Monday , August 26 2019
Home / གསར་འགྱུར། / བོད་སྐད་ཡིག་སློབ་གསོའི་ཐོབ་ཐང་དོན་གཉེར་བས་དྲང་བདེན་མིན་པའི་ཁྲིམས་ཆད་ལ་གོང་གཏུག་ཞུ་བར་མུ་མཐུད་འགོག་རྐྱེན་བཟོས་འདུག

བོད་སྐད་ཡིག་སློབ་གསོའི་ཐོབ་ཐང་དོན་གཉེར་བས་དྲང་བདེན་མིན་པའི་ཁྲིམས་ཆད་ལ་གོང་གཏུག་ཞུ་བར་མུ་མཐུད་འགོག་རྐྱེན་བཟོས་འདུག

བོད་སྐད་ཡིག་སློབ་གསོའི་ཐོབ་ཐང་དོན་གཉེར་བ་བཀྲ་ཤིས་དབང་ཕྱུག་གི་ཁྲིམས་པ་གཉིས་མཚོ་སྔོན་ཞིང་ཆེན་ཏོང་ཁྲུན་བཙོན་ཁང་དུ་ཕྱིན་ནས་བཀྲ་ཤིས་དབང་ཕྱུག་ལ་ཐུག་འཕྲད་ཀྱི་ཆོག་མཆན་ཞུས་ཀྱང་། རྒྱ་གཞུང་གི་དབང་འཛིན་དཔོན་རིགས་ཚོས་ཁྲིམས་རྩོད་པ་གཉིས་ཁོང་ལ་ཐུག་འཕྲད་བྱེད་དུ་བཅུག་མེད་པ་རེད།

ཕྱི་ལོ་༢༠༡༨ ཟླ་༥ ནང་བཀྲ་ཤིས་དབང་ཕྱུག་ལ་རྒྱལ་ཁབ་ཁ་བྲལ་གྱི་ནག་ཉེས་བཙན་འགལ་བྱས་ཏེ་མི་ལོ་༥ ཡི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་རེད། རྒྱུ་མཚན་ནི། ཁོང་གིས་རྒྱ་ནག་དམར་ཤོག་སྲིད་གཞུང་གི་དབང་སྒྱུར་སྲིད་ཇུས་ལ་སྐྱོན་བརྗོད་དང་བོད་སྐད་ཡིག་སློབ་གསོའི་ཐོབ་ཐང་སྲུང་སྐྱོབ་གནང་བས་རེད། ཁོང་གིས་རྒྱ་གཞུང་གི་ནག་མེད་ཉེས་འཛུགས་ཀྱི་བཅད་ཁྲ་དང་ལེན་མ་བྱས་པར་མུ་མཐུད་དུ་གོང་གཏུག་གནང་མུས་ཡིན་པ་རེད།

ཁ་སང་ཕྱི་ཚེས་༡ ཉིན་བཀྲ་ཤིས་དབང་ཕྱུག་གི་ཁྲིམས་རྩོད་པ་ལིན་ཆི་ལི་དང་ལིང་ཞོ་ཅིན་གཉིས་ཏོང་ཁྲུན་བཙོན་ཁང་དུ་ཕྱིན་ནས་བཀྲ་ཤིས་དབང་ཕྱུག་ལ་ཐུག་འཕྲད་ཀྱི་ཆོག་མཆན་ཞུས་སྐབས། ཁོང་གཉིས་ལ་པེ་ཅིན་ཁྲིམས་འཛིན་ལས་ཁུངས་ཀྱི་ངོ་སྤྲོད་ཡི་གེ་༼བཀའ་ཡིག༽དགོས་ལུགས་བཤད་འདུག ཏོང་ཁྲུན་བཙོན་ཁང་གི་དབང་འཛིན་དཔོན་རིགས་ཚོས་ཁྲིམས་རྩོད་པ་གཉིས་ལ་ཡིག་ཆ་དེ་དག་གི་དགོས་མཁོ་བཏོན་པ་ནི་ཁྲིམས་འགལ་རེད་ལ། དེ་ནི་བཀྲ་ཤིས་དབང་ཕྱུག་གི་གོང་གཏུག་ལ་འགོག་རྐྱེན་ཐབས་ཤིག་ཀྱང་ཡིན་པ་རེད།

དེ་རིང་ཁྲིམས་རྩོད་པས་ཁོང་གི་ཊི་ཝེ་ཊི་སྟེང་གནས་ཚུལ་སྤེལ་བའི་ནང་དུ། “ཁ་སང་ཞོགས་པར་ལིན་ཆི་ལི་དང་ངེད་གཉིས་མཚོ་སྔོན་ཞིང་ཆེན་ཏོང་ཁྲུན་བཙོན་ཁང་དུ་སོང་ནས་བཀྲ་ཤིས་དབང་ཕྱུག་ལ་ཐུག་པའི་ཆོག་མཆན་ཞུས་ཡིན། འགན་ཡོད་མི་སྣས་ངེད་གཉིས་ཀྱི་ཞུ་ཡིག་བཙོན་ཁང་གི་མཐོ་རིམ་དབང་འཛིན་དཔོན་རིགས་ཀྱི་སར་ཁྱེར་ནས་དུས་ཡུན་ཆུ་ཚོད་གཅིག་གི་རྗེས་སུ་ཕྱིར་ཡོང་སྟེ། ངེད་གཉིས་ལ་པེ་ཅིན་ཁྲིམས་འཛིན་ལས་ཁུངས་ཀྱི་ངོ་སྤྲོད་ཡི་གེ་༼བཀའ་ཡིག༽སྟོན་དགོས་ཟེར། ངེད་གཉིས་ཀྱིས་དེ་ནི་ཁྲིམས་འགལ་རེད་ཅེས་བཤད་པ་ཡིན། དེའི་རྗེས་ནས་ངེད་གཉིས་མཚོ་སྔོན་ཞིང་ཆེན་བཙོན་ཁང་དོ་དམ་ལས་ཁུངས་ལ་སོང་ནས་ཞུས་ཡིན། དེ་གར་བཙོན་ཁང་དོ་དམ་ཁང་གི་འགན་འཛིན་གཞོན་པས་ངེད་གཉིས་ལ་འདོད་བློ་མེད་པའི་རྣམ་འགྱུར་བསྟན་ནས། གནད་དོན་དེ་ལ་ཞིབ་འཇུག་མང་པོ་བྱེད་དགོས། རྒྱུ་མཚན་དེ་ནི་ཚོར་བ་སྐྱེན་པའི་གནད་དོན་ཡིན་པ་དང་དམིགས་བསལ་ལྟ་ཞིབ་དབྱེད་དགོས། བཀྲ་ཤིས་དབང་ཕྱུག་གིས་བཅད་ཁྲ་དང་ལེན་མ་བྱས་པར་མུ་མཐུད་དུ་དོ་དམ་ཁྲིམས་སྲོལ་ལ་རྒྱབ་འགལ་བྱེད་ཀྱི་ཡོད་ཟེར།” ཞེས་འཁོད་འདུག

ཁྲིམས་རྩོད་པ་ལིང་གི་གནས་ཚུལ་འདི་ལས་ང་ཚོས། རྒྱ་གཞུང་གིས་བཀྲ་ཤིས་དབང་ཕྱུག་ལ་དྲང་བདེན་མ་ཡིན་པའི་ཁྲིམས་ཐག་ཆད་པ་དེ་ལ་ཁྲིམས་རྩོད་པས་མུ་མཐུད་དུ་གདོང་ལེན་གནང་ནས་གོང་གཏུག་བྱེད་བཞིན་ཡོད་པར་མ་ཟད། རྒྱ་གཞུང་གིས་བོད་སྐད་ཡིག་སློབ་གསོའི་ཐོབ་ཐང་དོན་གཉེར་བའི་འགྲོ་བ་མིའི་ཐོབ་ཐང་ཁག་རྩིས་མེད་རྡོག་རོལ་གཏོང་བཞིན་པ་གསལ་བོར་རྟོགས་ཐུབ། དེར་མ་ཟད། ཁོང་གིས་གཞུང་ཕྱོགས་ཀྱི་འགོག་རྐྱེན་ལ་མ་བལྟས་པར་སེམས་ཐག་གཙང་བཅད་ཀྱིས་མུ་མཐུད་ཞུ་གཏུག་གི་རྒྱུན་སྐྱོང་བཞིན་པ་བསྟན་ཡོད།

འདི་ནི་འདས་པའི་ཟླ་བ་དྲུག་གི་རྗེས་སུ་བཀྲ་ཤིས་དབང་ཕྱུག་གི་ཁྲིམས་རྩོད་པས་ཡང་བསྐྱར་བཀྲ་ཤིས་དབང་ཕྱུག་ལ་ཐུག་འཕྲད་ཀྱི་ཆོག་མཆན་སྤྲོད་པར་འབད་བརྩོན་གནང་ཡང་། རྒྱ་གཞུང་གིས་སྔར་བཞིན་འགོག་རྐྱེན་བཟོས་ཡོད་པ་རེད། འདི་ལོའི་ཕྱི་ཟླ་༥ ཚེས་༡༥ ཉིན་ཁྲིམས་རྩོད་པ་ལིན་ཆི་ལི་བཀྲ་ཤིས་དབང་ཕྱུག་ལ་ཐུག་འཕྲད་དུ་བསྐྱོད་ཀྱང་བཙོན་ཁང་གི་དབང་འཛིན་དཔོན་རིགས་ཚོས་ད་ལན་ནང་བཞིན་བཀག་འགོག་གི་རྒྱུ་མཚན་གསལ་བཤད་མ་བྱས་པར་ཁོང་ཕྱིར་སློབ་བཏང་ཡོད།

འདི་ག་ལྟེ་གནས་ཁང་གི་ངོས་ནས། རྒྱ་གཞུང་གི་དབང་འཛིན་དཔོན་རིགས་ཚོས་བཀྲ་ཤིས་དབང་ཕྱུག་གི་ཁྲིམས་རྩོད་པ་ཁོང་ལ་ཐུག་པར་འགོག་རྐྱེན་བཟོ་བཞིན་པ་མྱུར་དུ་མཚམས་བཞག་ནས་དྲང་བདེན་གྱིས་ཉེས་དོན་ཐག་གཅོད་བྱེད་དུ་འཇུག་དགོས། རྒྱལ་སྤྱིའི་གཞུང་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྟོགས་ཞིབ་པ་མང་པོས། རྒྱ་གཞུང་གིས་བཀྲ་ཤིས་དབང་ཕྱུག་ལ་དྲང་བདེན་མིན་པའི་ཁྲིམས་ཐག་གཅད་པ་དང་། རྒྱལ་ཁབ་ཀྱི་ཉེས་དོན་ཁྲིམས་སྒྲིག་དེ་ཆབ་སྲིད་ཀྱི་ངོ་བོར་སྒྱུར་བཞིན་པར་སྐྱོན་བརྗོད་ཤུགས་ཆེན་གནང་མུས་ཡིན། རྒྱ་གཞུང་གིས་ངེས་པར་དུ་ནར་འགྱང་མི་གཏོང་བར་བཀྲ་ཤིས་དབང་ཕྱུག་གི་གོང་གཏུག་ལ་བརྩི་འཇོག་གིས། ཁོང་ཁྲིམས་རྩོད་པར་ཐུག་འཕྲད་ཀྱི་ཐོབ་ཐང་ལོངས་སུ་སྤྱོད་དུ་འཇུག་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད།

Check Also

རྒྱ་གཞུང་གིས་ནག་སེལ་ངན་འཇོམས་ཟེར་བའི་ཆབ་སྲིད་ལས་འགུལ་མཚམས་བཞག་ནས་ཉེས་མེད་བཀག་བསྐྱིལ་བྱས་པའི་བོད་མི་ཚང་མ་གློད་གྲོལ་གཏོང་དགོས།

རྒྱ་ནག་དམར་ཤོག་སྲིད་གཞུང་གིས་བོད་ས་ཡོངས་སུ་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་སྤེལ་བཞིན་པའི་ཁྲོད་དུ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ནང་ཆེན་རྫོང་ཤོར་མདའ་གྲོང་རྡལ་ནས་ཡིན་པའི་བོད་མི་༢༡ ལ་ཁྲིམས་ཐག་བཅད་ཡོད་པ་དང་། དེའི་གྲས་ཀྱི་མི་གཉིས་ནི་གྲོང་སྡེ་རིམ་པའི་འགོ་ཁྲིད་ཟུར་བ་ཡིན་འདུག འདི་ལོའི་ཕྱི་ཟླ་༥ ནང་། ནང་ཆེན་རྫོང་མི་དམངས་ཁྲིམས་ཁང་ནས་ཁྲིམས་ཐག་བཅད་པའི་བོད་མི་དེ་ཚོ་ཚོགས་ཁག་གཉིས་ནས་ཡིན་པ་དང་། ཚོགས་པ་དང་པོར་ཤོར་མདའ་གྲོང་རྡལ་རྡོ་ཁྲང་སྡེ་བ་ནས་ཡིན་པའི་བོད་མི་༡༡ ཡོད་པ་དང་། ཁོ་ཚོར་མི་ལོ་༢ ནས་༦ བར་གྱི་དུས་བཙོན་དང་རྒྱ་སྒོར་༥༠༠༠༠ ནས་༡༠༠༠༠ བར་གྱི་དངུལ་ཆད་བཅད་འདུག རྒྱ་ནག་ས་གནས་སྲིད་གཞུང་གིས་ཉེས་འཛུགས་བྱས་པའི་བོད་མི་དེ་དག་གི་མིང་ཡིག་ཆ་ཚང་མ་བྲིས་པར། མིང་གི་ཡིག་འབྲུ་དང་པོ་དེ། …

Leave a Reply

Your email address will not be published. Required fields are marked *