Friday , September 20 2019
Home / གསར་འགྱུར། (page 18)

གསར་འགྱུར།

སྐད་འབོད་གོམ་བགྲོད་མཁན་ཀིརྟི་དགོན་པའི་གྲྭ་པ་གཉིས་སྔ་ཕྱིར་འཇུ་བཟུང་བྱས་འདུག

ཕྱི་ཚེས་བཅུ་ཉིན་རྔ་པ་རྫོང་མཁར་དུ་སྔར་ཕྱིར་རྔ་པ་ཀིརྟི་དགོན་པའི་གྲྭ་པ་གཉིས་ཀྱིས་ཞི་བའི་སྐད་འབོད་གོམ་བགྲོད་བྱས་པར། རྒྱ་གཞུང་གིས་ཁོང་གཉིས་འཇུ་བཟུང་བཙན་འཁྲིད་བྱས་ཡོད་པ་མ་ཟད། སྐབས་དེར་ཉེ་འཁོར་ནས་སྐད་འབོད་བྱེད་མཁན་ས་གནས་བོད་རིགས་མང་ཚོགས་རྣམས་ལའང་གཅར་རྡུང་འཇུ་བཟུང་བྱས་ཡོད་པ་རེད། རྒྱ་གཞུང་གིས་དྲག་པོའི་སྟོབས་ཤུགས་ཁོ་ནར་བརྟེན་ནས་བོད་མིའི་ཐོག་དྲག་གནོན་དབང་བསྒྱུར་བྱེད་ཤུགས་ཆེ་རུ་བཏང་བའི་རྐྱེན་གྱིས། བོད་ནང་དུ་མི་སྒེར་ཁེར་རྐྱང་ཁྲོམ་གཞུང་དུ་ཐོན་ཏེ་ཞི་བའི་ངོ་རྒོལ་སྐད་འབོད་བྱེད་མཁན་མང་རུ་འགྲོ་བཞིན་ཡོད། འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༡༠ ཉིན་གྱི་སྔ་དྲོ་རྔ་པ་ཀིརྟི་དགོན་གྱི་གྲྭ་ཨ་གྲགས་ལགས་ཀྱིས། “བོད་ལ་རང་དབང་དགོས། ༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག” ཅེས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་གནང་བཞིན་རྔ་པ་རྫོང་མཁར་གྱི་གཞུང་ལམ་དུ་ཞི་བའི་གོམ་བགྲོད་བྱས་ཡོད་པ་དང་། དེ་མ་ཐག་རྒྱ་གཞུང་ཉེན་རྟོག་པས་རིབ་རྡུང་བྱེད་བཞིན་ཁོང་འཇུ་བཟུང་བཙན་ཁྲིད་བྱས་ཡོད་པ་རེད། སྐབས་དེར་ཉེ་འཁོར་གྱི་བོད་མི་མང་པོས་སྐད་འབོད་བྱས་པར། ཉེན་རྟོག་པས་མི་མང་ལ་གང་བྱུང་གཅར་རྡུང་གཏོང་བཞིན་ཁག་ཅིག་འཛིན་བཟུང་བྱས་ཡོད་ཀྱང་། ད་ལྟའི་ཆར་མི་དེ་དག་གི་མིང་དང་ས་གནས་སོགས་ཞིབ་ཕྲ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད། རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱིས་མི་སེར་སྤེལ་བའི་དྲག་གནོན་དབང་བསྒྱུར་ཀྱི་ད་ལྟའི་ས་ཁོངས་ལྟར་བྱས་ན། གྲྭ་ཨ་གྲགས་ལགས་ནི་ཟི་ཁྲོན་ཞིང་ཆེན་ཁོངས་སུ་བཅད་བགོས་བྱས་ཡོད་པའི་རྔ་བ་བོད་རིགས་རང་སྐྱོང་ཁུལ་རྔ་པ་རྫོང་ཆོས་རྗེ་མ་ཡུལ་ཚོའི་སོ་རུ་མ་སྡེ་བའི་ཡིན་པ་དང་། ད་ལྟ་ཁོང་རང་ལོ་ ༢༠ ཙམ་ཡིན་འདུག ཁོང་གི་ཕའི་མིང་ལ་འཛམ་པ་དང་མའི་མིང་ལ་རིག་ཁོ་ཟེར། ཁོང་ཚང་ལ་མིང་སྲིང་དགུ་ཡོད་པའི་ནང་ནས་ཆུང་ཤོས་དེ་ཡིན་པ་རེད། ཁོང་ཆུང་ཆུང་དུས་ནས་རྔ་པ་ཀིརྟི་དགོན་པར་ཆོས་ཞུགས་ཀྱིས་དེང་སྐབས་བློ་རིག་འཛིན་གྲྭ་ཡིན་འདུག ཕྱི་ལོ་ ༢༠༡༢ ལོར་ཁོང་གི་ཚ་བོ་གྲྭ་བློ་བཟང་ཚུལ་ཁྲིམས་ལའང་རང་ལུས་མེར་སྲེག་དང་འབྲེལ་བ་ཡོད་པའི་ཉེས་འཛུགས་བྱས་ཏེ་ལོ་ ༡༡ གི་བཙོན་འཇུག་ཁྲིམས་ཐག་བཅད་ནས་ད་ལྟའི་ཆར་བཙོན་ཁང་དུ་གནས་མུས་ཡིན་འདུག

Read More »

ཡང་བསྐྱར་བོད་མི་ཞིག་གིས་༧གོང་ས་མཆོག་གི་སྐུ་པར་འཕྱར་ནས་སྐད་འབོད་གོམ་བགྲོད་བྱས་འདུག

དེ་རིང་གཟའ་ལྷག་པའི་ཉིན་བོད་མདོ་སྨད་རྔ་པ་རྫོང་མཁར་དུ། རྔ་པ་ཀིརྟི་དགོན་པའི་གྲྭ་འཇམ་དཔལ་རྒྱ་མཚོ་ལགས་ཀྱིས་ཞི་བའི་སྐད་འབོད་གོམ་བགྲོད་བྱས་པར། རྒྱ་གཞུང་ཉེན་རྟོག་པས་འཇུ་བཟུང་བཙན་འཁྲིད་བྱས་ཡོད་པ་རེད། འདི་ག་ལྟེ་གནས་ཁང་དུ་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༩ ཉིན་གྱི་བོད་ནང་གི་ཆུ་ཚོད་ ༡༢ ཙམ་ལ། བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་གྲྭ་འཇམ་དཔལ་རྒྱ་མཚོ་ལགས་ཀྱིས། ལག་གཉིས་ཀྱིས་༸གོང་ས་མཆོག་གི་སྐུ་པར་ཆེན་པོ་ཞིག་མཐོན་པོར་བསྒྲེངས་ནས། བོད་ལ་རང་དབང་དགོས་པའི་ངོ་རྒོལ་སྐད་འབོད་གནང་བཞིན་རྔ་པ་རྫོང་མཁར་གྱི་གཞུང་ལམ་དུ་གོམ་བགྲོད་བྱས་ཡོད་ཀྱང་། སྐབས་དེར་ཉེན་རྟོག་པ་ཡོང་ནས་ཁོང་འཇུ་བཟུང་བཙན་ཁྲིད་བྱས་ཡོད་པ་དང་། ད་ལྟའི་ཆར་ཁོང་གར་ཡོད་ཅི་བྱུང་གི་གནས་ཚུལ་གང་ཡང་ཤེས་རྟོགས་མ་ཐུབ་ཀྱི་མེད་པ་རེད།

Read More »

སྐུ་པར་ཉར་ཚགས་ཀྱི་རྐྱེན་པས་གྲྭ་ཆོས་འཕེལ་འཇུ་བཟུང་བཀག་ཉར་བྱས་འདུག

སྐད་འཕྲིན་ནང་༧གོང་ས་མཆོག་གི་སྐུ་པར་བརྒྱུད་སྐུར་དང་ཉར་ཚགས་བྱས་པ་ཉེས་དམིགས་སུ་རྩིས་ཏེ། བོད་མདོ་སྨད་རེབ་གོང་རོང་བོ་དགོན་པའི་གྲྭ་ཆོས་འཕེལ་ལགས་རྒྱ་གཞུང་ཉེན་རྟོག་པས་ཁྲིམས་འགལ་ཐོག་འཇུ་བཟུང་བཀག་ཉར་བྱས་ཡོད་འདུག འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡༠ ཉིན། བོད་མདོ་སྨད་རེབ་གོང་སྒོ་དམར་གྲོང་ཚོ་ནས་ཡིན་པའི་རོང་བོ་དགོན་པའི་གྲྭ་ཆོས་འཕེལ་ལགས། རྒྱ་གཞུང་ཉེན་རྟོག་པས་དགོན་པ་ནས་འཇུ་བཟུང་བཙན་འཁྲིད་བྱས་ཡོད་པ་དང་། ད་ལྟ་རེབ་གོང་རྫོང་ཐོག་ཏུ་ཡོད་པའི་བྲག་དམར་འོག་བཙོན་ཁང་དུ་བཀག་ཉར་བྱས་ཡོད་འདུག རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱིས་མི་སེར་སྤེལ་བའི་ད་ལྟའི་སྲིད་འཛིན་ས་ཁོངས་ལྟར་བྱས་ན། གྲྭ་ཆོས་འཕེལ་ལགས་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་རྫོང་གཉན་ཐོག་ཡུལ་ཚོ་སྒོ་དམར་གྲོང་ཚོ་ནས་ཡིན་པ་རེད། ཁོང་ད་ལྟ་རང་ལོ་ ༤༦ ཡིན་པ་དང་། ཆུང་དུས་ནས་རེབ་གོང་རོང་བོ་དགོན་པའི་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་ཞུགས་ཏེ་ད་ལྟ་འདུལ་བ་འཛིན་གྲྭར་བསླེབས་ཡོད་འདུག ཁོང་འཛིན་བཟུང་བྱེད་དགོས་དོན་ནི། ཁོང་གིས་སྐད་འཕྲིན་ནང་༸གོང་ས་མཆོག་གི་སྐུ་པར་ཁ་ཤས་ཤིག་བརྒྱུད་བསྐུར་དང་ཉར་ཚགས་བྱས་པའི་རྐྱེན་གྱིས་ཡིན་འདུག

Read More »

གྲྭ་བློ་བཟང་སྐལ་བཟང་ལགས་རྒྱ་གཞུང་གིས་འཇུ་བཟུང་བཙན་འཁྲིད།

བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་སྐལ་བཟང་གིས་ཞི་བའི་སྐད་འབོད་གོམ་བགྲོད་བྱས་སྐབས། རྒྱ་གཞུང་ཉེན་རྟོག་པས་ཁོང་འཇུ་བཟུང་བཙན་འཁྲིད་བྱས་ཡོད་པ་དང་། སྐབས་དེར་ས་གནས་མང་ཚོགས་ཀྱིས་ངོ་རྒོལ་སྐད་འབོད་བྱས་པར། ཉེན་རྟོག་པས་ཁྲབ་ཆས་གོན་ནས་མང་ཚོགས་ལ་འཇུག་སྐུལ་བྱས་ཡོད་པ་རེད། འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༧ ཉིན་གྱི་བོད་ནང་གི་ཕྱི་དྲོའི་དུས་ཚོད་ ༣ ཙམ་ལ་བོད་མདོ་སྨད་རྔ་པ་ཀིརྟི་དགོན་གྱི་གྲྭ་བློ་བཟང་སྐལ་བཟང་ལགས་ཀྱིས། རྔ་པ་རྫོང་མཁར་གྱི་སྲང་ལམ་དུ་ ༼བོད་ཁ་བ་ཅན་ལ་རང་དབང་དགོས། རྒྱལ་དབང་བསྟན་འཛིན་རྒྱ་མཚོ་ཁྲི་ལོ་བརྟན་པར་ཤོག༽ ཅེས་སྐད་འབོད་གོམ་བགྲོད་བྱས་ཏེ། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་བསྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་སྐད་འབོད་གནང་སྟེ་གོམ་བགྲོད་བྱས་སྐབས། རྒྱ་གཞུང་གི་ཉེན་རྟོག་པ་རྣམས་ཀྱིས་ཁོང་བཙན་ཁྲིད་བྱས་ཡོད་པ་རེད། ད་ལྟའི་ཆར་ཁོང་གར་ཡོད་གང་བྱུང་གི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད། གྲྭ་བློ་བཟང་སྐལ་བཟང་ལགས་ནི་ད་ལྟ་རང་ལོ་ ༡༩ ཡིན་པ་དང་། རྔ་པ་རྫོང་རྨེའུ་རུ་མ་རུ་ཆེན་གཉིས་པའི་ཕ་ཚེ་རིང་བརྟན་ཁོ་དང་མ་ལྷ་སྐྱིད་གཉིས་ལ་བུ་མུ་མོ་བཞི་ཡོད་པའི་ནང་ནས་གཉིས་པ་ཡིན་འདུག ཆུང་ཆུང་སྐབས་ནས་རྔ་པ་ཀིརྟི་དགོན་པར་ཆོས་ཞུགས་བྱས་ཏེ། ༢༠༡༤ ལོར་སྔོན་འགྲོའི་འཛིན་གྲྭ་མཐར་ཕྱིན་ནས་དེང་སྐབས་མཚན་ཉིད་ཀྱི་འཛིན་གྲྭ་ཁ་དོག་དཀར་དམར་ཡིན་འདུག

Read More »

རྒྱ་གཞུང་གི་ཁང་པ་དམར་པོ་རུ་བོད་རིགས་བུད་མེད་ཅིག་གིས་རང་ལུས་མེར་བསྲེགས་བཏང་འདུག

ཟླ་འདིའི་ཕྱི་ཚེས་ ༢༧ དགོང་མོར་རང་ལོ་ ༥༥ ཡིན་པའི་བོད་རིགས་བུད་མེད་བཀྲ་ཤིས་སྐྱིད་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་བསྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་གྱིས་འདས་གྲོངས་ཕྱིན་ཡོད་འདུག འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ཟླ་ ༨ ཚེས་ ༢༧ ཉིན་གྱི་དགོང་མོར། བོད་མདོ་སྨད་བླ་བྲང་བསང་ཁོག་ཡུལ་ཚོའི་སྟེང་ཡོད་པའི་རྒྱ་གཞུང་གིས་འབྲོག་སྡེ་གསར་པ་ཞེས་སྒྲོག་བཞིན་པ་དང་། བོད་མི་ཚོས་ཁང་པ་དམར་པོ་ཞེས་འབོད་བཞིན་པའི་ཡུལ་ཚོའི་གྲོང་རྡལ་གྱི་འབྲོག་པ་གནས་སྤོར་ཁུལ་དུ། བུད་མེད་བཀྲ་ཤིས་སྐྱིད་ཀྱིས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་བསྒྱུར་གྱི་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་སྟེ་འདས་གྲོངས་ཕྱིན་ཡོད་འདུག བོད་རིགས་བུད་མེད་བཀྲ་ཤིས་སྐྱིད་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་ནས་ཅུང་ཙམ་རྗེས་ས་གནས་ཡུལ་མི་ཚོས་མཏོང་སྟེ། ཁོང་མོའི་ལུས་སྟེང་གི་མེ་བསད་ནས་སྐྱོབ་ཐབས་བྱས་ཡོད་ཀྱང་། མཚན་མོའི་ཆུ་ཚོད་ ༣ ཡས་མས་ལ་ཁོང་མོ་སྐུ་གྲོངས་ཡོད་པ་དང་། ཕྱི་ཚེས་ ༢༨ ཉིན་གྱི་ཕྱོགས་པ་ནམ་ལངས་མ་ཐག་རྒྱ་གཞུང་ཉེན་རྟོག་པ་དང་དམག་མི་མང་པོ་སླེབས་ཏེ། ནང་མིའི་ལག་ནས་ཁོང་མོའི་སྐུ་ཕུང་བཙན་འཁྱེར་བྱས་ཡོད་འདུག

Read More »

ནང་ཆེན་རྫོང་དུ་འབྲོག་པ་གནས་སྤོ་བས་ཞུ་གཏུག་ཁྲོམ་སྐོར་ལ་བཀག་བསྡོམ་འཇུ་བཟུང་བྱས་འདུག

རྒྱ་གཞུང་གིས་གཙང་གསུམ་མགོ་ཁུངས་སྐྱེས་ཁམས་སྲུང་སྐྱོབ་ལ་ཁ་གཡར་ཏེ། ནང་ཆེན་རྫོང་ཉག་ལ་ཡུལ་ཚོ་ཆུ་སྨད་གྲོང་ཚོའི་འབྲོག་པ་རྣམས་གནས་སྤོར་བྱེད་བཅུག་རྗེས། གནས་སྤོའི་གུན་གསབ་དང་འཚོ་བའི་མཐུན་རྐྱེན་ལེགས་པོ་མ་སྦྱར་བའི་རྐྱེན་པས། ས་གནས་མང་ཚོགས་ཞུ་གཏུགས་ཁྲོམ་སྐོར་བྱ་དགོས་བྱུང་ཡོད། འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ཟླ་ ༨ ཚེས་༢༦ ཉིན་གྱི་སྔ་དྲོ་བོད་མདོ་ཁམས་ནང་ཆེན་རྫོང་ཉག་ལ་ཡུལ་ཚོ་ཆུ་སྨད་གྲོང་ཚོའི་མི་མང་གིས་རྒྱ་གཞུང་ལ་ཞུ་གཏུག་རྔམ་སྟོན་ཁྲོམ་སྐོར་བྱས་རྐྱེན། ཞུ་གཏུགས་ངོ་རྒོལ་བྱེད་མཁན་བོད་མི་ཁག་ཅིག་རྒྱ་གཞུང་ཉེན་རྟོག་པས་འཇུ་བཟུང་བཀག་བསྐྱིལ་བྱས་ཡོད་འདུག

Read More »

ལི་ཐང་དུ་འཇུ་བཟུང་ཐེབས་མཁན་བོད་མི་དེའི་མིང་ལ་བློ་བཟང་ཐུབ་བསྟན་ཟེར།

ཉེ་སྔོན་ལི་ཐང་རྫོང་དུ་བོད་མི་གཞོན་སྐྱེས་ཤིག་གིས་ཞི་བའི་སྐད་འབོད་བྱས་པར་བརྟེན་ནས། རྒྱ་གཞུང་ཉེན་རྟོག་པས་འཇུ་བཟུང་བཙན་ཁྲིད་བྱས་པ་དེའི་མིང་དང་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མ་བྱུང་ལྷག་ཡོད་པ་ལྟར། བོད་མི་གཞོན་སྐྱེས་དེའི་མིང་ལ་བློ་བཟང་ཐུབ་བསྟན་དང་རང་ལོ་ ༡༧ ཡིན་པ་དང་། ད་ལྟ་ལི་ཐང་རྫོང་དུ་བཀག་ཉར་བྱས་ཡོད་འདུག ཉེ་ཆར་གསར་ལམ་ཁག་ཏུ་ཡོངས་གྲགས་གནས་ཚུལ་ཐོན་པ་ལྟར། ཕྱི་ལོ་ ༢༠༡༥ ཕྱི་ཟླ་ ༨ ཚེས་ ༡༨ རེས་གཟའ་མིག་དམར་ཉིན། བོད་མི་ན་གཞོན་ཞིག་མདོ་ཁམས་ལི་ཐང་གི་ཁྲོམ་གཞུང་དུ་ཐོན་ནས། ༸གོང་ས་མཆོག་གི་སྐུ་ཐང་ཆེན་པོ་ཞིག་གནམ་ལ་འཕྱར་ཏེ། བོད་ལ་རང་དབང་དགོས། ༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། ཞེས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་སྐད་འབོད་བྱས་པར། རྒྱ་གཞུང་ཉེན་རྟོག་དམག་མི་སྐོར་ཞིག་གིས་ཁོང་གློ་བུར་འཇུ་བཟུང་གིས། རླངས་འཁོར་ནག་པོ་ཆུང་ཆུང་ཞིང་ནང་བླུགས་ཏེ་བཙན་འཁྲིད་བྱས་ཡོད་པ་དང་། སྐབས་དེར་བོད་མི་ཞི་རྒོལ་བ་དེའི་མིང་དང་ལོ་ཚད་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་མེད་པ་རེད།

Read More »

རྒྱ་གཞུང་གིས་བོད་མི་མང་ཚོགས་ལ་འཇིགས་སྐུལ་བཙན་དྲག་ཐོག་གནས་རིར་གཏེར་ཁ་བསྔོག་འཆར།

བོད་མདོ་སྨད་མཛོད་དགེ་འབྲིང་བ་ས་ཁུལ་གྱི་མང་ཚོགས་ཀྱིས་གནས་རི་ཨ་མྱེ་བྲག་རྫོང་དུ་གཏེར་ཁ་བསྔོག་རྒྱུར་ཞུ་འབོད་རོ་རྒོལ་པར། རྒྱ་གཞུང་གིས་བཙན་དྲག་འཇིགས་སྐུལ་གྱིས་མང་ཚོགས་ཀྱི་རེ་འདུན་ཡ་མེད་བཏང་ཐོག གཏེར་ལེན་ཚན་པས་གནས་རིའི་འདབས་སུ་གྲ་སྒྲིག་ཨང་གསར་གྱིས་གཏེར་ཁ་བསྔོག་རྩིས་བྱེད་བཞིན་ཡོད་འདུག འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༥ ཟླ་༨ ཚེས་ ༡༠ ཉིན་བོད་མདོ་སྨད་མཛོད་དགེ་འབྲིང་བའི་ཡུལ་ཏེ། རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱིས་མི་སེར་སྤེལ་བའི་དྲག་གནོན་དབང་བསྒྱུར་གྱི་ད་ལྟའི་ས་ཁོངས་དབྱེ་བགོས་ལྟར་བྱས་ན། ཟི་ཁྲོན་ཞིང་ཆེན་རྔ་པ་རང་སྐྱོང་ཁུལ་མཛོད་དགེ་རྫོང་འབྲིང་བ་ཡུལ་ཚོའི་གནས་རི་བྲག་རྫོང་དུ། རྒྱ་གཞུང་གི་གཏེར་འདོན་ཚན་པ་ཞིག་གིས་བཙན་ཤེད་ཀྱིས་གཏེར་ཁ་སྔོག་རྩིས་བྱེད་བཞིན་ཡོད་ཅིང་། ས་གནས་མང་ཚོགས་ཀྱིས་གནས་རི་ཨ་མྱེ་བྲག་རྫོང་སྔོག་ན་ཡུལ་ལ་བཀྲ་མི་ཤིས་ཤིང་། འཁོར་ཡུག་ལ་གནོད་པ་ཆེ་བ་སོགས་ལ་བསམ་ནས་དེར་གཏེར་ཁ་བསྔོག་ན་མི་འགྲིག་ཚུལ་ནན་བརྗོད་བྱས་ཏེ། གནས་རི་བྲག་རྫོང་ལ་འགྲོ་སའི་ལམ་ཁར་མི་མང་འདུ་འཛོམས་ཐོག་ནུས་པ་གང་ཡོད་ཀྱི་སྒོ་ནས་གཏེར་རྐོ་པ་དག་བཀག་འགོག་བྱས་ཀྱང་། རྒྱ་གཞུང་གིས་གཏེར་བརྐོ་རུ་མ་བཅུག་ན་སྲིད་གཞུང་གིས་དམག་མི་གཏོང་རྒྱུ་ཡིན་ཚུལ་སོགས་མི་མང་ལ་འཇིགས་སྐུལ་དང་བཙན་ཤེད་བྱས་ཏེ། མང་ཚོགས་ཀྱི་གནས་རིའི་ཁོར་ཡུག་སྲུང་སྐྱོབ་ཀྱི་རེ་བ་དེ་རྩིས་མེད་རྡོག་རོལ་བཏང་མཐར། གཏེར་འདོན་ཚན་པ་དེས་ད་ལྟའི་ཆར་གནས་རི་བྲག་རྫོང་འདབ་ཏུ་གཏེར་ཁ་སྔོག་བྱེད་ཀྱི་འཕྲུལ་ཆས་མང་པོ་འོར་འདྲེན་བྱས་ཏེ། གཏེར་བསྔོག་འདོན་གྱི་གྲ་སྒྲིག་ཨང་གསར་གྱིས་གཏེར་བརྐོ་ལས་ཀ་འགོ་འཛུགས་ཆོག་ཆོག་བྱས་ཡོད་འདུག གནས་རི་བྲག་རྫོང་ནི་ས་གནས་འབྲིང་བ་ཤོག་ཀ་སྤྱིའི་ཡུལ་ལྷར་མཆོད་བཀུར་བཞིན་པ་ཞིག་ཞིང་། རི་ངོས་སུ་གནས་མཇལ་ཞུ་ཡུལ་གྱི་བྲག་ཕུག་གཉིས་ཡོད་པ་དང་། ནམ་རྒྱུན་གནས་མཇལ་ཞུ་མཁན་ས་གནས་དད་ལྡན་མང་ཚོགས་རྒྱུན་ཆད་པར་ཡོང་གི་འདུག ས་གནས་མང་ཚོགས་ཀྱིས་ད་ལྟའི་བར་དུ་གནས་རི་དེ་རྩ་ཆེན་པོར་བརྩིས་ནས། རི་སྒང་དུ་ས་རྐོ་རྡོ་སློག་གཅིག་ཀྱང་བྱས་མྱོང་མེད་པར་སྲུང་སྐྱོབ་བྱས་ཡོད་ཀྱང་། ད་སྐབས་རྒྱ་གཞུང་གིས་བཙན་དྲག་གི་སྒོ་ནས་གནས་རིར་གཏེར་ཁ་བསྔོག་འདོན་བྱ་རྩིས་བྱས་ཡོད་སྟབས། ས་གནས་ཡུལ་མི་རྣམས་ཀྱིས་སེམས་ཁྲལ་ཆེན་པོ་བྱེད་བཞིན་ཡོད་འདུག

Read More »

བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ་ ༥༠ དུས་སྟོན་དང་འབྲེལ་ནས་བོད་མིར་མནར་གཅོད་དང་འཛམ་གླིང་ལ་བསླུ་འཁྲིད་བྱེད་བཞིན་ཡོད།

རྒྱ་དམར་གཞུང་གིས་རྒྱལ་ཁབ་ཕྱི་ནང་ཀུན་ལ་བོད་བཅིངས་འགྲོལ་བཏང་བ་ཡིན་པ་དང་། དེ་ནི་བོད་མི་རིགས་ལ་རང་དབང་དང་བདེ་སྐྱིད་བསྐྲུན་ཆེད་ཡིན་སྐོར། འདས་པའི་ལོ་ ༥༠ ལྷག་གི་རིང་བོད་མི་རིགས་ལ་འགྲེལ་བརྗོད་དང་སློབ་གསོ། དྲིལ་བསྒྲགས། བཙན་སྐུལ་བཅས་བྱས་ཡོད་པ་རེད། འོན་ཀྱང་། རྒྱ་གཞུང་གིས་བོད་བཅིངས་འགྲོལ་གྱི་རང་དབང་བདེ་སྐྱིད་ཟེར་བ་དེ། ད་དུང་བོད་མི་རིགས་ལ་ཚོར་རྟོགས་དང་ངོས་འཛིན་བྱེད་བཅུག་ཐུབ་མེད། ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༡༡ ཉིན་རྒྱ་གཞུང་དབུས་སྦྲགས་སྲིད་སྡེ་ཁག་གིས། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་ས་གནས་སོ་སོའི་སྦྲགས་སྲིད་སྡེ་ཁག་ལ་བརྡ་སྦྱོར་བཏང་སྟེ། རྒྱ་ནག་རྒྱལ་ཡོངས་ཀྱི་སྦྲགས་དངོས་བརྒྱུད་ལམ་ཁག་ལ་ཞིབ་ཕྲའི་དོ་དམ་ནན་མོ་བྱེད་དགོས་པ་མ་ཟད། ཕྱི་ཟླ་ ༨ ཚེས་ ༢༠ ནས་ཕྱི་ཟླ་ ༩ ཚེས་ ༡༢ བར་དམིགས་བསལ་བོད་རང་སྐྱོང་ལྗོངས་དང་པེ་ཅིན་དུ་བསྐུར་གཏོང་བྱས་པའི་སྦྲགས་དངོས་རྣམས་གཅིག་ཀྱང་མ་ལུས་བར་དོ་དམ་བཀག་སྡོམ་ནན་མོ་བྱས་ཏེ། སྦྲགས་འཕྲིན་དང་མྱུར་སྦྲགས་སོགས་བསྐུར་མཁན་དང་ལེན་མཁན་དོ་བདག་ཚང་མར་ཐོ་འགོད་ཞིབ་བཤེར་བྱ་དགོས་པའི་བཀའ་ཁྱབ་བཏང་འདུག བོད་རང་སྐྱོང་ལྗོངས་དང་པེ་ཅིན་དུ་དམིགས་བསལ་དོ་དམ་བཀག་སྡོམ་བྱ་དགོས་དོན་ནི། ཕྱི་ཟླ་ ༩ པའི་ཚེས་ ༡ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ་ ༥༠ འཁོར་བའི་དགའ་སྟོན་ཟེར་བ་དང་། ཕྱི་ཟླ་ ༩ ཚེས་ ༣ ཉིན་རྒྱ་ནག་རྒྱལ་ས་པེ་ཅིན་དུ་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ ༧༠ འཁོར་བའི་དུས་དྲན་སྲུང་བརྩིའི་ལས་འགུལ་དང་། ཕྱི་ཟླ་ ༨ ཚེས་ ༢༢ ནས་ཚེས་ …

Read More »

བོད་རིགས་བུ་མོ་འོད་དཀར་སྐྱིད་རྒྱ་གཞུང་ཉེན་རྟོག་པས་འཇུ་བཟུང་བཙན་འཁྲིད།

བོད་མདོ་སྨད་རྔ་བ་རྨེའུ་རུ་མ་ཡུལ་ཚོའི་སྟེང་བོད་རིགས་བུ་མོ་ཞིག་གིས་ཞི་བའི་སྐད་འབོད་ངོ་རྒོལ་བྱས་རྗེས། རྒྱ་གཞུང་ཉེན་རྟོག་པས་འཇུ་བཟུང་བཙན་འཁྲིད་ཀྱིས་གར་སོང་ཆ་མེད་གྱུར་འདུག འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༡༥ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་༣ ཙམ་ལ་བོད་མདོ་སྨད་རྔ་པ་རྫོང་རྨེའུ་རུ་མ་ཡུལ་ཚོའི་སྟེང་ནས། རང་ལོ་ ༢༣ ཡས་མས་ཡིན་པའི་བུ་མོ་འོད་དཀར་སྐྱིད་ལགས་ཀྱིས་ “བོད་ལ་རང་དབང་དགོས། ༸གོང་ས་མཆོག་བོད་ནང་ལ་གདན་འདྲེན་ཞུ་དགོས། ང་ཚོ་ལ་གཉའ་གནོན་བྱས་པ་ཚད་ལས་བརྒལ་སོང་། ” ཞེས་སོགས་ཀྱི་འབོད་ཚིག་སྒྲོག་བཞིན་ངོ་རྒོལ་སྐད་འབོད་གནང་ཡོད་ཀྱང་། དེ་མ་ཐག་ཏུ་ས་གནས་ཉེན་རྟོག་མི་སྣས་ཁོ་མོ་འཇུ་བཟུང་བཙན་ཁྲིད་བྱས་ཡོད་འདུག ཉེན་རྟོག་པས་ཁོང་མོ་འཇུ་བཟུང་རྗེས་ས་གནས་གང་ཞིག་ཏུ་བཀག་ཉར་དང་། ད་ལྟའི་ཆར་གནས་སྟངས་ག་འདྲ་ཆགས་ཡོད་མེད་སོགས་ཀྱི་གནས་ཚུལ་གསལ་པོ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

Read More »