Thursday , July 18 2019
Home / གསར་འགྱུར། / རྒྱ་གཞུང་གིས་ནག་སེལ་ངན་འཇོམས་ཟེར་བའི་ཆབ་སྲིད་ལས་འགུལ་མཚམས་བཞག་ནས་ཉེས་མེད་བཀག་བསྐྱིལ་བྱས་པའི་བོད་མི་ཚང་མ་གློད་གྲོལ་གཏོང་དགོས།

རྒྱ་གཞུང་གིས་ནག་སེལ་ངན་འཇོམས་ཟེར་བའི་ཆབ་སྲིད་ལས་འགུལ་མཚམས་བཞག་ནས་ཉེས་མེད་བཀག་བསྐྱིལ་བྱས་པའི་བོད་མི་ཚང་མ་གློད་གྲོལ་གཏོང་དགོས།

ཉེས་དོན་ཉེན་རྟོག་པས་དགེ་འདུན་པ་གདུགས་དཀར་འཛིན་བཟུང་བྱེད་བཞིན་པ། ཡོང་ཁུངས་རྒྱ་ནག་གཞུང་འབྲེལ་དྲ་བ།

རྒྱ་ནག་དམར་ཤོག་སྲིད་གཞུང་གིས་བོད་ས་ཡོངས་སུ་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་སྤེལ་བཞིན་པའི་ཁྲོད་དུ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ནང་ཆེན་རྫོང་ཤོར་མདའ་གྲོང་རྡལ་ནས་ཡིན་པའི་བོད་མི་༢༡ ལ་ཁྲིམས་ཐག་བཅད་ཡོད་པ་དང་། དེའི་གྲས་ཀྱི་མི་གཉིས་ནི་གྲོང་སྡེ་རིམ་པའི་འགོ་ཁྲིད་ཟུར་བ་ཡིན་འདུག

འདི་ལོའི་ཕྱི་ཟླ་༥ ནང་། ནང་ཆེན་རྫོང་མི་དམངས་ཁྲིམས་ཁང་ནས་ཁྲིམས་ཐག་བཅད་པའི་བོད་མི་དེ་ཚོ་ཚོགས་ཁག་གཉིས་ནས་ཡིན་པ་དང་། ཚོགས་པ་དང་པོར་ཤོར་མདའ་གྲོང་རྡལ་རྡོ་ཁྲང་སྡེ་བ་ནས་ཡིན་པའི་བོད་མི་༡༡ ཡོད་པ་དང་། ཁོ་ཚོར་མི་ལོ་༢ ནས་༦ བར་གྱི་དུས་བཙོན་དང་རྒྱ་སྒོར་༥༠༠༠༠ ནས་༡༠༠༠༠ བར་གྱི་དངུལ་ཆད་བཅད་འདུག

རྒྱ་ནག་ས་གནས་སྲིད་གཞུང་གིས་ཉེས་འཛུགས་བྱས་པའི་བོད་མི་དེ་དག་གི་མིང་ཡིག་ཆ་ཚང་མ་བྲིས་པར། མིང་གི་ཡིག་འབྲུ་དང་པོ་དེ། དཔེར་ན་འཛོམས་ཆེ་གེ་མོ་ཞེས་གསལ་ཁ་མེད་པར་བྲིས་འདུག དུས་བཀག་བཙོན་འཇུག་བྱས་པའི་བོད་མི་༡༡ གི་གྲས་སུ་རྡོ་ཁྲང་སྡེ་བའི་སྡེ་དམངས་ཨུ་ལྷན་གྱི་འགོ་གཙོ་ཟུར་བ་དབང་ཆེ་གེ་མོ་ཞུ་བའང་འདུག རྒྱ་གཞུང་གིས་བོད་མི་དེ་ཚོར“ནག་ཚོགས་རྩ་འཛུགས་བྱས་པ་དང་། སྡེ་མིའི་ལས་དོན་ལ་ཁ་ལོ་བསྒྱུར་ནས་གཞི་རིམ་གྱི་སྤྱི་ཚོགས་དོ་དམ་གྱི་སྒྲིག་ལམ་ལ་གཏོར་བརླག་བཏང་བ། བྱེ་མ་སྔོག་འདོན་དང་ས་ཞིང་ལྐོག་འཚོང་བརྒྱབ་ལུགས་དང་། ཚོགས་པ་དེས་ད་དུང་རྒྱལ་ཁབ་ཀྱི་སྲིད་ཇུས་ལ་འགོག་རྒོལ་བྱས་པ་དང་། རྒྱལ་ཁབ་ཀྱི་རྩྭ་ཐང་སྣོད་བཅུད་བྱ་དགའི་ཁ་གསབ་དངུལ་མ་བླངས་པར་མ་ཟད། སྡེ་མི་ཚོས་ལེན་པར་བཀག་འགོག་བྱས་པས། སྡེ་དམངས་ཨུ་ལྷན་དང་ཏང་ཨུ་སྲིད་གཞུང་བཅས་ཀྱི་ལས་ཀའི་སྒྲིག་ལམ་ལ་ཤུགས་རྐྱེན་ངན་པ་བཟོས”རབས་ཀྱི་ཉེས་འཛུགས་འོག་ཏུ་ཁྲིམས་ཐག་བཅད་འདུག

ཚོགས་པ་གཞན་པ་དེར་འཛོམས་ཆེ་གེ་མོ་ཟེར་བ་ཚུད་པའི་བོད་མི་༡༠ ཡོད་པ་དང་། འཛོམས་ཆེ་གེ་མོ་ནི་རྡོ་ཁྲང་སྡེ་བའི་རུ་ཁག་༥ བའི་རུ་དཔོན་ཟུར་བ་ཞིག་ཡིན་ཞིང་། ཁོ་ཚོར་མི་ལོ་༣ དང་ཕྱེད་ཀ་ནས་མི་ལོ་༦ བར་གྱི་དུས་བཙོན་དང་རྒྱ་སྒོར་༣༥༠༠༠༠ ནས་༢༠༠༠༠༠ བར་གྱི་དངུལ་ཆད་བཅད་འདུག

འཛོམས་ཆེ་གེ་མོ་དང་ཁོའི་ཚོགས་མི་དེ་ཚོར། སྡེ་བའི་ས་ཞིང་བཤུག་སྤྲོད་དང་ཉོ་འཚོང་བྱས་རབས་ཀྱི་ཉེས་འཛུགས་འོག་ཏུ་དུས་བཙོན་བྱས་ཡོད་པ་དང་། དེ་ཡང་རྒྱ་ནག་ས་གནས་སྲིད་གཞུང་གིས། འཛོམས་ཆེ་གེ་མོ་གཙོས་སྡེ་མི་དེ་ཚོས་ཁོར་ཡུག་སྲུང་སྐྱོང་གི་མིང་ཐོག་ནས་ནག་ཚོགས་རྩ་འཛུགས་བྱས་ལུགས་བཤད་འདུག

ཉེས་དོན་ཉེན་རྟོག་པས་ཡུལ་མིའི་ཁྱིམ་ནང་སྔོག་བཤེར་བྱེད་བཞིན་པ། ཡོང་ཁུངས་རྒྱ་ནག་གཞུང་འབྲེལ་དྲ་བ།

རྒྱ་ནག་ས་གནས་སྲིད་གཞུང་གིས། “འཛིམས་ཆེ་གེ་མོས་ལོ་མང་རིང་ཁོར་ཡུག་སྲུང་སྐྱོང་ཚོགས་པའི་འགན་ཁུར་ཡོད་ནའང་། ཁོས་ཁོར་ཡུག་དོ་དམ་དང་སྲུང་སྐྱོང་། དམངས་ཁྲོད་རྩོད་གཞི་འདུམ་འགྲིག་མ་བྱས་པར། ཁོ་རང་ནག་ཚོགས་ནང་ཧུར་ཐག་གིས་ཞུགས་ནས་ས་ཞིང་བཤུག་སྤྲོད་དང་། བཙན་ཤེད་ཀྱིས་ས་ཞིང་ཉོ་འཚོང་། སྡེ་མིས་རྒྱལ་ཁབ་རྩྭ་ཐང་སྣོད་བཅུད་ཀྱི་ཁ་གསབ་དངུལ་ལེན་རྒྱུར་བཀག་འགོག་བྱས་པ་དེས། སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་ཐེབས་པ་དང་། ཏང་ཨུ་སྲིད་གཞུང་གི་བཀོད་ཇུས་ལ་གཏོར་བརླག་ཚབས་ཆེན་བཟོས”ཟེར་བ་དང་། ཡང“ཕྱི་ལོ་༢༠༡༣ ནས་༢༠༡༨ བར་དུ་ཚོགས་པ་དེས་སྔ་རྗེས་ཐེངས་༥ ལ་ཁྲིམས་འགལ་ངང་ས་ཞིང་ལྐོག་འཚོང་བྱས་ཏེ། ཁྱོན་བསྡོམས་ས་ཞིང་མུའུ་༤༩.༥༦ ལྷག་བཤུག་སྤྲོད་བཏང་བར་མ་ཟད། ཁྲིམས་འགལ་གྱི་ཁེ་ཕན་སྒོར་ཁྲི་༣༣༡ བླངས”རབས་བཤད་འདུག  འཛོམས་ཆེ་གོ་མོའི་ལག་རོགས་ནོར་ཆེ་གེ་མོ་དང་སྐྱིད་ཆེ་གེ་མོས་ནང་ཆེན་རྫོང་མི་རིགས་སློབ་འབྲིང་གསུམ་པའི་འཛུགས་སྐྲུན་བྱ་ཡུལ་དུ་འགོག་རྐྱེན་བཟོས་ཏེ་ཨར་ལས་འཛུགས་སྐྲུན་གྱི་དངོས་ཟོག་སྐྱེལ་འདྲེན་མཚམས་འཇོག་ཏུ་བཅུག་རབས་བཤད་འདུག

རྒྱ་ནག་ས་གནས་སྲིད་གཞུང་གིས་གོང་གསལ་དཔེ་མཚོན་གྱོད་གཞི་གཉིས་ནི། གཞི་རིམ་སྲིད་དབང་སྟངས་འཛིན་ཧམ་བཟུང་བྱེད་པའི་སྟོབས་ཤུགས་ངན་པའི་ཉེས་གསོག་གི་གྱོད་གཞི་གཉིས་རེད་ཟེར། འཛོམས་ཆེ་གེ་མོ་དང་དབང་ཆེ་གེ་མོ་གཉིས་ཀྱིས་སྡེ་མི་རྩ་འཛུགས་བྱས་ནས་༼ཁོར་ཡུག་སྲུང་སྐྱོང་ཚོ་ཆུང་༽བཙུགས་པ་དང་། དེ་ཡང“ཕྱིས་སུ་ཁོ་ཚོས་ཚོགས་མི་༡༠ ཡིས་གྲུབ་པའི་ཚོ་ཆུང་ཞིག་དང་། ཚོགས་མི་ཚོགས་༩ ཡིས་གྲུབ་པའི་ཚོ་ཆུང་ཞིག་བཅས་ཚོགས་པ་གཉིས་རྩ་འཛུགས་བྱས་ཏེ།  སྲིད་དོན་ལ་ཐེ་གཏོགས་ཚབས་ཆེན་བྱས་པ་དང་། གཞི་རིམ་གྱི་སྲིད་དབང་ཧམ་བཟུང་བྱས་ནས། རྒྱལ་ཁབ་ཀྱི་སྲིད་ཇུས་ལག་ལེན་བསྟར་བར་འགོག་རྒོལ་བྱས”ལུགས་བཤད་འདུག

ན་ནིང་ནས་བཟུང་རྒྱ་གཞུང་གིས་རྒྱལ་ཡོངས་རིམ་པར་ཁྲིམས་འགལ་ཚོགས་པ་དང་། གཤེད་མ་དང་ནག་ཚོགས་ཀྱི་སྟོབས་ཤུགས་རྩ་མེད་བཟོ་བའི་མིང་ཐོག་ནས། འཆར་གཞི་དང་དམིགས་ལྡན་པའི་ལས་འགུལ་རྒྱ་ཆེ་གཏིང་ཟབ་སྤེལ་འགོ་བཙུགས་པ་དང་། ལས་འགུལ་དེས་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བརྡལ་བཤིག་བཏང་སྟེ། དམར་ཤོག་ཚོགས་པའི་ཆབ་སྲིད་དང་ལྟ་སྤྱོད་མི་མཐུན་མཁན་དང་། ལྷག་པར་དུ་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོར་ཉེན་ཁ་ཆེན་པོ་བཟོས་ཡོད། འདི་ལོའི་ཕྱི་ཟླ་༤ ནང་རེབ་གོང་རྫོང་དུ་ཐེངས་དང་པོར་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་སྤེལ་ནས་ཡུལ་མིའི་ས་ཞིང་བདག་དབང་གི་གནད་དོན་ཐག་གཅོད་བྱས་པ་དེ་ནི། རྒྱ་ནག་དམར་ཤོག་སྲིད་གཞུང་གི་ཆབ་སྲིད་ཀྱི་དམིགས་ཡུལ་དང་ཀུན་སློང་ཤུགས་ཆེར་ལྡན་པ་ཞིག་ཡིན་པས། ས་གནས་བོད་མི་ཚོས་དུས་ཡུན་རིང་བོར་སོ་སོའི་ས་ཞིང་བདག་དབང་དང་ཐོབ་ཐང་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་འགོ་བཙུགས་པ་དེ་ཡང་གྲགས་མེད་འགུལ་མེད་བཟོས་པ་རེད།

བོད་ཁུལ་དུ་དབང་སྒྱུར་དང་སྟངས་འཛིན་གྱི་ཁྲིམས་སྒྲིག་མང་པོ་ལག་བསྟར་བྱས་ཏེ། རྒྱ་གཞུང་གིས་བོད་མིའི་རིག་གཞུང་གི་ཆག་འཇིག་གླེང་སློང་དང་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་མཁན་ཚང་མ་ཁྲིམས་འགལ་ཉེས་གསོག་གི་ངོ་བོར་བསྒྱུར་འདུག དཔེར་ན། འདི་ལོའི་ཕྱི་ཟླ་༤ ནང་རྒྱ་ནག་དབུས་གཞུང་གི་ཞིབ་བཤེར་བཀོད་ཇུས་གཞིར་བཟུང་ནས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཤུགས་ཆེར་བཏང་བའི་ཁྲོད་དུ། མཚོན་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་རྫོང་གི་བོད་མི་དགུ་ལ་མི་ལོ་༣ ནས་༧ བར་གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་རེད།  དུས་བཙོན་བྱས་པའི་བོད་མི་དེ་དག་གིས་སྡེ་དམངས་ཀྱི་ཚབ་བྱས་ནས་ས་གནས་སྲིད་གཞུང་ནས་མང་ཚོགས་ཀྱི་ས་ཆ་བཙན་འཕྲོག་གིས་ཚོང་བསྒྱུར་བྱས་ཀྱང་ཁེ་གཉེར་མ་ཐུབ་པའི་ས་ཆ་དེ་དག་ཕྱིར་མང་ཚོགས་ལ་སྤྲོད་དགོས་པའི་ཞུ་གཏུག་ལས་འགུལ་སྤེལ་རྐྱེན། རྒྱ་གཞུང་གིས་ཁོ་ཚོར་དྲན་གནོན་བྱས་ཏེ་བོད་མིའི་སྲོལ་རྒྱུན་རིང་བཞིན་གྱི་ཁ་འགོ་བའི་དབང་ཆ་དང་ཤུགས་རྐྱེན་རྩ་མེད་བཟོས་པ་རེད།

འདི་ལོའི་ཕྱི་ཟླ་༥ ཚེས་༢༣ ཉིན་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ནས་གསར་འགོད་ཚོགས་འདུ་བསྡུས་སྟེ། “འདི་ལོའི་ལོ་འགོ་ནས་ལྷ་ས་སྤྱི་བདེ་ལས་ཁུངས་ཀྱིས་ཐེངས་༤ ལ་ཁྲིམས་འགལ་ནག་ཚོགས་བཅོམ་པ་དང་།  དེའི་གྲས་སུ་བདེ་འཇགས་ལ་ཉེན་ཁ་ཆེ་བའི་གྱོད་གཞི་༡༤ ཡོད་ལུགས་དང་། ཞིབ་བཤེར་བརྒྱུད་ནས་སྲིད་འཛིན་དང་འབྲེལ་བའི་གྱོད་དོན་༩ ཐག་གཅོད་བྱས་པ། མི་༢༡ བཀག་ཉར་ཐོ་འགོད་དང་མི་༡༥ སྲིད་འཛིན་བཀག་ཉར། མི་གྲངས་༡༧༤ ལ་སློབ་གསོ་དང་གསོ་སྦྱོང་སྤྲད་རབས། ཡང་ལས་འགུལ་དེའི་ཁྲོད་དུ་འདི་ལོར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་ཐེངས་༤༥༧༠༠ མྱུལ་ཞིབ་གཙང་བཤེར་གྱི་བྱེད་ཐབས་སྤྱད་ནས་གཙོ་གནད་ས་གནས་༨༥ ལ་ཞིབ་བཤེར་བྱས་ཏེ། རྒྱན་འཛུགས་ཁང་ཆེན་པོ་༢༨ གཏོར་བ་དང་། ཞིབ་བཤེར་བརྒྱུད་ནས་ཉེས་གསོག་མི་སྣ་༧༤༢ གྱི་གནད་དོན་ཐག་གཅད་པ། རྒྱན་དངུལ་ས་ཡ་༦༥༥༧ གཞུང་བཞེས་བཏང་བ། ཁྲིམས་འགལ་དྲ་ཚིགས་༡༣༧༠ ནག་བསུབ་བཟོས་པ། ནག་ཚོང་དང་འབྲེལ་བའི་གནད་དོན་༦ མེད་པར་བྱས་པ། དོགས་ཡོད་ཉེས་ཅན་༡༠ བཟུང་བ་དང་དུད་ནག་ལྟ་བུའི་མྱོས་རྫས་སྤྱོད་རིགས་ལ་སྟངས་འཛིན་ནན་མོ་བྱས”ཡོད་ཅེས་བསྒྲགས་འདུག་ལ། ཚོགས་འདུ་དེའི་ཐོག་ལྷ་ས་སྲིད་ཁྲིམས་ཨུ་ལྷན་དང་ལྷ་ས་སྒྲིག་ཁྲིམས་ཞིབ་བཤེར་ཁང་། ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་དང་མི་དམངས་ཁྲིམས་ཁང་། ད་དུང་འབྲེལ་ཡོད་ཚན་ཁག་བཅས་མཉམ་ཞུགས་བྱས་ཡོད་པ་རེད།

དམིགས་བསལ་ཉེས་དོན་ཉེན་རྟོག་དམག་མིས་གདུགས་དཀར་སོགས་བོད་མི་ཚོ་འཛིན་བཟུང་བྱེད་དུ་ཡོང་བཞིན་པ། ཡོང་ཁུངས་རྒྱ་ནག་གཞུང་འབྲེལ་དྲ་བ།

རྒྱ་ནག་དམར་ཤོག་སྲིད་གཞུང་གིས་ཁྲིམས་སྒྲིག་ལ་ཁ་གཡར་ནས་སྤྱི་ཚོགས་སྒྲིགས་ལམ་ལ་གནོད་པའི་ཁྲིམས་འགལ་བྱ་སྤྱོད་རིགས་ལ་རྡུང་རྡེག་གཏོང་སྐབས། ཞིབ་བཤེར་དང་ཁྲིམས་གཤེར། བཀག་ཉར་བཅས་ཀྱི་བརྒྱུད་རིམ་ཁྲོད་དུ། རྒྱ་གཞུང་གིས་ངེས་པར་དུ་བཀག་ཉེར་མི་སྣའི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་དང་ལག་ལེན་བསྟར་བའི་འགན་འཁུར་དགོས། ཉེ་ཆར་ཟི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཁྱུང་མཆི་རྫོང་ཁོངས་ཀྱི་ས་གནས་བོད་མིའི་དཀའ་ངལ་སེལ་བའི་མིང་ཐོག་ནས། རྒྱ་གཞུང་གིས་ས་ཁུལ་དེའི་རྒྱན་འཛུགས་ཁྲིམས་འགལ་རིགས་དང་འབྲེལ་བའི་དོག་ཡོད་མི་སྣ་མང་པོ་འཛིན་བཟུང་དང་དྲག་རྡུང་གཏོང་སྐབས། རང་ལོ་༤༧ ཙམ་ཡིན་པའི་དགེ་འདུན་པ་གདུགས་དཀར་བཀག་བསྐྱིལ་བྱས་ཡོད་པ་དང་། ཁོང་གི་ཉེས་འབྲེལ་ཞིག་གིས་དེ་ནི་དྲང་བདེན་དང་ཁྲིམས་མཐུན་ཞིག་མིན་པར་ཡིད་ཆེས་བྱེད་ཀྱི་འདུག དེར་མ་ཟད། གནད་དོན་དེ་ལ་རྒྱུས་མངའ་ཡོད་པའི་ས་གནས་བོད་མི་ཚོས་དགེ་འདུན་པ་གདུགས་དཀར་ལ་ཉུང་མཐར་ཡང་མི་ལོ་༡༠ ཡི་དུས་བཙོན་བྱ་སྲིད་པར་མ་ཟད། གཅིག་བྱས་ན་ཁོང་སྲོག་ཐོག་གཏང་བའི་ཉེན་ཁ་ཡོད་པར་ཚོད་དཔག་བྱེད་བཞིན་འདུག ཕྱི་ཟླ་༥ བའི་ཟླ་ཤར་ཙམ་ལ་དགེ་འདུན་པ་གདུགས་དཀར་གཙོས་བོད་མི་ཁག་ཅིག་ལ་ཤོ་རྒྱག་རྒྱན་སྐུག་བྱས་ཏེ“སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་ཉེན་ཁ་ཚབས་ཆེན་བཟོ”བའི་དོགས་གཞིའི་འོག་ནས་འཛིན་བཟུང་བཀག་ཉར་བྱས་འདུག

ཟླ་སྔོན་མར་དགེ་འདུན་པ་གདུགས་དཀར་འཛིན་བཟུང་མ་བྱས་སྔོན་ལ། དགེ་འདུན་པ་དེས་ཤ་ཚོང་ཀོ་ཚོང་གཉེར་བ་དང་། ཁོང་དཔོན་སྐོར་སྡེ་བའི་རང་གི་སྤུན་མཆེད་དང་མཉམ་དུ་བསྡད་ཡོད་པ་རེད། དགེ་འདུན་པ་དེ་ནི་མི་བཙན་པོ་ཡ་མེད་ཅིག་ཡིན་པས་དཔོན་སྐོར་སྡེ་མི་ཚོ་ཁོར་སྐྲག་པར་མ་ཟད། རྒྱ་ནག་ས་གནས་སྲིད་གཞུང་གིས་ཁོང་གི་ཁང་ཁྱིམ་བཤིག་སྤོ་དང་རྩྭ་ས་གཞུ་བསྡུ་བྱ་རྩིས་བྱས་ཀྱང་། ཁོས་དེ་ལ་འགོག་རྒོལ་བྱས་ཡོད་པ་རེད། དེ་ཡང་ཕྱི་ལོ་༢༠༡༥ ལོར་རྒྱ་ནག་ས་གནས་སྲིད་གཞུང་གིས་ཡུལ་སྐོར་ལྗོངས་ཁུལ་འཛིགས་སྐྲུན་ལས་གཞིའི་མིང་ཐོག་ནས། གསེར་དེའུ་ཡུལ་ཚོའི་མཚོ་ལུང་མཚེའུ་དེ་ཡུལ་སྐོར་ལྗོངས་རྒྱུའི་གནས་མཆོག་ཅིག་ཏུ་འཛུགས་སྐྲུན་བྱེད་དགོས་རབས་བསྒྲགས་པ་དང་། མཚོ་ལུང་མཚེའུ་འཛུགས་སྐྲུན་སྐབས་སུ་ས་གནས་སྲིད་གཞུང་གིས་ཡུལ་མིའི་རྩྭ་ས་མང་པོ་གཞུང་བསྡུ་བྱས་ཤིང་། མཚོ་ལུང་ལ་འགྲོ་སའི་གཞུང་ལམ་ལས་སྐབས། ལམ་ཁར་འཁེལ་བའི་འབྲོག་ཁྱིམ་༤ ཙམ་གནས་སྤོར་བཏང་བ་དང་། དགེ་འདུན་པ་གདུགས་དཀར་ཚང་ཡང་དེའི་གྲས་ཀྱི་གཅིག་ཡིན་འདུག ཁྱིམ་ཚང་ཁ་ཤས་ཤིག་ས་གནས་སྲིད་གཞུང་གི་བཀོད་ཁྱབ་འོག་ཏུ་གནས་སྤར་ཡོད་ཀྱང་། གདུགས་དཀར་ཚང་སྤར་མེད་པ་རེད། ཁོང་གིས་རྒྱ་ནག་ས་གནས་སྲིད་གཞུང་ལ། གལ་ཏེ་ཁོང་ཚང་གནས་སྤོར་བཏང་ན། ཁོས་རོ་འཇོག་གི་ཡིན་ཞེས་ཀྱང་བརྗོད་འདུག གདུགས་དཀར་ཚང་ལ་གླགས་མ་འཁེལ་བས། ས་གནས་སྲིད་གཞུང་གིས་ཁོང་ཚང་གི་ཁང་པ་བསྐོར་ནས་གཞུང་ལམ་ལས་ཡོད་པ་དང་། གནད་དོན་དེ་ལ་བརྟེན་ནས་ས་གནས་སྲིད་གཞུང་གིས་དགེ་འདུན་པ་གདུགས་དཀར་ཚང་མིག་འབེན་དུ་བཟུང་ཡོད་འདུག མཚོ་ལུང་མཚེའུ་ཡོད་ས་དེ་ནི། གསེར་དེའུ་ཡུལ་ཚོ་དང་དཔོན་སྐོར་སྡེ་བ་གཙོས་འབྲོག་སྡེ་ཁག་ཅིག་གི་བར་གནས་སུ་འཁེལ་ཡོད་པ་དང་། ཡུལ་ཚོ་ནས་མཚོ་ལུང་དབར་དུ་སྤྱི་ལེ་༢ ཡས་མས་ཤིག་ཡོད་འདུག

ཟླ་སྔོན་མར་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ། ལྔ་གཅིག་དུས་སྟོན་སླེབ་ལ་ཉེ་བའི་སྐབས་འདིར། ཕྱི་ཟླ་༤ ནང་རྫོང་སྤྱི་བདེ་ལས་ཁུངས་ནས་ནག་སེལ་གཏུམ་འཇོམས་ལས་འགུལ་སྤེལ་ཏེ། དགེ་འདུན་པ་གདུགས་དཀར་ཚུད་པའི་མི་༨ བཟུང་བ་དང་། འདས་པའི་ཟླ་བ་གཅིག་རིང་གི་ཞིབ་བཤེར་ལས་འགུལ་ཁྲོད་དུ་འཛིན་བཟུང་བྱས་པའི་དགེ་འདུན་པ་གདུགས་དཀར་དང་བོད་མི་གཞན་པ་དེ་དག་ནི། ཤོ་རྒྱག་རྒྱན་སྐུག་དང་འབྲེལ་བའི་ནག་ཚོགས་ཤིག་ཡིན་པ་དང་། རྒྱན་སྐུག་དང་འབྲེལ་བའི་མི་༣༠༠ ལྷག་རྩད་ཆོད་བྱུང་བ་དང་། དེའི་གྲས་ནས་མི་༨ བཀར་བསྐྱིལ་དང་མི་༢ ཉིན་གྲངས་༡༥ རིང་སྲིད་འཛིན་བཀག་ཉར་བྱས་པ། གོང་ཞུས་མི་༣༠༠ ལྷག་ལ་སློབ་གསོ་བཏང་ཡོད་ལུགས་བསྒྲགས་འདུག

རྒྱ་ནག་ས་གནས་སྲིད་གཞུང་གི་དྲིལ་བསྒྲགས་ནང་དུ། “གསེར་དེའུ་ཡུལ་ཚོར་རྐུ་འཕྲོག་གི་ལས་ཡང་བསྐྱར་འབུས་ཤིང་། མི་བསད་གྱོད་དོན་གྱི་རིགས་འདུམ་པ་རྒྱུན་ཁྱབ་ལྟ་བུར་གྱུར”ཡོད་ཅེས་འཁོད་འདུག དུས་ཡུན་ཟླ་བ་གཅིག་རིང་གི་ཞིབ་བཤེར་བརྒྱུད་ནས་རྫོང་སྤྱི་བདེ་ཅུས་ནས། རྒྱན་སྐུག་ནི་ས་ཁུལ་དེའི་ནག་ཉེས་འབྱུང་རྐྱེན་ཡིན་ལུགས་དང་། ཞིབ་བཤེར་ཁྲོད་དུ་ད་དུང་གདུགས་དཀར་དང་གཞན་བཀག་ཉར་མི་སྣ་༥ ཡིས་རྒྱན་འཛུགས་གི་གནས་མི་འདྲ་བ་༡༣ གཉེར་ཡོད་ལུགས། མྱུལ་ཞིབ་གྱི་ལས་གྱ་ནོམ་པ་ཞིག་བྱས་པ་བརྒྱུད་ནས། གདུགས་དཀར་ནི་སྔོན་ཆད་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གསེར་རྟ་རྫོང་ཁོངས་ཀྱི་བླ་རུང་སྒར་གྱི་དགོན་ལག་ཅིག་གི་གྲྭ་བ་ཡིན་པ་དང་། ཁོས་དགོན་དེའི་ཅ་ལག་བརྐུས་པའི་དོགས་པ་ཟོས་རྐྱེན། དགོན་པ་དང་ཁ་བྲལ་ནས་ཕྱིར་དཔོན་སྐོར་སྡེ་བར་ཡོང་བ་རེད་ཅེས་མ་ཉེས་ཁག་གཡོག་བྱས་འདུག ས་གནས་སྲིད་གཞུང་གི་གནས་ཚུལ་ནང་དུ། “ནམ་རྒྱུན་དགོན་པའི་འདུལ་ཁྲིམས་དང་། སྡེ་བའི་དམངས་སྲོལ་ཆིངས་ཡིག རྒྱལ་ཁབ་གྱི་བཅའ་ཁྲིམས་སོགས་སྣང་མེད་དུ་འཇོག་པར་མ་ཟད། དུས་ཡུན་རིང་བོར་ས་གནས་ཏང་སྲིད་གཞུང་གི་བྱ་བར་རྒྱབ་སྐྱོར་མི་བྱེད་པར་ས་ཆ་བཙན་བཟུང་བྱས་ཏེ་ཁང་ཁྱིམ་ར་བ་སོགས་རང་འདོད་ཀྱིས་བསྐྲུན་པ་སོགས་བྱ་ངན་སྤྱོད་ངན་ལ་དགའ་མཁན་ཞིག་རེད”ཅེས་བྲིས་འདུག

ཤོ་རྒྱག་རྒྱན་འཛུགས་ནི་གསེར་དེའུ་ཡུལ་ཚོའི་གནད་དོན་ཚབས་ཆེན་ཞིག་ཡིན་པ་དང་མང་ཚོགས་ཀྱིས་བློ་འཚབ་བྱེད་གཞི་ཞིག་ཀྱང་རེད་ལ། ས་གནས་བོད་མི་ཚོས་རྒྱན་སྐུག་ལ་བརྟེན་ནས་ཁྱིམ་ཚང་སྟོང་བ་དང་བཟའ་ཚང་ཁ་འཐོར། བོད་མིའི་སྤྱི་ཚོགས་ཁྲོད་དུ་འཁོན་འཛིང་འབྱུང་བཞིན་པར་སེམས་ཁྲལ་གནང་མུས་ཡིན་པ་མངོན་གསལ་རེད། འོན་ཀྱང་རྒྱ་གཞུང་གིས་རྒྱན་འཛུགས་ཀྱི་གནད་དོན་དེ་འབྲོག་རུ་གནས་སྤོར་སྲིད་ཇུས་དང་མཉམ་བསྲེས་བྱས་ཡོད་པ་དང་། སྤྱིར་བཏང་སྲིད་ཇུས་དེའི་འོག་ཏུ་འབྲོག་སྡེ་མང་པོ་གྲོང་མཐའ་ཁག་ཏུ་སྤུངས་ནས་བོད་མིའི་འབྲོག་སྡེ་དང་ཕྱུགས་ཟོག་འཚོ་སྐྱོང་གི་འཚོ་གནས་ཉམས་རྒུད་དུ་བཏང་སྟེ། འབྲོག་པ་མང་ཚོགས་ལ་གྲོང་དང་གྲོང་ཁྱེར་གྱི་ལས་རིགས་ལག་རྩལ་མེད་ཁར། ཁོ་ཚོའི་མ་འོངས་འཚོ་ཐབས་ཀྱི་ཐོན་ཁུངས་བཙན་འཕྲོག་བྱས་ཡོད་པ་རེད། དཀའ་ཁག་དེའི་རྐྱེན་གྱིས་འབྲོག་སྡེ་མང་པོ་གྲོང་རྡལ་ཅན་ལ་བསྒྱུར་བའི་གྲོང་རྡལ་ཁག་ཏུ་རྐུ་འཕྲོག་རྒྱན་འཛུགས་དང་འཁྲུག་འཛིང་གི་དཀའ་རྙོག་མང་པོ་འབྱུང་མུས་ཡིན་པ་དང་། སྐབས་རེར་འཁོན་འཛིང་ཁྲོད་དུ་ལོ་གཅིག་གི་ནང་བོད་མི་གཅིག་གཉིས་ཀྱི་ཚེ་སྲོག་དོན་མེད་ལ་འཆོར་བཞིན་ཡོད་པ་དང་། དོན་རྐྱེན་དེ་དག་གི་འབྱུང་རྩ་གཙོ་བོ་ནི་སྤྱི་ཚོགས་ཀྱི་རྩོད་རྙོག་དང་འབྲེལ་ཡོད་པ་རེད།

ས་གནས་བོད་མི་ཞིག་གིས་འདི་ག་ལྟེ་གནས་ཁང་ལ་བརྗོད་དོན་ལྟར་ན། དགེ་འདུན་པ་གདུགས་དཀར་ནི་མི་བཙན་པོ་ཡ་མེད་ཅིག་ཡིན་པས། སྡེ་མི་མང་པོ་ཞིག་ཁོང་ལ་དགའ་མོས་མེད་པ་དང་། ཁོང་འཛིན་བཟུང་བཀག་བསྐྱིལ་བྱས་པའི་རྒྱུ་མཚན་ཡང་མང་ཚོགས་ཀྱི་དགའ་མོས་མེད་ཁར། ཁོང་གིས་རྒྱ་ནག་ས་གནས་སྲིད་གཞུང་གི་རྩྭ་ས་བཙན་འཕྲོག་ལ་འགོག་རྐྱེན་བཟོས་པའི་རྐྱེན་གྱིས་ཡིན་པ་དང་། ཡང་ས་གནས་བོད་མི་མང་པོ་ཞིག་གིས་དགེ་འདུན་པ་གདུགས་དཀར་གྱིས་ཤོག་རྒྱག་མཁན་ལ་སྒོར་མོ་གཡར་ནས་བསྐྱེད་ཀ་བླངས་ཡོད་ཀྱང་། སྲིད་གཞུང་གིས་ཁོང་དེ་ལྟར་ནག་ཉེས་ཚབས་ཆེན་གྱི་ཐོག་ནས་བཀག་བསྐྱིལ་བྱེད་དགོས་དོན་མེད་པར་ཡིད་ཆེས་བྱེད་ཀྱི་འདུག ཡིན་ནའང་རྒྱ་ནག་ས་གནས་སྲིད་གཞུང་གིས་དགེ་འདུན་པ་གདུགས་དཀར་འདྲ་བའི་བོད་མི་ཚོ་འཛིན་བཟུང་བཙོན་འཇུག་དང་ནག་མེད་ཉེས་འཛུགས་བྱ་བདེ་ཡོང་ཆེད། ཁོ་ཚོས་གནད་དོན་དེའི་ཐད་ལ་དྲང་བདེན་གྱི་གསལ་བཤད་ཅིག་ནམ་ཡང་བྱ་སྲིད་པ་མ་རེད།

ཁོང་གི་ནང་མི་ཚོས་དགེ་འདུན་པ་གདུགས་དཀར་གྱིས་ཁྲིམས་འགལ་རྒྱན་འཛུགས་བྱས་སྐོར་བཤད་མི་འདུག་ལ། ཁོང་གི་ནང་མི་ཚོས་བརྗོད་པ་ལྟར་ན། དགེ་འདུན་པ་གདུགས་དཀར་གྱིས་ནམ་རྒྱུན་རང་ཉིད་ཀྱི་སྒོར་མོ་བཀོལ་སྤྱོད་བྱས་ནས་ཁེ་ལས་གཉེར་བ་མ་གཏོགས་ཁྲིམས་འགལ་རྒྱན་འཛུགས་དང་རྐུ་འཕྲོག་གི་ལས་ཅི་ཡང་བསགས་མེད་པ་རེད། ཁོང་གི་ཉེ་འབྲེལ་ཞིག་གིས། དགེ་འདུན་པ་གདུགས་དཀར་སྔོན་ཆད་བླ་རུང་སྒར་གྱི་དགོན་ལག་ཆོས་ཁྱབ་སྒར་དུ་ཡོད་སྐབས། ཁོང་དང་མཁན་ཚབ་གཉིས་མཐུན་པོ་མ་བྱུང་བའི་སྐོར་ནས། “དགོན་པ་དེའི་གསེར་སྐུ་ཞིག་བོར་བརླག་བྱུང་སྐབས། གསེར་སྐུ་དེ་རྐུ་མཁན་དགོན་པའི་ལྷ་གཉེར་བ་ཡིན་པའི་དོགས་གཞི་བྱུང་བ་དང་། ལྷ་གཉེར་བ་དེ་ནི་གདུགས་དཀར་གྱི་གྲོགས་པོ་ཡག་ཤོས་ཡིན་པས། ཁོ་རང་གྲོགས་པའི་གཞོགས་སུ་ལངས་ནས་དགོན་པའི་མཁན་ཚབ་ལ་རྩོད་རྙོག་བཟོས་པ་དང་། དེའི་རྗེས་རང་གི་མཛུབ་མོ་གཅིག་གཏུབ་སྟེ་ཁ་བཏགས་ཤིག་གི་ཁུད་དུ་གཅུད་ནས་མཁན་ཚབ་ལ་ཕུལ་ནས་ཁོང་ལ་དགོངས་གསོལ་ཞུས་རྗེས་དགོན་པ་ནས་ཐོན་ཡོང་བ་རེད།” ཅེས་བརྗོད་བྱུང་། གདུགས་དཀར་གྱི་མི་ནང་ཚོས། ཉེན་རྟོག་དམག་མིས་ཁོང་འཛིན་བཟུང་བཀག་བསྐྱིལ་བྱས་པའི་གནད་དོན་ཁྲོད་དུ། ཁོང་གིས་གཞན་གྱི་སྒོར་མོ་རྐུ་འཕྲོག་བྱས་རབས་བཤད་པ་དེ་ནི་གཞི་མེད་བསྙོན་འཛུགས་བྱས་པ་ཡིན་པས། ཁོང་མྱུར་དུ་གློད་གྲོལ་གཏོང་དགོས་ཞེས་བརྗོད་ཡོད་པ་རེད།

བཀལ་བསྐྱིལ་བྱས་པའི་བོད་མི་དེ་ཚོའི་གྲས་ཀྱི་གཅིག་གི་མིང་ལ་བསྟན་དར་ཞུ་བ་དང་ད་ལྟ་རང་ལོ་༣༢ ཙམ་ཡིན་ཞིང་། ཁོ་རང་བཙན་བྱོལ་བོད་མི་གསར་འགོད་པ་ཞིག་གི་སློབ་གྲོགས་ཡིན་པ་དང་། གསར་འགོད་པ་དེས་གནས་ཚུལ་རྒྱུས་ལོན་བྱས་སྐབས། བསྟན་དར་གྱི་ནང་མི་ཚོ་ཁོ་ལ་ཐུག་འཕྲད་བྱེད་དུ་བཅུག་པ་མེད་པ་དང་། ནང་མི་ཚོས་གནད་དོན་ཞུ་གཏུག་བྱ་འཆར་ཡོད་པ་དང་། ཁོ་ད་ལྟ་རྔ་བ་ཁུལ་ཝན་ཁྲོན་རྫོང་བཀག་ཉར་ཁང་དུ་བཀག་བསྐྱིལ་བྱས་ཡོད་སྐོར་བརྗོད་འདུག

འདི་ལོར་རྒྱ་གཞུང་གིས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཤུགས་ཆེར་ལག་བསྟར་བྱས་པའི་འོག་ཏུ། རྒྱ་ནག་ས་གནས་སྲིད་གཞུང་གིས། གདུགས་དཀར་དང་བོད་མི་གཞན་༩ ཡིས་ས་ཁུལ་དེར་རྒྱན་སྐུག་ས་གནས་མང་པོ་བཙུགས་ཡོད་རབས་བཤད་པ་དང་། ཡང་ས་གནས་སྲིད་གཞུང་གིས་བོད་མི་དེ་ཚོས་གསེར་དེའུ་ཡུལ་ཚོ་དང་ཉེ་འགྲམ་གྱི་སྡེ་བའི་ནང་དུ་རྒྱན་སྐུག་གི་གནས་མི་འདྲ་བ་༡༣ བཙུགས་འདུག་ཟེར།

རྒྱ་ནག་ས་གནས་གཞུང་འབྲེལ་བརྒྱུད་ལམ་ནང་དུ། དགེ་འདུན་པ་གདུགས་དཀར་དང་གཞན་བོད་༩ མིང་འདོན་བྱས་པ་གཤམ་གསལ།

༡༽ བདེ་ཆེ་གེ་མོ། ཕོ། ལོ་ཞེ་བདུན། གསེར་དེའུ་ནས་ཡིན། རྒྱན་སྐུག་གི་གནས་གཉེར་བའི་ནག་ཉེས།

༢༽ ཚེ་ཆེ་གེ་མོ། ཕོ། ལོ་སོ་སུམ། གསེར་དེའུ་ནས་ཡིན། རྒྱན་སྐུག་གི་གནས་གཉེར་བའི་ནག་ཉེས།

༣༽ པད་ཆེ་གེ་མོ། ཕོ། ལོ་སོ་བརྒྱད། གསེར་དེའུ་ནས་ཡིན། རྒྱན་སྐུག་གི་གནས་གཉེར་བའི་ནག་ཉེས།

༤༽ ཚེ་ཆེ་གེ་མོ། ཕོ། ལོ་སོ་དྲུག གསེར་དེའུ་ནས་ཡིན། རྒྱན་སྐུག་གི་གནས་གཉེར་བའི་ནག་ཉེས།

༥༽ གྲུབ་ཆེ་གེ་མོ། ཕོ། ལོ་ཉེར་ལྔ། གསེར་དེའུ་ནས་ཡིན། རྒྱན་སྐུག་དང་ཁྲིམས་འགལ་བཙན་འགོག་གི་ནག་ཉེས།

༦༽ གནས་ཆེ་གེ་མོ། ཕོ། ལོ་སོ་གཅིག གསེར་དེའུ་ནས་ཡིན། རྒྱན་སྐུག་དང་བརྐུ་བྱས་པའི་ནག་ཉེས།

༧༽ མགོན་ཆེ་གེ་མོ། ཕོ། ལོ་སོ་གཉིས། གསེར་དེའུ་ནས་ཡིན། རྒྱན་སྐུག་གི་གནས་གཉེར་བ་དང་སྦས་འགེབ་གྱི་ནག་ཉེས།

༨༽ ཉི་ཆེ་གེ་མོ། ཕོ། ལོ་སོ་གཅིག གསེར་དེའུ་ནས་ཡིན། རྒྱན་སྐུག་གི་ནག་ཉེས།

༩༽ ཚུལ་ཆེ་གེ་མོ། ཕོ། ལོ་སོ་དྲུག གསེར་དེའུ་ནས་ཡིན། རྒྱན་སྐུག་གི་ནག་ཉེས།

རྒྱ་ནག་ས་གནས་སྲིད་གཞུང་གིས། དམིགས་བསལ་ཉེས་དོན་ཉེན་རྟོག་དམག་མི་མང་པོ་བཏང་ནས་རྒྱན་འཛུགས་ས་གནས་ཁག་ཏུ་སྔོག་བཤེར་དང་དོག་ཡོད་བོད་མི་འཛིན་བཟུང་བྱས་པའི་འདྲ་པར་མང་པོ་བརྒྱུད་ལམ་དུ་སྤེལ་འདུག་ལ། འདྲ་པར་གཅིག་དེ་དགེ་འདུན་པ་གདུགས་དཀར་ཡིན་པ་དང་། ཁོང་གིས་གྲྭ་ཆས་གྱོན་ཡོད་པ་དང་ཉེས་དོན་ཉེན་རྟོག་དམག་མིས་ཁོང་ལ་ལག་ལྕགས་བརྒྱབ་ཡོད་པ་དང་། པར་ངོས་ནས་ཁོང་གི་གདོང་པ་མི་གསལ་བ་བཟོས་འདུག ཉེས་དོན་ཉེན་རྟོག་དམག་མི་དེ་དག་གིས་ས་གནས་སོ་སོ་ནས་བོད་མི་མང་པོ་འཛིན་བཟུང་བྱས་ཏེ། “གྱོད་དོན་འདིའི་རྩད་ཆོད་པར་ཁུལ་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་། ཁུལ་སྤྱི་བདེ་ཅུས་ཀྱི་འགོ་ཁྲིད་པ་གཙོ་བོ་དག་གིས་ཡང་དག་པའི་མཛུབ་སྟོན་དང་ཁ་བྲལ་མེད་ལ། བོད་ཁུལ་ནས་གཏུམ་སྤྱོད་དང་རྒྱན་སྐུག་ལ་འབྲེལ་བའི་གྱོད་དོན་རིགས་སྒྲུབ་པར་ཁ་ཕྱོགས་དང་རིག་ལམ་གསར་བ་སོགས་ཀྱང་མཁོ་འདོན་བྱས་ཡོད། གཞན་འདིའི་རིགས་ཀྱི་གྱོད་དོན་བསྒྲུབས་པར་སྤྱི་ཚོགས་ལས་རིགས་ཁག་དང་མང་ཚོགས་ཚོས་བསྟོད་པའི་མཐེ་བོང་སྒྲེང་བཞིན་ཡོད”ཅེས་ཡིག་ངག་གཉིས་ཀྱི་ཐོག་ནས་དྲིལ་བསྒྲགས་བྱས་འདུག

དགེ་འདུན་པ་གདུགས་དཀར་ལ་ནག་ཚོགས་རྩ་འཛུགས་དང་ཤོ་རྒྱག་མཁན་ལ་སྒོར་མོ་གཡར་ནས་བསྐྱེད་ཀ་བླངས་པའི་ཉེས་འཛུགས་འོག་ཏུ་འཛིན་བཟུང་མ་བྱས་སྔོན་གྱི་ཟླ་༥ ཟླ་ཤར་ནས་བཟུང་རྒྱ་གཞུང་གིས་བོད་ཁམས་ཡོངས་སུ་ནག་སེལ་གཤེད་འཇོམས་ཟེར་བའི་དྲག་རྡུང་ལས་འགུལ་དེ་ཤུགས་ཆེར་གཏོང་དགོས་པའི་དྲིལ་བསྒྲགས་སྤེལ་ཡོད་པ་རེད། དེར་མ་ཟད། གནས་ཚུལ་རྒྱུས་ལོན་ལྟར་ན། ཐེངས་འདིའི་ལས་འགུལ་ཁྲོད་དུ་བོད་མི་ཚོ་འཛིན་བཟུང་བྱེད་མཁན་ནི་འབྲེལ་ཡོད་གྲོང་རྡལ་རིམ་པའི་སྤྱི་བདེ་མི་སྣ་མིན་པར། གོང་རིམ་གྱི་དམིགས་བསལ་ཉེས་དོན་ཉེན་རྟོག་དམག་མི་རླངས་འཁོར་༥ ལྷག་ཆེད་གཏོང་བྱས་ཡོད་པ་དང་། དགེ་འདུན་པ་གདུགས་དཀར་དང་མཉམ་དུ་ཁྱོན་ས་གནས་བོད་མི་༣༠ ཡས་མས་ཤིག་རྫོང་བཀག་ཉར་ཁང་དུ་བཀག་བསྐྱིལ་བྱས་འདུག

གདུགས་དཀར་གྱི་ནང་མི་ཚོ་ཁོང་ལ་ཐུག་འཕྲད་བྱེད་དུ་བཅུག་མེད་པར་མ་ཟད། ས་གནས་སྤྱི་བདེ་མི་སྣས་གདུགས་དཀར་གྱིས་སྤྱི་ཚོགས་སྒྲིག་ལམ་ལ་གཏོར་བརླག་བཏང་བ་དང་། དམངས་སྒོར་ཧམ་འཕྲོག་གཡོ་ལེན་བྱས་པ། སྲིད་གཞུང་གི་ས་ཆ་བཙན་བཟུང་བྱས་པ། རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་བ། ནག་ཚོགས་ཀྱི་གཏེ་བོ་ཡིན་རབས་སོགས་བགྲངས་འདུག

ཁོང་གི་ནང་མི་གཙོས་ས་གནས་བོད་མི་ཁ་ཤས་ཀྱིས། དགེ་འདུན་པ་གདུགས་དཀར་གྱིས་སྔོན་ཆད་རྒྱལ་ཁབ་ཀྱི་གནས་སྤོར་སྲིད་ཇུས་ལ་འགོག་རྒོལ་བྱས་པ་དང་། ས་གནས་སྲིད་གཞུང་གིས་ཁོར་གླགས་འཁེལ་མེད་སྟབས། སྤྱིར་བཏང་ཁོས་སྡེ་མིའི་དགོས་མཁོ་དང་བསྟུན་ནས་ཁོ་ཚོར་སྒོར་མོ་གཡར་ཡོད་སྲིད་ཀྱང་། སྲིད་གཞུང་གིས་ཁོ་སྔོན་ཆད་དགོན་པར་ཡོད་དུས་རྐུ་འཕྲོག་བྱས་རབས་དང་། ཕྱིས་སུ་ཤ་ཚོང་ཀོ་ཚོང་གི་ཁེ་བཟང་གཉེར་ལུགས་སོགས་ཀྱི་ལོ་རྒྱུས་ལྗོངས་བགྲངས་ཏེ། ཁོང་ལ་མ་ཉེས་ཁག་གཡོག་བྱས་པར་ཡིད་ཆེས་བྱེད་ཀྱི་འདུག

རྒྱ་གཞུང་གིས་བོད་ཁུལ་དུ་སྤེལ་བཞིན་པའི་ལས་འགུལ་དེའི་དགོས་དམིགས་གཙོ་བོ་ནི་ཆབ་སྲིད་ཡིན་པས། ཆབ་སྲིད་ཀྱི་དམིགས་འབེན་དེའི་འོག་ཏུ། དམར་ཤོག་སྲིད་གཞུང་གི་ལྟ་སྤྱོད་དང་མི་མཐུན་མཁན་དང་། ལྷག་པར་དུ་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོར་དྲག་གནོན་བྱེད་བཞིན་པ་ནི་ཧ་ཅང་བློ་འཚབ་སྐྱེ་གཞི་ཞིག་ཆགས་ཡོད།

སྤྱིར་རྒྱ་གཞུང་གིས་གོང་རིམ་ནས་བཟུང་སྟེ་དྲང་བདེན་གྱི་ཁྲིམས་ཞིབ་ཐོབ་ཐང་མེད་ཁར། གསང་རྒྱ་དམ་པའི་ཐོག་ནས་ཁྲིམས་སྒྲིག་མང་པོ་ལག་བསྟར་བྱེད་བཞིན་ཡོད་པས། རང་དབང་ཆ་ཚང་ལྡན་པའི་རྟོག་ཞིབ་ཚན་པ་གང་རུང་ཞིག་མ་བརྒྱུད་པར། ནག་སེལ་བཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཁྲོད་དུ་ཉེས་མེད་མི་མང་ག་ཚོད་ཅིག་གང་བྱུང་འཛིན་བཟུང་བཙོན་འཇུགས་བྱས་པའི་དངོས་ཡོད་གནས་ཚུལ་གསལ་བོ་ཞིག་ཤེས་རྟོགས་ཐུབ་རྒྱུ་ནི་མི་སྲིད་པ་ཞིག་རེད།

འདི་ག་ལྟེ་གནས་ཁང་གི་ངོས་ནས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་། ཉེས་མེད་བཙོན་འཇུགས་ཐེབས་མཁན་ཚོའི་བདེ་འཇགས་ཐད་ལ་བློ་འཚབ་བྱེད་བཞིན་ཡོད་ལ། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཁྲོད་དུ་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་ཁག་རྡོག་རོལ་གཏོང་མུས་ཡིན་མེད་ཐད་ལ་འཕྲལ་དུ་རྟོག་ཞིབ་བྱེད་དགོས་པར་མ་ཟད། རྒྱ་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཁ་གཡར་ནས་བོད་ཁུལ་དུ་གཞི་རྒྱ་ཆེ་བའི་དོག་ཟོན་མྱུལ་ཞིབ་རིགས་ཚང་མ་མཚམས་འཇོག་དགོས། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཁྲོད་དུ་མ་ཉེས་ཁག་གཡོག་ཐེབས་པའི་བོད་མི་ཚོ་ཆ་རྐྱེན་ཅི་ཡང་མེད་པའི་ཐོག་ནས་མྱུར་དུ་གློད་གྲོལ་གཏོང་དགོས།

Check Also

བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས། ༢༠༡༨ ལོའི་སྙན་ཐོ།

འདི་ག་ལྟེ་གནས་ཁང་གི་ངོས་ནས་ཕྱི་ལོ་༢༠༡༨ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གྱི་ལོ་འཁོར་སྙན་ཐོ་འདོན་སྤེལ་བྱས་ཡོད། ཕྱི་ལོ་༢༠༡༨ ལོ་ནི་བོད་གཙོ་བའི་རྒྱ་ནག་རྒྱལ་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཐད་ནས་གཉན་འཕྲང་ཅན་གྱི་ལོ་ཞིག་ཆགས་ཡོད། རྒྱ་གཞུང་གིས་ཁྲིམས་སྒྲིག་གསར་བ་མང་པོ་གཏན་འབེབས་ལག་བསྟར་བྱས་པ་དེས། བོད་མིའི་གནས་སྟངས་དང་འགྲོ་བ་མིའི་ཐོབ་ཐང་ཁག་ལ་དམ་དྲག་ཤུགས་ཆེར་བཏང་ཡོད། ཁྲིམས་སྒྲིག་དེ་དག་གི་འོག་ཏུ་འཚོ་གནས་ཚད་ལྡན་བསྐྱེལ་བའི་ཐོབ་ཐང་དང་། ཆོགས་ལུགས་རིག་གཞུང་གི་ཐོབ་ཐང་། འགྲོ་འོང་གི་རང་དབང་། ཞི་བའི་འདུ་འཛོམ་རང་དབང་། དེ་མིན་གྱི་རང་དབང་ཐོབ་ཐང་ཁག་ལོངས་སུ་སྤྱོད་མཁན་བོད་མི་ཚོ་གང་བྱུང་འཛིན་བཟུང་དང་བཀག་ཉར་བྱས་ཡོད། ཕྱི་ལོ་༢༠༡༨ ཟླ་༡ ནས་བཟུང་རྒྱ་ནག་རྒྱལ་ཡོངས་སུ་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཟེར་བའི་ཁྲོད་དུ“ནག་གཤེད་སྟོབས་ཤུགས”དང་“ནག་ཚོགས་སྟོབས་ཤུགས”རིགས་རྩ་མེད་བཟོ་རྒྱུ་ཡིན་རབས་བཤད་དེ། རྒྱ་གཞུང་གིས་དུས་ཡུན་རིང་བོར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཁག་རྡོལ་རོལ་བརྡལ་བཤིག་བཏང་དང་གཏོང་བཞིན་པ་དེ་ཁྲིམས་མཐུན་གྱི་ངོ་བོར་བསྒྱུར་འདུག …

Leave a Reply

Your email address will not be published. Required fields are marked *