Monday , August 26 2019
Home / གསར་འགྱུར། (page 20)

གསར་འགྱུར།

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ཁང་གིས་རྒྱ་གཞུང་གིས་རྒྱལ་སྲུང་བཅའ་ཁྲིམས་གསར་པ་གཏན་འབེབས་ཐད་སྐྱོན་བརྗོད་བསྒྲགས་གཏམ།

འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ངོས་ནས། ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡ ཉིན་རྒྱ་གཞུང་གིས་གཏན་འབེབས་ལག་བསྟར་བྱས་པའི་རྒྱལ་སྲུང་བཅའ་ཁྲིམས་གསར་པ་དེའི་ཐད་བློ་འཚབ་ཆེན་པོ་བྱེད་བཞིན་ཡོད། མ་འོངས་པར་རྒྱ་གཞུང་གིས་བཅའ་ཁྲིམས་གསར་པ་དེ་བེད་སྤྱད་ནས། སྔར་ནས་བོད་ནང་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་བཞིན་པའི་གནས་སྟངས་དེ་སྔར་བར་ཛ་དྲག་ཏུ་འགྲོ་སྲིད་པར་ངོས་འཛིན་བྱེད་བཞིན་ཡོད། རྒྱ་ནག་གི་རྒྱལ་སྲུང་བཅའ་ཁྲིམས་གསར་པ་དེ་ཡིས། འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་ཀྱི་དབང་བསྒྱུར། དེ་བཞིན། གཞན་པའི་རྒྱལ་ཁབ་དང་མི་རིགས་ཀྱི་བདེ་དོན་ཐད་བསམ་ཤེས་གུ་ཡངས་གང་ཡང་བྱས་མེད་པ་དང་། དེར་མ་ཟད་རྒྱལ་སྲུང་བཅའ་ཁྲིམས་གསར་པ་དེར་སྤྱི་བཤད་རང་བཞིན་དང་གསལ་ཁ་མེད་པའི་ཐ་སྙད་རིགས་བེད་སྤྱོད་བྱས་ཏེ། རྒྱ་གཞུང་གིས་མ་འོངས་པར་གདོང་གཏད་དགོས་པ་དང་རྩོད་ལེན་དགོས་རིགས་གྱི་གནས་ཚུལ་མཐའ་དག་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བའི་ཉེན་ཁར་བརྩིས་ཡོད། དེ་ནི་སྔར་ཁུངས་མ་འཁྱོལ་བའི་སྲིད་ཇུས་དེ་མུ་མཐུད་མཇུག་སྐྱོང་བྱ་ཐབས་ཤིག་རེད། རྒྱ་གཞུང་གིས་ཞི་བའི་སྒོ་ནས་གནད་དོན་རྣམས་ཐག་གཅོད་ཡོང་ཐབས་བྱེད་ཀྱིན་མེད་པར། རྒྱ་ནག་ནང་གི་གནད་དོན་མཐའ་དག་སྔར་བའི་ཛ་དྲག་ཏུ་གཏོང་བཞིན་ཡོད།

Read More »

བོད་ནང་དམར་ཤོག་མང་ཚོགས་ལམ་ཕྱོགས་ལས་འགུལ་སྐོར་ལ་ཉམས་ཞིབ་སྙན་ཐོ་ཞིག་འདོན་སྤེལ།

འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། རྒྱ་གཞུང་གིས་བོད་ནང་དམར་ཤོག་མང་ཚོགས་ལམ་ཕྱོགས་སློབ་གསོ་ཟེར་བའི་ཆབ་སྲིད་ལས་འགུལ་སྤེལ་ཏེ། བོད་ཀྱི་ས་ཁུལ་ཁག་ནང་བོད་མིའི་སྤྱི་དམངས་ཁེ་དབང་དང་འགྲོ་བ་མིའི་ཐོབ་ཐང་རྩ་གཏོར་གཏོང་བཞིན་པའི་ཐད། <<ལམ་ཕྱོགས་དམར་པོ>> ཞེས་པའི་ཉམས་ཞིབ་སྙན་ཐོ་ཞིག་ཉེ་ཆར་བོད་ཡིག་ཐོག་འདོན་སྤེལ་བྱས་ཡོད། ཞི་ཅིན་ཕིན་རྒྱ་ནག་དམར་ཤོག་སྲིད་འཛིན་ཆགས་རྗེས། རྒྱ་ནག་ཁྱོན་ཡོངས་ལ་དམར་ཤོག་ ‘མང་ཚོགས་ལམ་ཕྱོགས’ ཟེར་བའི་མའོ་ཡི་འཐབ་རྩོད་ལས་འགུལ་གྱི་མེ་རོ་བསྐྱར་དུ་གསོས་ཤིང་། ‘སྟག་དང་སྦྲང་མ་མཉམ་རྡུང’ གི་རུལ་སུངས་ངོ་རྒོལ་གྱི་འབོད་ཚིག་འོག་དམར་ཤོག་མཐོ་རིམ་དཔོན་རིགས་ ༡༠༠ ལྷག་ལ་ཞིབ་བཤེར་ཁྲིམས་གཅོད་དང་། ‘སྤྱོད་ངན་བཞི།’ ‘དབུས་དམར་ཤོག་གི་གཏན་འབེབས་བརྒྱད’ སོགས་ཀྱི་དྲིལ་བསྒྲགས་འོག གཞི་རིམ་དམར་ཤོག་ལས་བྱེད་པར་ཞིབ་བཤེར་གྱིས་དམར་གཙང་སྲིད་གཙང་ཟེར་བའི་ལས་འགུལ་སྤེལ་ཏེ། དམར་ཤོག་དང་མང་ཚོགས་བར་ཤ་དང་རུས་པ་ལྟ་བུའི་འབྲེལ་བ་ཟབ་མོ་འཛུགས་རྒྱུ་ཡིན་པ་དང་། ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་རྒྱུ་ཡིན་སྐོར་དྲིལ་སྒྲོག་ཤུགས་ཆེན་བྱས་ཡོད། ཡིན་ནའང་། འདས་པའི་ལོ་ ༣ ལྷག་གི་ཞིས་ཅིན་ཕིན་གྱིས་སྲིད་བསྐྱངས་དུས་ཡུན་རིང་། དམར་ཤོག་ ‘མང་ཚོགས་ལམ་ཕྱོགས’ དང་འབྲེལ་ཏེ་བོད་ནང་དམ་དྲག་སྲིད་ཇུས་མང་པོ་ལག་བསྟར་བྱས་ཏེ། བོད་མིའི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྔར་བའི་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་ཡོད།

Read More »

ཁམས་འབྲི་རུའི་ཚོང་པ་གསུམ་དང་སྙན་ངག་པ་ཞིག་ལ་ཁྲིམས་ཆད།

ཉེ་སྔོན་ཕྱི་ཟླ་ལྔ་པའི་ནང་རྒྱ་གཞུང་གིས་ཁམས་འབྲི་རུ་རྫོང་ཁོངས་ཀྱི་བོད་རིགས་ཚོང་པ་གསུམ་དང་། སྙན་ངག་པ་གཅིག་བཅས་ལ་བཙོན་འཇུག་ཁྲིམས་ཐག་ལྕི་མོ་བཅད་ཡོད་ཀྱང་། ས་ཁུལ་དེར་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་སྟབས། ཁོང་ཚོ་འཇུ་བཟུང་བཙོན་འཇུག་ཐད་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མི་འདུག འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༥ ཟླ་ ༥ ནང་ཁམས་འབྲི་རུ་རྫོང་ཆུ་གཉིས་ཡུལ་ཚོའི་ས་གནས་བོད་རིགས་ཚོང་པ་བསོད་ནམས་དར་དབང་དང་ལྷ་རྣམ། ཚེ་རིང་ལྷ་འགྲུབ་བཅས་གསུམ་ལ། རྒྱ་གཞུང་གིས་ཁོང་ཚོར་མི་དམངས་ཁྲོད་དཀྲུག་ཤིང་བརྒྱབ་པ་དང་། སྲིད་གཞུང་ལ་ངོ་རྒོལ་གྱི་ཉེས་མིང་འོག སོ་སོར་ལོ་བརྒྱད་རེའི་དུས་བཀག་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག ཡིན་ནའང་། བོད་རིགས་ཚོང་པ་དེ་གསུམ་ལ་ཁྲིམས་ཁང་གང་དུ་བཙོན་འཇུག་ཁྲིམས་ཐག་བཅད་མིན་དང་། ད་ལྟའི་ཆར་བཙོན་ཁང་གང་ཞིག་ཏུ་བཙོན་འཇུག་བཀག་བསྐྱིལ་བྱས་ཡོད་མེད་དང་། འཇུ་བཟུང་དང་ཁྲིམས་གཅོད་ཀྱི་ཞིབ་ཕྲའི་ཟླ་ཚེས་སོགས་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

Read More »

རྩོམ་པ་པོ་དྷི་ལྷ་ལྡན་གྱི་བརྩམས་དེབ་<<བསྟུན་རྒོལ་ཁྲིམས་གཏུགས>>པར་བསྐྲུན་འགྲེམས་སྤེལ།

འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། བོད་ནང་གནས་བཞུགས་རྩོམ་པ་པོ་དྷི་ལྷ་ལྡན་ལགས་ཀྱི་བརྩམས་དེབ་གཉིས་པ་ <<བསྟུན་རྒོལ་ཁྲིམས་གཏུགས>> པར་བསྐྲུན་ཐོག ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༢༩ གཟའ་ཟླ་བའི་ཉིན་བཞུགས་སྒར་དྷ་རམ་ས་ལར་གསར་དུ་དབུ་འབྱེད་འགྲེམས་སྤེལ་དང་། དེ་བཞིན། རྒྱ་ཆེའི་ཀློག་པ་རྣམས་ལ་བཀླག་བདེ་ཡོང་ཐབས་སུ། PDF ཡིག་ཆའི་རྣམ་པའི་གློག་རྡུལ་དེབ་གཟུགས་བཟོས་ཏེ་དྲ་ལམ་བརྒྱུད་འགྲེམས་སྤེལ་བྱས་ཡོད། <<བསྟུན་རྒོལ་ཁྲིམས་གཏུགས>> ཞེས་པའི་དེབ་ནང་། རྩོམ་པ་པོ་ཁོང་གིས་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་དང་། རྒྱལ་སྤྱིའི་ཁྲིམས་ལུགས། རྒྱ་གཞུང་གི་རྩ་ཁྲིམས་ཀྱི་དངོས་བསྟན་དང་ཡོངས་སུ་བསྟུན་པའི་སྒོ་ནས། རྒྱ་གཞུང་གི་སྒེར་གཅོད་སྲིད་ཇུས་ཀྱི་ལོག་སྤྱོད་ཐེར་འདོན་བྱས་ཡོད་པ་མ་ཟད། ཞི་བདེ་དང་རང་དབང་། འདྲ་མཉམ། མང་གཙོ་བཅས་འགྲོ་བ་མིའི་ཡོངས་ཁྱབ་རིན་ཐང་གཞི་རྩར་བཟུང་སྟེ། རྒྱ་གཞུང་གི་མི་སེར་སྤེལ་བའི་དབང་སྒྱུར་འོག་གནས་པའི་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གསལ་འདོན་བྱས་ཡོད།

Read More »

བོད་ནང་ལུགས་མཐུན་སྒོས་ཁེ་ལས་ཚོང་གཉེར་ཡོང་ཐབས་སྐོར་གྱི་ལམ་སྟོན་ཡིག་ཆ།

འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ངོས་ནས། ཟླ་འདིའི་ཕྱི་ཚེས་ ༢༩ རེས་གཟའ་ཟླ་བའི་ཉིན། <<བོད་ནང་ལུགས་མཐུན་སྒོས་ཁེ་ལས་ཚོང་གཉེར་ཡོང་ཐབས>> སྐོར་གྱི་ལམ་སྟོན་ཡིག་ཆ་ཞིག་ཀྱང་འགྲེམས་སྤེལ་བྱས་ཡོད། སྤྱིར་བོད་ནང་རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་ཚོང་གཉེར་པ་རྣམས་ཀྱིས། སོ་སོའི་དཔལ་འབྱོར་འདུ་འགོད་ཀྱི་ཁེ་ཕན་ཁོ་ནར་དམིགས་ཏེ། བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་ཁེ་དབང་སྣང་མེད་བརྡལ་བཤིག་གཏོང་བའི་གནས་སྟངས་ཡོང་བཞིན་ཡོད་སྟབས། དེབ་འདིའི་ནང་དོན་ཚན་ ༣༥ སྒོ་ནས་བོད་མིའི་ཐོབ་ཐང་དང་ཁེ་དབང་བརྩི་སྲུང་ཐོག་ཚོང་གཉེར་བྱ་དགོས་པའི་སྐོར་གསལ་འདོན་བྱས་ཡོད། <<བོད་ནང་ལུགས་མཐུན་སྒོས་ཁེ་ལས་ཚོང་གཉེར་ཡོང་ཐབས>> སྐོར་གྱི་ལམ་སྟོན་ཡིག་ཆ་འདིས། བོད་ནང་ཚོང་ལས་གཉེར་མཁན་རྣམས་ལ་སྔར་མེད་ཀྱི་དམིགས་བསལ་གོ་བརྡ་གཞན་གང་ཡང་སྟོན་གྱིན་ཡོད་པར། རྒྱ་གཞུང་རང་ཉིད་ཀྱིས་ངོས་འཛིན་ཡོད་པའི་ཁྲིམས་ལུགས་ཁག་གི་གཏན་འབེབས་སྒྲིག་གཞི་བསྐྱར་དུ་གསལ་འདོན་བྱས་ཡོད། ༢༠༡༡ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཚོང་ལས་འོས་འགན་དང་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་རྩ་འཛིན་ཡིག་ཆ་འགྲེམས་སྤེལ་བྱས་པ་དེར་རྒྱ་གཞུང་གིས་ཀྱང་མོས་མཐུན་ངོས་འཛིན་ཐོབ་ཡོད་པ་རེད། དེ་བཞིན། ལམ་སྟོན་ཞིག་ཆ་འདིས་གཞི་བཅོལ་ས་ནི་རྒྱ་ནག་གི་ལྕགས་རིགས་བཟོ་ཚོང་སྡེ་ཁག་གིས་ངོས་ལེན་ཡོད་པའི་རང་བྱུང་གཏེར་ཁ་དང་། རྫས་སྦྱོར་ཐོན་དངོས་ཕྱིར་འཚོང་ནང་འདྲེན་སོགས་དང་འབྲེལ་བའི་རྒྱ་ནག་གི་རྒྱལ་ནང་དང་ཕྱི་རྒྱལ་ཚོང་ལས་དོ་དམ་སྐོར་གྱི་གཏན་འབེབས་ཚད་གཞི་གཞིར་བཟུང་ཡོད། རྩ་འཛིན་ཡིག་ཆ་དེ་དག་ནི་རྒྱ་གཞུང་གི་གཞུང་འབྲེལ་ཁྲིམས་ཡིག་ཅིག་ཆགས་ཀྱི་མེད་ནའང་། རྒྱ་གཞུང་གིས་རྒྱ་ནག་ནང་ཚོང་ལས་ཀྱིས་འགྲོ་བ་མིའི་ཁེ་དབང་འགན་སྲུང་རྩ་འཛིན་དེར་ངོས་ལེན་བྱེད་ཀྱིན་ཡོད་པ་རེད།

Read More »

༧གོང་ས་མཆོག་དགུང་གྲངས་ ༨༠ འཁྲུངས་སྐར་སྲུང་བརྩི་བྱས་པར་བརྟེན་ནས་བོད་མི་ཞིག་འཇུ་བཟུང་བྱས་པར་བློ་འཚབ་ཡོད།

ཕྱི་ཟླ་ ༧ ཚེས་ ༦ ཉིན་ཏེ་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་བསླེབ་ལ་ཉེ་བའི་སྐབས་དང་བསྟུན་ནས། རྒྱ་གཞུང་གིས་བོད་ནང་དུ་བོད་མི་ཚོས་སྐུའི་འཁྲུངས་སྐར་སྲུང་བརྩིའི་འདུ་འཛོམས་བཀག་སྡོམ་དང་། གནས་འཕྲིན་དྲ་རྒྱའི་བརྒྱུད་ལམ་ཁག་ནང་༧གོང་ས་མཆོག་གི་སྐུ་པར་འཇོག་མཁན་རྣམས་འཇུ་བཟུང་བཙན་འཁྲིད་བྱེད་བཞིན་ཡོད་འདུག ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་བོད་མི་ཚེ་རིང་དོན་གྲུབ་ལགས་ཀྱིས་སྐད་འཕྲིན་ནང་བོད་ཀྱི་རྒྱལ་དར་དང་༧གོང་ས་མཆོག་གི་སྐུ་པར་བཞག་པར་བརྟེན་ནས་འཇུ་བཟུང་བཙན་འཁྲིད་བྱས་ཡོད་པ་དང་། ད་ལྟའི་ཆར་ཁོང་དུ་བཀག་ཉར་བྱས་ཡོད་མེད་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད། རྒྱ་གཞུང་གིས་བོད་མི་རྣམས་གསང་བའི་སྒོ་ནས་འཇུ་བཟུང་བཙན་འཁྲིད་བྱས་ཐོག ནང་མིར་གར་ཡོད་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་མ་བཅུག་པར་གར་སོང་ཆ་མེད་འགྱུར་བཞིན་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནས་སྟངས་དེ་རིགས། ད་ལྟའི་བར་དུ་བོད་ནང་རྒྱུན་མ་ཆད་པར་མུ་མཐུད་བྱུང་དང་འབྱུང་བཞིན་ཡོད། ཚེ་རིང་དོན་གྲུབ་ལགས་ཀྱིས་སྐད་འཕྲིན་ནང་༧གོང་ས་མཆོག་གི་སྐུ་པར་བཞག་པར་བརྟེན་ནས་འཇུ་བཟུང་བྱས་ཡོད་པ་ལྟར། སྤྱིར་སྐད་འཕྲིན་ནི་རྒྱ་གཞུང་གིས་སྟངས་འཛིན་འོག་ཡོད་པའི་བོད་མི་རྣམས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་ལྟ་རྟོགས་ཞིབ་བཤེར་གྱི་ལག་ཆ་གཙོ་བོ་ཞིག་ཆགས་ཡོད། སྐད་འཕྲིན་ནང་བོད་དོན་དང་འབྲེལ་བའི་པར་རིས་དང་གནས་ཚུལ་གཏོང་མཁན་བོད་མི་རྣམས་རྒྱ་གཞུང་གིས་འཇུ་བཟུང་བཀག་ཉར་དང་བཙོན་འཇུག་ཁྲིམས་ཐག་ནན་མོ་གཅོད་བཞིན་ཡོད། དེ་བཞིན། ཚེ་རིང་དོན་གྲུབ་ལགས་ཀྱི་ཕ་ཡུལ་བོད་མདོ་སྨད་རེབ་གོང་ཐུན་རིན་རྫོང་ཁོངས་སུ། ཕྱི་ཟླ་ ༦ ཚེས་ ༢༡ ཉིན་གྱི་༧གོང་ས་མཆོག་གི་སྐུའི་གྱ་སྟོན་ཉིན་མོ་སྲུང་བརྩི་བཀག་སྡོམ་བྱས་ཏེ། ས་གནས་མང་ཚོགས་དགོན་པར་མཆོད་མཇལ་དུ་འགྲོ་རྒྱུར་དམ་དྲག་དང་། མང་ཚོགས་ཀྱི་ཁ་པར་ནང་ཞིབ་བཤེར་དང་བཙན་འཕྲོག་སོགས་བྱས་ཡོད་འདུག དམ་དྲག་བཀག་སྡོམ་གྱི་གནས་ཚུལ་དེའི་འོག་བོད་མི་འཇུ་བཟུང་བྱས་པའི་གྲངས་ཀ་ནི། ད་ལྟའི་ཆར་ཤེས་རྟོགས་བྱུང་བའི་ཚེ་རིང་དོན་གྲུབ་ལགས་གཅིག་པུ་ཙམ་མ་ཡིན་པར་གཞན་པའང་ཡོད་ངེས་ལ། དེ་བཞིན། ༧གོང་ས་མཆོག་གི་འཁྲུངས་སྐར་ཉིན་མོ་བསླེབ་ལ་ཉེ་བའི་སྐབས་དང་བསྟུན་ནས། བོད་མི་འཇུ་བཟུང་གི་གྲངས་འབོར་མུ་མཐུད་མང་དུ་འགྲོ་སྲིད་པ་རེད།

Read More »

སངས་རྒྱས་མཚོའི་ཁྱོ་ག་དང་གཞན་པའི་གྲྭ་པ་གཅིག་འཇུ་བཟུང་བྱས་འདུག

ཕྱི་ཚེས་ ༡༠ ཉིན་སངས་རྒྱས་མཚོའི་ཁྱོ་ག་རྟ་མགྲིན་དབང་རྒྱལ་དང་ཆས་པའི་གཤིས་དགོན་པའི་གྲྭ་འཕྲིན་ལས་རྒྱ་མཚོ་གཉིས་འཇུ་བཟུང་བྱས་འདུག འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༡༠ ཉིན། ཉེ་སྔོན་རང་ལུས་མེར་བསྲེགས་ཀྱིས་འདས་གྲོངས་ཕྱིན་པའི་བོད་རིགས་བུ་མོ་སངས་རྒྱས་མོའི་ཁྱོ་གོ་རྟ་མགྲིན་དབང་རྒྱལ་དང་། ཆས་པའི་གཤིས་སམ་ཆོས་དཔལ་ཞིང་བཀྲ་ཤིས་ཆོས་འཁོར་གླིང་དགོན་པའི་གྲྭ་འཕྲིན་ལས་རྒྱ་མཚོ་གཉིས་རྒྱ་གཞུང་གིས་འཇུ་བཟུང་བཙན་འཁྲིད་བྱས་ཡོད་འདུག སངས་རྒྱས་མཚོའི་ཁྱོ་ག་རྟ་མགྲིན་དབང་རྒྱལ་ལགས་ནི། ཅོ་ནེ་རྫོང་ཉིན་པ་ཞང་ཉིན་པ་སྡེ་བའི་ཡིན་པ་དང་། གྲྭ་འཕྲིན་ལས་རྒྱ་མཚོ་ལགས་ནི་ཉིན་པ་ཞང་བརྒྱ་ཆད་སྡེ་བའི་ཡིན་པ་རེད། ཁོང་གཉིས་འཇུ་བཟུང་བྱེད་དགོས་པའི་རྒྱུ་མཚན་གསལ་བོ་ཤེས་རྟོགས་བྱུང་མེད་ཀྱང་། ས་གནས་མང་ཚོགས་ཀྱིས་ཁོང་གཉིས་ཀྱང་སངས་རྒྱས་རང་ལུས་མེར་བསྲེགས་དང་འབྲེལ་བའི་ཉེས་འཛུགས་འོག རྒྱ་གཞུང་གིས་འཇུ་བཟུང་བྱས་པ་ཞིག་ཡིན་པའི་ཚོད་དཔག་བྱེད་ཀྱིན་ཡོད་འདུག

Read More »

རྩོམ་པ་པོ་དྷི་ལྷ་ལྡན་ལགས་ཀྱི་བརྩམས་དེབ་<<བསྟུན་རྒོལ་ཁྲིམས་གཏུགས>>མི་འགྱང་པར་འགྲེམས་སྤེལ་རྒྱུ།

དྷི་ལྷ་ལྡན་ལགས་ནི་ཆོས་སྒོར་ཞུགས་པའི་ནང་པའི་གྲྭ་པ་ཞིག་དང་། བོད་ནང་གནས་བཞུགས་གཞོན་སྐྱེས་ཤེས་ལྡན་པ་དང་རྩོམ་པ་པོ་ཞིག་ཡིན། ཁོང་ཕྱི་ལོ་ ༡༩༨༠ ལོར་བོད་མདོ་སྨད་མགོ་ལོག་པདྨ་རྫོང་དུ་སྐྱེས། དྷི་ལྷ་ལྡན་ནི་ཁོང་གི་སྨྱུག་མིང་ཡིན་པ་དང་། ཁོང་གི་གྲྭ་མིང་ལ་ཐུབ་བསྟན་བློ་བཟང་ལྷུན་འགྲུབ་ཟེར། རང་ལོ་ ༡༡ སྟེང་ཆོས་སྒོར་ཞུགས་ཏེ་ལོ་བཞིའི་རྗེས་སུ་གསེར་རྟ་བླ་རུང་སྒར་དུ་སློབ་གཉེར་མཛད། རང་ལོ་ ༢༨ སྟེང་ལྷ་སར་བསྐྱོད་དེ་གདན་ས་ཆེན་པོ་འབྲས་སྤུངས་དང་སེ་ར་དགོན་པ་བཅས་སུ་སློབ་གཉེར་མཛད། ཡིན་ནའང་། རྗེས་སུ་དགག་རྐྱེན་སྣ་ཚོགས་པའི་རྐྱེན་གྱིས་སློབ་གཉེར་མཇུག་མ་རྫོགས་པར་མཚམས་འཇོག་བྱ་དགོས་བྱུང་ཡོད་པ་རེད། ཕྱི་ལོ་ ༢༠༠༨ ལོ་ནས་བཟུང་ཁོང་བོད་ཀྱི་ས་ཁུལ་སོ་སོར་བསྐྱོད་དེ། བོད་མིའི་དངོས་མྱོང་གནས་ཚུལ་མཐའ་དག་ཡིག་ཐོག་ཏུ་འགོད་པའི་རྩོམ་འབྲིའི་ཕྱག་ལས་གནང་མགོ་བརྩམས་ཡོད་པ་རེད། དེ་སྔོན། རྩོམ་པ་པོ་ཁོང་གིས་བོད་ནང་གནས་སྟངས་སྐོར་ལ་བྲིས་པའི་བརྩམས་དེབ་ཐོག་མ <<ཚེ་སྲོག་གིས་བསྐྲུན་པའི་སྐད་ཆ>> ཞེས་པ་དེ། ཕྱི་ལོ་ ༢༠༡༢ ལོར་འདི་ག་ལྟེ་གནས་ཁང་གིས་པར་འགྲེམས་ཞུས་པ་དང་། ཉེ་སྔོན་ཁོང་གིས་བརྩམས་པའི་དེབ་གཉིས་པ་ <<བསྟུན་རྒོལ་ཁྲིམས་གཏུགས>> ཞེས་པ་དེ། འདི་ག་ལྟེ་གནས་ཁང་ལ་བཏང་འབྱོར་གྱིས་སྤྱི་ཚོགས་ཁྲོད་པར་འགྲེམས་ཡོང་བའི་ཐུགས་རེ་གནང་བ་ལྟར། ད་ལྟའི་ཆར་དེབ་དེ་དབྱིན་བསྒྱུར་གྲུབ་སྟེ་ཕྱི་ཟླ་ ༦ པའི་ཕྱི་ཚེས་ ༢༩ ཉིན། བོད་དབྱིན་དེབ་གཉིས་མཉམ་དུ་སྤྱི་ཚོགས་ཁྲོད་འགྲེམས་སྤེལ་བྱ་རྒྱུ་ཡིན། དེབ་འདི་བརྒྱུད་ནས་ཀློག་པ་པོ་རྣམས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་མཐའ་དག་མཁྱེན་རྟོགས་ཡོང་བའི་རེ་བ་ཡོད། ཀློག་པ་པོ་དང་ཉམས་ཞིབ་པ་དག་གིས། རྩོམ་པ་པོ་དྷི་ལྷ་ལྡན་ལགས་ཀྱི་བརྩམས་དེབ་ <<བསྟུན་རྒོལ་ཁྲིམས་གཏུགས>> སྐོར་ལ་མཁྱེན་རྟོགས་དང་དོ་སྣང་ཡོང་ཆེད། དེབ་ནང་གི་དུམ་ཚན་རེ་ཟུང་གཤམ་དུ་ཟུར་བཀོད་ཀྱི་གསལ་བསྒྲགས་བརྡ་ཁྱབ་འདི་སྤེལ་བ་ཡིན།

Read More »

སངས་རྒྱས་མཚོའི་སྡེ་པ་གཅིག་པའི་གྲྭ་པ་གཉིས་སྔ་ཕྱིར་འཇུ་བཟུང་བྱས་འདུག

རྒྱ་གཞུང་ཉེན་རྟོག་པས་རང་ལུས་མེར་བསྲེགས་གནང་མཁན་སངས་རྒྱས་མཚོ་དང་སྡེ་པ་གཅིག་པ་ཡིན་པའི་ཆས་པའི་གཤིས་དགོན་པའི་གྲྭ་བསམ་གཏན་རྒྱ་མཚོ་དང་བློ་བཟང་བསྟན་འཛིན་ལགས་གཉིས་སྔ་ཕྱིར་འཇུ་བཟུང་བཙན་འཁྲིད་བྱས་འདུག འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༥ ཟླ་ ༦ པའི་ཚེས་ ༤ ཉིན་ཆུས་པའི་གཤིས་སམ་ཆོས་དཔལ་ཞིང་བཀྲ་ཤིས་ཆོས་འཁོར་གླིང་དགོན་པའི་སྨན་པ་གྲྭ་ཚང་གི་གྲྭ་བསམ་གཏན་རྒྱ་མཚོ་ལགས་རྒྱ་གཞུང་ཉེན་རྟོག་པས་འཇུ་བཟུང་བཙན་འཁྲིད་བྱས་ཡོད་པ་དང་། དེ་བཞིན། ཚེས་ ༥ ཉིན་མཚན་ཉིད་གྲྭ་ཚང་གི་གྲྭ་བློ་བཟང་བསྟན་འཛིན་ལགས་ཀྱང་འཇུ་བཟུང་བཙན་འཁྲིད་བྱས་ཏེ། ད་ལྟའི་ཆར་ཁོང་གཉིས་གར་སོང་ཆ་མེད་ཀྱི་གནས་སྟངས་འོག་ལྷག་ཡོད་འདུག གྲྭ་བསམ་གཏན་རྒྱ་མཚོ་དང་བློ་བཟང་བསྟན་འཛིན་གཉིས་ནི། ཉེ་ཆར་རང་ལུས་མེར་བསྲེགས་ཀྱིས་སྐུ་གྲོངས་མཁན་བོད་རིགས་བུ་མོ་སངས་རྒྱས་མཚོ་དང་སྡེ་པ་གཅིག་པ་སྟེ། ཅོ་ནེ་རྫོང་ཉིན་པ་ཞང་རྨེ་རུ་སྲིབ་པ་སྡེ་པའི་ཡིན་པ་དང་། ཁོང་གཉིས་ཀ་རང་ལོ་ཉི་ཤུའི་ནང་ཡོད་འདུག

Read More »

སངས་རྒྱས་མཚོའི་སྤུན་ཉེ་གྲྭ་པ་ཞིག་རྒྱ་གཞུང་གིས་འཇུ་བཟུང་བྱས་འདུག

ཕྱི་ཚེས་ ༢༧ ཉིན་སངས་རྒྱས་འཚོའི་རང་ལུས་མེར་བསྲེགས་ཀྱིས་འདས་གྲོངས་ཕྱིན་རྗེས། ཁོང་མོའི་སྤུན་ཉེ་གྲྭ་བསྟན་འཛིན་བཟོད་པ་ལགས་རྒྱ་གཞུང་གིས་གློ་བུར་འཇུ་བཟུང་བཙན་འཁྲིད་བྱས་འདུག འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༢༨ ཉིན། ཆས་བུ་གཤིས་སམ་ཆོས་དཔལ་ཞིང་བཀྲ་ཤིས་ཆོས་འཁོར་གླིང་དགོན་པའི་སྨན་པ་གྲྭ་ཚང་གི་གྲྭ་བསྟན་འཛིན་བཟོད་པ་ལགས་རྒྱ་གཞུང་ཉེན་རྟོག་པས་གློ་བུར་འཇུ་བཟུང་བཙན་འཁྲིད་བྱས་ཡོད་འདུག གྲྭ་བསྟན་འཛིན་བཟོད་པ་ལགས་ནི། ཕྱི་ཚེས་ ༢༧ ཉིན་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་གནང་མཁན་བོད་རིགས་བུ་མོ་སངས་རྒྱས་འཚོའི་མིང་པོ་ཞིག་གི་བུ་ཡིན་འདུག ཁོང་འཇུ་བཟུང་བྱེད་དགོས་པའི་རྒྱུ་མཚན་དང་ད་ལྟའི་གནས་སྟངས་གསལ་བོ་ཤེས་རྟོགས་ཐུབ་ཀྱི་མེད་ཀྱང་། ས་གནས་མང་ཚོགས་ཀྱིས་དེ་ནི་རྒྱ་གཞུང་གིས་སངས་རྒྱས་མཚོའི་རང་ལུས་མེར་བསྲེགས་ལ་ཁ་གཡར་ཏེ་འཇུ་བཟུང་བྱས་པ་ཞིག་ཡིན་པའི་ཚོད་བགམ་བྱེད་ཀྱིན་འདུག

Read More »