Friday , September 20 2019
Home / གསར་འགྱུར། / རྒྱ་གཞུང་གིས་སྤྱི་ཚོགས་བརྒྱུད་ལམ་དུ་ཁྲིམས་འགལ་ཆ་འཕྲིན་སྤེལ་ན་མི་ལོ་བརྒྱད་ཀྱི་ཁྲིམས་ཆད་གཅོད་རྒྱུ་ཡིན་ཟེར།

རྒྱ་གཞུང་གིས་སྤྱི་ཚོགས་བརྒྱུད་ལམ་དུ་ཁྲིམས་འགལ་ཆ་འཕྲིན་སྤེལ་ན་མི་ལོ་བརྒྱད་ཀྱི་ཁྲིམས་ཆད་གཅོད་རྒྱུ་ཡིན་ཟེར།

གཟའ་འཁོར་འདིའི་ནང་རྒྱ་ནག་ས་གནས་སྲིད་གཞུང་གིས་བོད་རྒྱ་སྐད་གཉིས་ཀྱི་ཐོག་ནས་བརྡ་ཁྱབ་བསྒྲགས་པ་ལྟར་ན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་བརྡ་ཐོ་བཀྲམ་ཏེ། དུས་ཚོད་ནམ་ཞིག་དང་། ས་གནས་གང་དུ་ཡིན་རུང་། སྐད་འཕྲིན་ཚོགས་པ་དང་མི་སྒེར་སུ་ཡིན་ནའང་ཚང་མས་སྐད་འཕྲིན་ཚོགས་པར་ལྟ་རྟོག་དང་དོ་དམ་བྱེད་པར་སྔར་ལས་ལྷག་པར་ཤུགས་སྣོན་རྒྱག་དགོས་པའི་ཛ་དྲག་གི་བཀའ་ཁྱབ་བཏང་འདུག

བརྡ་ཁྱབ་ནང་དུ། སྐད་འཕྲིན་ནང་རྒྱལ་ཁབ་བམ་ཏང་ལ་གནོད་པའི་བརྗོད་གཞིའི་རིགས་སྤེལ་བའམ་བསྐུར་མི་ཆོག་པ་དང་། དེ་ལྟར་མ་བྱས་ཚེ། མཇུག་འབྲས་མི་ལོ་བརྒྱད་ཀྱི་ཁྲིམས་ཆད་གཅོད་རྒྱུ་ཡིན་ལུགས་བཤད་འདུག

བརྡ་ཁྱབ་ནང་དུ་མི་བཅུས་གྲུབ་པའི་ཚོགས་པ་དང་ཚོགས་མི་ཚང་མས། བརྡ་ཁྱབ་དེ་ཕན་ཚུན་དབར་བརྒྱུད་སྒྲོག་བྱས་ཏེ། ད་ནས་བཟུང་སྐད་འཕྲིན་ནང་ཆབ་སྲིད་ཚོར་སྐྱེན་གྱི་བརྗོད་གཞི་མི་བསྐུར་བ་དང་། འཆལ་གཏམ་མི་སྒྲོག་པ། ཁ་ལ་བདག་པོ་རྒྱག་དགོས་པ། རང་སྲུང་བྱེད་དགོས་རབས་གསལ་བཤད་བྱས་འདུག

བརྡ་ཁྱབ་ནང་དུ་ད་དུང་སྐད་འཕྲིན་ཚོགས་པ་དང་མི་སྒེར་སུ་ཡིན་རུང་ཁྲིམས་འགལ་ཆ་འཕྲིན་སྤེལ་བ་དང་བསྐུར་བ་ཡིན་ན། ཐེངས་འདིའི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཁྲོད་དུ་ཉེས་ཆད་འགེལ་རྒྱུ་ཡིན་ཟེར།

སྐད་འཕྲིན་ཚོགས་གཙོ་ཚང་མར་ཚོགས་མིར་དོ་དམ་དང་ཆ་འཕྲིན་བརྒྱུད་བསྐུར་བྱེད་དུ་མི་འཇུག་པའི་འགན་ཆེན་པོ་ཡོད་པ་དང་། འབྲེལ་ཡོད་སྲིད་གཞུང་དང་དྲ་རྒྱ་དོ་དམ་ཚན་ཁག་གིས་སྐད་འཕྲིན་ཚོགས་པ་དང་། ཆ་འཕྲིན་སྤེལ་བ། ཞབས་མཆན་འཁོད་པ་བཅས་ལ་ཞིབ་བཤེར་ནན་མོ་བྱས་ནས། དོགས་ཡོད་ཉེས་ཅན་པར་ཁྲིམས་ལྟར་ཐག་གཅོད་ནན་མོ་བྱེད་དགོས་ཞེས་ཀྱང་བཤད་འདུག

བརྡ་ཁྱབ་དེའི་ནང་ངེས་པར་དུ་བརྩི་སྲུང་དགོས་པའི་གླེང་བྱ་དོན་ཚན་བཅུ་བསྒྲགས་པ་གཤམ་གསལ།

གཅིག ཆབ་སྲིད་ཚོར་སྐྱེན་གྱི་བརྗོད་གཞི་མི་སྒྲོག་པ། གཉིས། འཆལ་གཏམ་ལ་ཡིད་མི་ཆེ་ཞིང་མི་སྒྲོག་པ། གསུམ། ནང་ཁུལ་གྱི་རྒྱུ་ཆ་ཕྱི་རུ་མི་སྐུར་བ། བཞི། དེ་དང་འབྲེལ་བ་ཡོད་པའི་འཇིགས་སྐུལ་གྱི་བརྡ་འཕྲིན་མི་སྐུར་བ། ལྔ། ཞང་ཀང་དང་ཨོ་མིན། ཐའེ་ཝན་བཅས་ཀྱི་གསར་འགྱུར་གཞུང་ཕྱོགས་དྲ་ཚིགས་ཀྱིས་ཁྱབ་བསྒྲགས་མ་བྱས་གོང་མི་སྐུར་བ། དྲུག དམག་དོན་དཔྱད་གཞིའི་ཡིག་རིགས་གསར་འགྱུར་མི་སྐུར་བ། བདུན། རྒྱལ་ཁབ་ཀྱི་གསང་དོན་དང་འབྲེལ་བའི་ཡིག་ཆ་མི་སྐུར་བ། བརྒྱད། ཞིབ་དཔྱོད་མ་བྱས་པའི་རྣམ་པ་སྣ་ཚོགས་ཀྱི་གསར་འགྱུར་བསྡུ་ལེན་མི་བྱེད་པ། དགུ གོ་རིམ་སྣ་ཚོགས་ཀྱི་པར་བརྙན་སོགས་མི་སྐུར་བ། བཅུ། ངེས་པར་དུ་ཁྲིམས་བརྩི་སྲུང་བྱེད་གོས།

ཕྱི་ལོ་༢༠༡༧ ལོར་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་སྤྱི་བདེ་ལས་ཁུངས་ནས་གླེང་བྱ་དོན་ཚན་དགུ་ཅན་གྱི་བརྡ་ཁྱབ་སྤེལ་བ་དང་། བརྡ་ཁྱབ་དེའི་དོན་ཚན་བཞི་བ་དང་། བརྒྱད་པ། དགུ་བ། བཅུ་བ་བཅས་གོང་གི་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་སྤེལ་བའི་བརྡ་ཁྱབ་ཀྱི་དོན་ཚན་ཁག་དང་གཅིག་མཚུངས་ཡིན་པ་རེད། དེ་མིན་འདི་ལོའི་ལོ་འགོར་བོད་རང་སྐྱོང་ལྗོངས་གཙོས་བོད་ཀྱི་ས་ཁུལ་གཞན་དག་ནང་དུ་ས་གནས་སྲིད་གཞུང་རིམ་པས་བརྡ་ཁྱབ་སྤེལ་ཏེ་གཞི་རིམ་མང་ཚོགས་ནས་ཁྲིམས་འགལ་ཆ་འཕྲིན་རིགས་གོང་ཞུ་བྱས་ན་བྱ་དགར་རྒྱ་སྒོར་འབུམ་༣ སྤྲོད་རྒྱུ་ཡིན་རབས་བསྒྲགས་པ་དེས། སྤྱི་དམངས་ཀྱི་སྨྲ་བརྗོད་རང་དབང་ལ་བརྡལ་བཤིག་ཚབས་ཆེན་བཏང་ཡོད་པ་རེད།

Check Also

རྒྱ་གཞུང་གིས་དྲ་ལམ་བདེ་འཇགས་ཀྱི་མིང་བྱང་འོག་ཏུ་སྨྲ་བརྗོད་རང་དབང་ལ་དམ་དྲག་བྱེད་ཀྱིན་འདུག 

བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་བརྡ་ཁྱབ་སྤེལ་ཏེ། ཁྲིམས་འགལ་ཉེས་གསོག་ཆ་འཕྲིན་གྱི་ཁུངས་སྣེ་ཐེར་འདོན་བྱས་ན་བྱ་དགའ་མཐོ་ཤོས་རྒྱ་སྒོར་ཁྲི་༣༠༠༠༠༠ སྤྲོད་རྒྱུ་ཡིན་རབས་བཤད་ཅིང་། དེ་ནི་རྒྱ་གཞུང་གིས་སྤྱི་ཚོགས་དོ་དམ་གྱི་འཐབ་ཇུས་སྤྱད་ནས་མང་ཚོགས་ནང་ཕན་ཚུན་དབར་གསང་མྱུལ་གྱི་ཞེན་སྐུལ་བཏང་སྟེ་ཁྲིམས་འགལ་ཉེས་གསོག་དང་འབྲེལ་བའི་ཆ་འཕྲིན་རིགས་ཚང་མ་བཀག་སྡོམ་བྱེད་ཐབས་ཤིག་རེད། གོང་ཞུས་བརྡ་ཁྱབ་དེ་ནི་འདི་ལོའི་ཕྱི་ཟླ་༢ ཚེས་༢༨ ཉིན་བོད་རང་སྐྱོང་ལྗོངས་དྲ་འཕྲིན་གཞུང་ལས་ཁང་དང་སྤྱི་བདེ་ལས་ཐིང་། ལྗོངས་འཕྲིན་གཏོང་དོ་དམ་པུའུ་ཟེར་བ་སོགས་མཉམ་འབྲེལ་གྱི་ཐོག་ནས་བཏང་བ་ཞིག་ཡིན་པ་དང་། བརྡ་ཁྱབ་དེ་དྲིལ་བསྒྲགས་བྱས་ཉིན་ནས་དངོས་སུ་ལག་ལེན་བསྟར་དགོས་པའི་ལྐུལ་འདེད་བཏང་འདུག བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས། རྒྱ་ནག་ནང་ཁུལ་གྱི་ཁྲིམས་སྒྲིག་ཁག་གཞིར་བཟུང་གིས་རང་སྐྱོང་ལྗོངས་ནང་ལོགས་ཀྱི་དངོས་ཡོད་གནས་སྟངས་དང་སྦྲེལ་ནས་ལག་བསྟར་བྱ་རྒྱུ་ཡིན་ལུགས་བཤད་ཅིང་། ཁྲིམས་སྒྲིག་དེ་དག་གི་ནང་དུ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་གྱི་བཅའ་ཁྲིམས། …

Leave a Reply

Your email address will not be published. Required fields are marked *