྱ་ནག་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ། ལོ་དེའི་ཟླ་ ༢ པའི་ཚེས་ཤར་ཙམ་ལ་གསང་བའི་ངང་དུས་བཀག་བཙོན་འཇུག་ཁྲིམས་ཐག་ལོ་གཉིས་བཅད་མྱོང་ཡོད་པ་རེད། ད་རེས་ནི་རྒྱ་གཞུང་གིས་འཇུ་བཟུང་ཐེངས་གཉིས་པ་དེ་ཆགས་ཡོད།

Read More »

ཙན་དན་དགོན་པའི་གྲྭ་བློ་བཟང་ཟླ་བ་འཇུ་བཟུང་བཙན་འཁྲིད་བྱས་འདུག

རྒྱ་གཞུང་གིས་མཚན་ལ་སོག་རྫོང་ཙན་དན་དགོན་པའི་གྲྭ་བློ་བཟང་ཟླ་བ་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་འདུག འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཟླ་ ༣ ཚེས་ ༢༠ མཚན་མོར་སོག་རྫོང་ཙན་དན་དགོན་པའི་གྲྭ་བློ་བཟང་ཟླ་བ་རྒྱ་གཞུང་གི་ཉེན་རྟོག་པས་བཙན་ཁྲིད་བྱས་ནས་གར་སོང་ཆ་མེད་ཀྱི་གནས་ཚུལ་བྱུང་འདུག གསང་བའི་ངང་ནས་བཙན་ཁྲིད་བྱས་སྟབས་ཞིབ་ཕྲའི་གནས་ཚུལ་ཤེས་མཁན་བྱུང་མི་འདུག དེང་སྐབས་རྒྱ་གཞུང་གིས་འཕྲིན་ཕྲན་(wechat)གྱི་བརྒྱུད་ལམ་ཁག་ལ་ཞིབ་བཤེར་བྱེད་བཞིན་ཡོད་སྟབས། ས་གནས་དེ་གའི་ཡུལ་མི་མང་ཚོགས་ཀྱི་ངོས་ནས། འཕྲིན་ཕྲན་བརྒྱུད་ལམ་ནས་རྒྱ་གཞུང་གི་ལྟ་སྤྱོད་དང་མི་མཐུན་པའི་པར་རིས་དང་ཡིག་ཆ་ཉར་བའི་ཉེས་མིང་འོག་འཛིན་བཟུང་བྱས་པ་ཞིག་ཡིན་སྲིད་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག

Read More »

གྲྭ་ངག་དབང་རྒྱལ་མཚན་རྒྱ་གཞུང་ཉེན་རྟོག་པས་གློ་བུར་བཙན་ཁྲིད།

གྲྭ་ངག་དབང་རྒྱལ་མཚན་རྒྱ་གཞུང་གིས་གློ་བུར་འཇུ་བཟུང་བཙན་འཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་ཡོད་སྟབས། ས་གནས་ཡུལ་མིས་བརྩད་གཅོད་སྐབས་ནག་ཆུའི་ཉེན་རྟོག་ཁང་ཞིག་ཏུ་བཀག་ཉར་བྱས་ཡོད་པ་ཤེས་རྟོགས་བྱུང་འདུག འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། འདི་ལོའི་ཕྱི་ཟླ་ ༢ ཚེས་ ༢༤ ཉིན་གྱི་མཚན་མོར་གྲྭ་ངག་དབང་རྒྱལ་མཚན་རྒྱ་གཞུང་ཉེན་རྟོག་པའི་བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་འདུག དེ་ལྟར་ཁོང་གློ་བུར་དུ་བརླག་རྐྱེན་ས་གནས་ཡུལ་མི་རྣམས་ཀྱིས་བརྩད་གཅོད་སྐབས། ནག་ཆུ་ཁུལ་གྱི་ཉེན་རྟོག་ཁང་ཞིག་ཏུ་བཀག་ཉར་བྱས་ཡོད་པ་ཤེས་རྟོགས་བྱུང་འདུག ཁོང་འཇུ་བཟུང་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད། གྲྭ་ངག་དབང་རྒྱལ་མཚན་ནི་ནག་ཆུ་རྫོང་རྟར་ཆེན་ཡུལ་ཚོའི་གོང་སུམ་གྲོང་སྡེ་ནས་ཡིན་པ་དང་། ཁོང་གི་ཕ་མིང་ལ་ཚེ་རིང་མི་འགྱུར་དང་མ་མིང་ལ་མར་འཛིན་ཟེར་ཞིང་རང་ལོ་ ༤༡ ཡིན་འདུག དེ་སྔོན་ཤག་རོང་པོ་དགོན་གྱི་གྲྭ་པ་ཡིན་འདུག དགོན་པའི་སྒྲིག་ཁོངས་སུ་ཡོད་དུས་སྲིད་གཞུང་གི་མི་སྣས་དགོན་པར་ཆབ་སྲིད་སློབ་གསོ་སྤྲོད་སྐབས། སྲིད་གཞུང་གི་མི་སྣ་དང་ཁ་རྩོད་མང་པོ་ཤོར་མྱོང་བ་དང་། རྒྱུ་རྐྱེན་དེ་ལ་རྟེན་ནས་དེ་སྔོན་ཤག་རོང་པོ་དགོན་ལ་ཟླ་ ༥ ཚེས་ ༢༠ ཉིན་གྱི་དོན་རྐྱེན་དུ་སྙད་པའི་ཛ་དྲག་གནས་སྟངས་འོག ཁོང་དགོན་པའི་སྒྲིག་ཁོངས་ནས་ཕྱིར་འཐེན་མི་བྱེད་ཀ་མེད་བྱུང་ཡོད་འདུག

Read More »

མི་ལོ་བཅོ་ལྔར་བཙོན་འཇུག་བྱས་པའི་ཆབ་སྲིད་བཙོན་པ་ཞིག་གློད་གྲོལ།

སོག་ཙན་དན་དགོན་པའི་གྲྭ་ངག་དབང་འགྱུར་མེད་ལགས་མི་ལོ་ ༡༥ བཙོན་འཇུག་དུས་ཡུན་རྫོགས་ཏེ། ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་གློད་གྲོལ་ཐོབ་ཡོད་པ་རེད། འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༢༠ ཉིན་གྱི་བོད་ནང་གི་ཆུ་ཚོད་ ༡ དང་ཕྱེད་ཀ་ཙམ་གྱི་སྟེང་། སོག་ཙན་དན་དགོན་པའི་གྲྭ་ངག་དབང་འགྱུར་མེད་ལགས། ལྷ་སའི་ཆུ་ཤུལ་བཙོན་ཁང་ནང་ལོ་ ༡༥ དུས་བཀག་བཙོན་འཇུག་གི་དུས་ཡུན་རྫོགས་ཏེ་གློད་གྲོལ་ཐོབ་ཡོད་པ་རེད། གྲྭ་ངག་དབང་འགྱུར་མེད་ལགས་ནི་སོག་རྫོང་དབྲོག་རྟ་གྲོང་ཚོ་ནས་ཡིན་ཞིང་། ཕྱི་ལོ་ ༢༠༠༠ ཟླ་ ༣ ཚེས་ ༡༧ ཉིན་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་རེད། ཁོང་འཇུ་བཟུང་བྱ་དགོས་པའི་རྒྱུ་རྐྱེན་ནི། ཁོང་གིས་ ༢༠༠༠ ལོའི་ཟླ་ ༣ པའི་ནང་ “༸ གོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག བོད་རང་བཙན་ཡིན། རྒྱ་དམར་བོད་ནས་ཕར་རྒྱུག་ཅིག” ཅེས་ཤིང་པར་རྒྱབ་པའི་ཡིག་ཆ་པར་སྐྲུན་བྱས་ཏེ། མི་མང་འདུ་འཛོམས་ཆེ་བའི་ས་ཁུལ་དུ་སྦྱར་བ་དང་འགྲེམས་གཏོར་བྱས་པར་བརྟེན། ཟླ་དེའི་ཕྱི་ཚེས་ ༡༧ ཉིན་རྒྱ་གཞུང་ཉེན་རྟོག་པས་འཇུ་བཟུང་བྱས་རྗེས། རྒྱ་གཞུང་གིས་ཁོང་ལ་ “རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱོན་དང་ངན་སྐུལ་དྲིལ་བསྒྲགས་བྱས་པའི” ཉེས་འཛུགས་འོག ལོ་དེའི་ལོ་འཇུག་ལ་ནག་ཆུ་ས་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས་ངག་དབང་འགྱུར་མེད་ལ་ལོ་ ༡༥ དུས་བཀག་བཙོན་འཇུག་ཁྲིམས་ཐག་བཅད་དེ། དང་ཐོག་ལྷ་སའི་གྲྭ་བཞི་བཙོན་ཁང་དང་། …

Read More »

རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་སྐལ་བཟང་འཇུ་བཟུང་བྱས་འདུག

ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་བོད་མདོ་སྨད་རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་སྐལ་བཟང་ལགས་ཀྱིས། རྫོང་མཁར་གཞུང་ལམ་སྟེང་ཞི་བའི་སྐད་འབོད་ངོ་རྒོལ་བྱེད་སྐབས། རྒྱ་གཞུང་ཉེན་རྟོག་པས་འཇུ་བཟུང་བཙན་འཁྲིད་བྱས་ཡོད་འདུག འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༡༧ ཉིན་གྱི་བོད་ནང་གི་ཆུ་ཚོད་ ༣ དང་སྐར་མ་ ༤༠ ཡས་མས་སུ། ད་ལྟ་རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱིས་མི་སེར་སྤེལ་བའི་ས་ཁོངས་ལྟར་བྱས་ན། ཟི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་རང་སྐྱོང་ཁུལ་རྔ་བ་རྫོང་གི་རྫོང་མཁར་གཞུང་ལམ་སྟེང་དུ། རང་ལོ་ ༡༩ ཡིན་པའི་རྔ་བ་ཀིརྟི་དགོན་པའི་གྲྭ་བ་བློ་བཟང་སྐལ་བཟང་ལགས་ཀྱིས། ལག་གཡོན་པས་༸གོང་ས་མཆོག་གི་སྐུ་པར་ཞིག་མཐོན་པོར་བཏེགས་ཤིང་ལག་པ་གཡས་པས་རླུང་རྟ་གཏོར་བཞིན། “བོད་ལ་རང་དབང་དགོས” ཞེས་སྐད་འབོད་གནང་ཡོད་ཀྱང་། ཅུང་ཙམ་ལས་མ་འགོར་བར་རྒྱ་གཞུང་ཉེན་རྟོག་མི་སྣ་བསླེབས་ནས་ཁོང་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག

Read More »

སོག་ཙན་དན་དགོན་པའི་གྲྭ་པ་བདུན་འཇུ་བཟུང་།

ཟླ་འདིའི་ཕྱི་ཚེས་ ༡༤ དགོང་མོར་ཁམས་སོག་རྫོང་ཙན་དན་དགོན་པའི་གྲྭ་པ་ ༧ རྒྱ་གཞུང་ཉེན་རྟོག་པས་འཇུ་བཟུང་བཙན་འཁྲིད་བྱས་འདུག འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༡༤ དགོང་མོར། ད་ལྟ་རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱིས་མི་སེར་སྤེལ་བའི་ས་ཁོངས་ལྟར་བྱས་ན། བོད་རང་སྐྱོང་ལྗོངས་ནགས་ཆུ་ས་ཁུལ་སོག་རྫོང་ཙན་དན་དགོན་པའི་གྲྭ་པ་རྣམ་རྒྱལ་ཚུལ་ཁྲིམས་དང་། བློ་གྲོས་བསྟན་འཛིན། ཚུལ་ཁྲིམས་སྒོ་འབྱེད། ཚུལ་ཁྲིམས་རྣམ་རྒྱལ། ཐབས་མཁས་ལྷུན་འགྲུབ། འཇིག་མེད་ཚུལ་ཁྲིམས། འཇིག་མེད་གྲགས་པ་བཅས། གྲྭ་པ་ ༧ རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག ཡིན་ནའང་། ཁོང་རྣམ་པ་འཛིན་བཟུང་བྱེད་པའི་རྒྱུ་མཚན་ཅི་ཡིན་ཉེན་རྟོག་པས་འགྲེལ་བརྗོད་བྱས་མེད་པ་རེད།   ས་གནས་དེ་གའི་ཡུལ་མི་རྣམས་ཀྱི་ངོས་ནས། ཁོང་ཚོས་བོད་དོན་དང་འབྲེལ་བའི་པར་རིས་དང་གནས་ཚུལ་ཕན་ཚུན་གཏོང་རེས་བྱས་རྐྱེན་ཡིན་པའི་ཚོད་བགམ་བྱེད་བཞིན་ཡོད་འདུག ད་ལྟའི་ཆར་གྲྭ་པ་དེ་དག་ས་ཆ་གང་ཞིག་ཏུ་བཀག་ཉར་དང་གནས་སྟངས་ག་འདྲ་ཆགས་ཡོད་མེད་དང་། དེ་བཞིན། ཁོང་ཚོ་འཇུ་བཟུང་བྱེད་དགོས་དངོས་ཡོད་གནས་ཚུལ་སོགས་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།  

Read More »

གྲྭ་དགེ་འདུན་ཕུན་ཚོགས་ཞི་བའི་ངོ་རྒོལ་བྱེད་སྐབས་འཇུ་བཟུང་བཙན་ཁྲིད་བྱས་འདུག

བོད་མདོ་སྨད་རྔ་བ་ཀིརྟི་དགོན་པའི་གྲྭ་དགེ་འདུན་ཕུན་ཚོགས་ལགས་ཀྱིས། རྔ་བ་རྫོང་མཁར་གྱི་ཁྲོམ་གཞུང་དུ་ཞི་བའི་སྐད་འབོད་གོམ་བགྲོད་ཀྱིས་ངོ་རྒོལ་བྱེད་སྐབས། རྒྱ་གཞུང་ཉེན་རྟོག་པས་ཁོ་འཇུ་བཟུང་བཙན་འཁྲིད་བྱས་ཡོད་འདུག འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་༨ ཉིན་གྱི་བོད་ནང་གི་ཉིན་རྒྱབ་ཆུ་ཚོད་ ༡ དང་ཕྱེད་ཀའི་སྟེང་། བོད་མདོ་སྨད་རྔ་བ་ཀིརྟི་དགོན་པའི་གྲྭ་དགེ་འདུན་ཕུན་ཚོགས་ལགས་ཀྱིས། ༧གོང་ས་མཆོག་གི་སྐུ་པར་ཆེན་པོ་ཞིག་ཁ་བཏགས་སེར་པོས་ལྗིབས་ནས་མགོའི་སྟེང་དུ་འཕྱར་ཏེ། ༼རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས། བོད་ལ་རང་དབང་དང་འདྲ་མཉམ་དགོས།༽ཞེས་སྐད་འབོད་གནང་བཞིན། རྔ་བ་རྫོང་མཁར་གྱི་གཞུང་ལམ་སྟེང་ནས་ཞི་བའི་གོམ་བགྲོད་གནང་སྟེ་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་སྒྱུར་གྱི་སྲིད་ཇུས་ལ་ངོ་རྒོལ་གནང་ཡོད་ཅིང་། ཆུ་ཚོད་ཅུང་ཙམ་ལས་མ་འགོར་བར་ཉེན་རྟོག་པ་འབྱོར་ཏེ་ཁོང་འཇུ་བཟུང་བཙན་ཁྲིད་བྱས་ཡོད་འདུག

Read More »

བོད་རིགས་བུད་མེད་ནོར་ཕྱུག་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་ཞི་རྒོལ་གནང་འདུག

ཆོ་འཕྲུལ་དུས་ཆེན་ཉིན་གྱི་མཚན་མོར་བོད་མདོ་སྨད་རྔ་བ་རྫོང་ཁོངས་སུ། བོད་རིགས་བུད་མེད་ནོར་ཕྱུག་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་གྱི་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་གནང་འདུག འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༥ སྟེ་ཆོ་འཕྲུལ་དུས་ཆེན་ཉིན་གྱི་མཚན་མོར། བོད་མདོ་སྨད་རྔ་བ་རྫོང་སྤྲོ་ཚིགས་ཡུལ་ཚོའི་རྡོ་བ་སྡེ་བའི་བུད་མེད་ནོར་ཕྱུག་ལགས་ཀྱིས་བོད་བསྟན་སྲིད་རང་དབང་ཆེད་རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་སྟེ་འདས་གྲོངས་སུ་གྱུར་ཡོད་པ་དང་། ཁོང་མོས་མཚན་མོར་རང་ལུས་མེར་བསྲེགས་བཏང་བ་ཡིན་སྟབས་སྐུ་ཕུང་རྒྱ་ལག་ཏུ་ཤོར་མེད་ནའང་། རྒྱ་གཞུང་གིས་བཙན་འཕྲོག་བྱེད་པར་དོགས་ནས་ཕྱི་ཚེས་ ༦ ཉིན་གྱི་སྔ་དྲོ་ཕ་ཡུལ་གཅིག་པའི་མི་མང་གིས་འཕྲལ་དུ་སྐུ་ཕུང་ཞུགས་འབུལ་ཞུས་ཡོད་འདུག

Read More »