Thursday , July 18 2019
Home / Uncategorized / རྒྱ་གཞུང་གི་དབུལ་ཐར་མཁྲེགས་གཏོར་སྲིད་ཇུས་དེས་བོད་མིའི་འབྲོག་ལས་ཉམས་རྒུད་དུ་གཏོང་བཞིན་འདུག

རྒྱ་གཞུང་གི་དབུལ་ཐར་མཁྲེགས་གཏོར་སྲིད་ཇུས་དེས་བོད་མིའི་འབྲོག་ལས་ཉམས་རྒུད་དུ་གཏོང་བཞིན་འདུག

ཟླ་སྔོན་མར་རྒྱ་གཞུང་གིས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་འབའ་རྫོང་ནང་ཆ་སྒྲིག་རོགས་སྐྱོར་ལས་གཞི་ཇེ་མགྱོགས་སུ་གཏོང་དགོས་རབས་བསྒྲགས་པ་དང་། ལས་གཞི་དེའི་ཆ་ཤས་ཤིག་དབུལ་ཐར་གཏོང་བའི་དམིགས་ཡུལ་ཡིན་ལུགས་བཤད་ཀྱང་། ལས་གཞི་དེ་ཐོག་མར་བོད་ས་ཡོངས་སུ་ལག་ལེན་བསྟར་བ་དང་མཉམ་དུ་རྒྱ་ནག་ས་གནས་སྲིད་གཞུང་གི་ལས་བྱེད་དང་ཏང་ཡོན་འབོར་ཆེན་གྲོང་ཁུལ་དང་འབྲོག་ཁུལ་དུ་ཆེད་གཏོང་བྱས་ཏེ་ས་གནས་མང་ཚོགས་ཀྱི་གནས་སྟངས་ལ་མྱུལ་ཞིབ་རྒྱུས་ལོན་དང་། ལྷག་པར་དུ་ཆབ་སྲིད་དང་འབྲེལ་བའི་དཀའ་རྙོག་རིགས་ལ་དམ་དྲག་བྱེད་བཞིན་ཡོད་པ་རེད།

དོན་དངོས་སུ་དམིགས་ཡུལ་དང་ལྡན་པའི་ལས་གཞི་དེ་ནི། དབུལ་ཐར་མཁྲེགས་གཏོར་གྱི་མིང་བྱང་འོག་ཏུ་ས་གནས་བོད་མིའི་བསམ་སྤྱོད་ལ་མྱུལ་ཞིབ་དང་དམ་དྲག་བྱ་ཐབས་ཤིག་ཡིན་པ་དང་། རྒྱ་གཞུང་གི་ལས་བྱེད་དང་ཏང་ཡོན་ཚོས་ཞིང་འབྲོག་ས་ཁུལ་གྱི་ཁྱིམ་ཚང་ནང་ལ་སོང་སྟེ་གཟའ་འཁོར་མང་པོར་བསྡད་ནས་མང་ཚོགས་ལ་ཆབ་སྲིད་ཀྱི་སློབ་གསོ་སྤེལ་བའི་ཞོར་དུ་ཚོར་ཤུགས་ལྡན་པའི་གནས་ཚུལ་འཚོལ་བསྡུ་བྱེད་བཞིན་འདུག དེ་ནི་ཕྱི་ལོ་༢༠༡༢ ལོ་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་དབུལ་ཐར་མཁྲེགས་གཏོར་གྱི་ལས་གཞི་ཁག་དང་མཉམ་དུ་སྤེལ་བ་ཞིག་ཡིན་ཞིང་། ལས་གཞི་དེ་དང་མཉམ་དུ་བོད་ཁུལ་ལ་གཞི་རྒྱ་ཆེ་བའི་དོགས་ཟོན་མྱུལ་ཞིབ་དང་བོད་མིའི་བསམ་བློར་སྟངས་འཛིན་བྱ་ཐབས་ཀྱི་ཆབ་སྲིད་སློབ་གསོའི་ལས་གཞི་སྣ་ཚོགས་སྤེལ་མུས་ཡིན་འདུག

བོད་ནང་དུ་ལས་གཞི་དེ་ནི་དམངས་ཕན་ཞབས་ཞུ་ཞེས་པའི་མིང་བྱང་འོག་གི་ལས་འགུལ་ཆེན་པོ་ཞིག་ཡིན་པ་དང་། ཕྱི་ལོ་༢༠༡༡ ལོའི་ལོ་མཇུག་ནས་ལས་གཞི་དེ་གཏན་འབེབས་ལག་བསྟར་བྱས་ཡོད། ཕྱི་ལོ་༢༠༡༦ ལོར་རྒྱ་ནག་རྒྱལ་ཡོངས་སུ་ཆེད་མངགས་ལས་བྱེད་༧༧༥༠༠༠ ས་གནས་རིམ་པར་བཅའ་སྡོད་བྱས་ཏེ་དུས་ཡུན་ལོ་ངོ་གསུམ་རིང་ལ་ས་ཁུལ་རིམ་པར་གཙང་བཤེར་བྱས་ཤིང་། དེའི་གྲས་ཀྱི་ལས་བྱེད་མང་པོ་ཞིག་ཏང་ཀྲུང་དབྱང་ནས་ཆེད་གཏོང་གིས། གཞི་རིམ་གྲོང་ཁུལ་དུ་དམ་དྲག་དང་དག་སྒྲིག་བྱས་ཏེ་དམར་ཤོག་ཚོགས་པའི་སྲིད་དབང་སྲ་བརྟན་བཟོས་ཡོད། ཕྱི་ལོ་༢༠༡༦ལོར་བོད་རང་སྐྱོང་ལྗོངས་ནང་གྲོང་སྡོད་ལས་དོན་རུ་ཁག་གི་ཡན་ལག་རུ་ཁག་༦ རྩ་འཛུགས་བྱས་ཏེ་ས་གནས་འབྲེལ་ཡོད་ལས་ཁུངས་དང་གྲོང་སྡེ་༥༤༦༧ ནང་ཏང་སྲིད་ཀྱི་ལས་བྱེད་པ་ཁྱོན་༢༢༠༠༠ བཅའ་སྡོད་བྱས་པ་དང་། དེའི་ནང་དུ་དགོན་སྡོད་ལས་དོན་རུ་ཁག་༡༧༠༠ ཚུད་ཡོད། ཕྱི་ལོ་༢༠༡༦ ལོར་ལས་གཞི་དེ་ཤུགས་ཆེར་ཁྱབ་ཆེར་བཏང་སྟེ། རིམ་པ་དམའ་ཤོས་ཀྱི་དོགས་ཟོན་མྱུལ་ཞིབ་ཚན་པ་ཁག་ད་ཆར་བོད་ཁུལ་དུ་བཅའ་སྡོད་བྱས་འདུག

ལས་གཞི་དེའི་རྒྱ་ཆེ་ཤོས་དེ་གཞི་རིམ་མང་ཚོགས་ནང་ཆབ་སྲིད་ཀྱི་སློབ་གསོ་སྤེལ་ནས་དམར་ཤོག་ཚོགས་པའི་དབང་ཆ་དང་ཆབ་སྲིད་ཤུགས་ཆེར་གཏོང་རྒྱུ་དེ་རེད། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་དབུལ་ཐར་མཁྲེགས་གཏོར་ནི་ཕྱི་ལོ་༢༠༡༧ ནས་༢༠༢༠ བར་གྱི་དམག་འཐབ་ཆེན་པོ་གསུམ་གྱི་ནང་གི་གཅིག་ཡིན་རབས་དང་། དམག་ཐབས་གཞན་གཉིས་ནི་ཉེན་ཁ་སྔོན་འགོག་དང་དུག་རླངས་ཚོད་འཛིན་བྱ་རྒྱུ་དེ་ཡིན་པར་ངོས་འཛིན་བྱས་ཤིང་། ཕྱི་ལོ་༢༠༡༩ ལོར་དམར་ཤོག་ཚོགས་པའི་སྲིད་གཞུང་རིམ་ཁག་གིས་མི་དམངས་ས་ཡ་༡༠ དབུལ་ཐར་གཏོང་བའི་འགན་སྤྲད་ཡོད་པ་རེད། ཕྱི་ལོ་༢༠༢༠ ལོའི་དམིགས་འབེན་མངོན་འགྱུར་བྱ་བར། རྒྱ་གཞུང་གིས་ཟླ་རེར་མི་དམངས་ས་ཡ་༡ ཙམ་དང་སྐར་མ་རེ་རེར་ཁྱིམ་ཚང་༢༠ དབུལ་ཐར་གཏོང་དགོས་ཆགས་ཡོད། དབུལ་ཐར་མཁྲེགས་གཏོར་ཁྲོད་དུ། ད་ལྟ་ལག་ལེན་བསྟར་བཞིན་པའི་གནས་སྤོར་ལས་གཞི་ཁག་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་ཚད་མི་འདྲ་བའི་བརྡལ་བཤིག་བཏང་ཡོད།

རྩྭ་ཐང་གི་འབྲོག་ལས་ཁྲིམས་འགལ་གྱི་ངོ་བོར་བསྒྱུར་བ།

དབུལ་ཐར་མཁྲེགས་གཏོར་སྲིད་ཇུས་ཀྱི་ཕྱོགས་གཞན་ཞིག་ནས། ས་གནས་མང་ཚོགས་ཀྱི་འཚོ་བ་གོང་འཕེལ་དང་རྩྭ་ས་སྲུང་སྐྱོང་གི་མིང་ཐོག་ནས་ཕྱི་ལོ་༢༠༠༣ ལོ་ནས་བཟུང་གནས་སྤོར་ལས་གཞི་ལག་བསྟར་བྱས་པ་རེད། དེ་ཡང་ཕྱུགས་བསྐྱུར་རྩྭ་གསོ་ཟེར་བའི་སྲིད་ཇུས་འོག་ཏུ་བོད་ཁུལ་གྱི་འབྲོག་ཁྱིམ་སྟོང་ཕྲག་མང་པོའི་རྩྭ་ས་དང་ཕྱུགས་ཟོག་མེད་པར་བཟོས་ནས་བཙན་གྱིས་གྲོང་མཐའ་ཁག་ཏུ་གནས་སྤོར་བཏང་བ་དང་། སྲིད་ཇུས་དེ་ནི་སྐྱེ་ཁམས་དཔལ་ཡོན་སྲུང་སྐྱོང་དང་གནས་སྤོར་དབུལ་སྐྱོར་གྱི་མིང་ཐོག་ནས་ལག་བསྟར་བྱས་འདུག

སྲིད་ཇུས་དེའི་དམིགས་ཡུལ་གཙོ་བོ་ནི་རྒྱ་ནག་ཁོ་རང་ཚོའི་ཆུའི་ཐོན་ཁུངས་དང་བདེ་འཇགས་སྲུང་སྐྱོང་བྱ་ཐབས་ཤིག་ཡིན་པ་དང་། དེ་ལ་དམིགས་ནས་ཕྱི་ལོ་༢༠༠༣ ལོར་མཚོ་སྔོན་ས་ཁུལ་དུ“རྒྱལ་ཁབ་རིམ་པའི་གཙང་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ཁུལ”ཟེར་བ་བཙུགས་པ་དང་། དེ་ནི་རྒྱལ་སྤྱི་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ཆེ་ཤོས་ཨང་གཉིས་པ་ཆགས་ཡོད་པ་དང་། ཕྱིས་སུ་རང་བྱུང་སྲུང་སྐྱོབ་ཁུལ་དེར་དམ་དྲག་ཤུགས་ཆེར་གཏོང་ཐབས་སུ་རྒྱལ་ཁབ་རིམ་པའི་སྤྱི་གླིང་གི་མིང་ཐོག་ལ་བསྒྱུར་ཏེ་རྒྱ་ནག་རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་གྲངས་༡༠ ཡོད་པའི་གྲས་ཀྱི་༡ ཡིན་པ་དང་། དེ་ནི་ཕྱི་ལོ་༢༠༢༠ བར་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་ཁུལ་གྱི་འོག་ཏུ་འཇོག་རྒྱུ་མ་ཟད། གཙང་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མིང་ཐོག་ནས་ས་ཁུལ་དེའི་རང་བྱུང་གཏེར་ཁ་སྔོན་འདྲེན་དང་ཡུལ་སྐོར་ལྟ་གནས་འཛུགས་སྐྲུན་བྱ་བའི་ཆེད་དུ་རྒྱ་ནག་དབུས་སྲིད་གཞུང་གིས་ཐད་ཀར་སྟངས་འཛིན་དོ་དམ་བྱེད་ཀྱི་ཡོད་པ་རེད།

བོད་མཐའ་སྐྱོང་གིས་སྐམ་ས་ཆེན་མོར་ཞབས་འདེགས་སྒྲུབ་ཐབས།

ཕྱི་ལོ་༡༩༨༠ ནང་རྒྱ་ནག་དབུས་ཤར་གྱི་ཞིང་ཆེན་ཁག་ནང་དཔལ་འབྱོར་ཡར་རྒྱས་ཕྱིན་སྐབས། རྒྱ་གཞུང་གི་དབང་འཛིན་དཔོན་རིགས་ཚོས་རྒྱ་ནག་ནུབ་རྒྱུད་ཀྱི་གྲངས་ཉུང་མི་རིགས་ས་ཁུལ་ཁག་༼དེའི་ནང་དུ་བོད་དང་ཡུ་གུར། ནང་སོག དེ་བཞིན་གྲངས་ཉུང་མི་རིགས་ཆུང་གྲས་ཁག་གཞན་དག་ཀྱང་ཚུད་ཡོད།༽ནང་དཔལ་འབྱོར་དང་འཚོ་བ་ཡར་རྒྱས་མ་ཕྱིན་པའི་དབུལ་ཕོངས་ཀྱི་གནས་སྟངས་ལ་སྐྱོན་འཛུགས་ཀྱིས་ངོས་ལེན་མ་བྱས་པར། ས་ཁུལ་དེ་དག་གིས་དབུས་ཤར་ཁུལ་གྱི་ཞིང་ཆེན་ཁག་ཡར་རྒྱས་གཏོང་བར་རམ་འདེགས་བྱས་ཏེ། གྲང་ཉུང་མི་རིགས་ཀྱི་ས་ཁུལ་དེ་དག་ཡར་རྒྱས་ཀྱི་དུས་ལ་སྒུག་དགོས་རབས་བཤད་ཅིང་། ཕྱི་ལོ་༡༩༩༠ ནང་ནུབ་རྒྱུད་གསར་སྤེལ་ཆེན་མོ་ཟེར་བའི་སྲིད་ཇུས་མངོན་གསལ་དོད་པོར་ལག་བསྟར་བྱས་འདུག “གཞི་རིམ་གྱི་ཁྱིམ་ཚང་ཆུང་ཆུང་ཁག་གིས་རྒྱལ་ཁབ་ཆེན་པོའི་ཆེད་དུ་བློས་གཏོང་བྱེད་དགོས”པའི་ཆབ་སྲིད་ཀྱི་ལྟ་བ་ཤུགས་ཆེར་བཏོན་ནས། རྒྱ་ནག་དམར་ཤོག་སྲིད་གཞུང་གིས་གཙང་བོ་གསུམ་གྱི་འགོ་ཁུངས་ནི་རྒྱ་ནག་རྒྱལ་ཡོངས་ཀྱི་ཆུའི་ཐོན་ཁུངས་སམ་རྒྱ་ནག་དབུས་ཤར་ཁུལ་གྱི་ཆུའི་ཐོན་ཁུངས་གཙོ་བོ་ཡིན་ལུགས་བཤད་དེ། གཙང་གསུམ་འབྱུང་ཡུལ་༼ རྨ་འབྲི་རྫ་གསུམ་གྱི་འགོ་ཁུངས།༽གྱི་བོད་མི་ཚོ་གནས་སྤོར་དགོས་པའི་བཙན་སྐུལ་བཏང་བ་ཡོད།  འབྲོག་སྡེ་གནས་སྤོར་དང་སྐྱེ་ཁམས་དཔལ་ཡོན་སྲུང་སྐྱོང་ཟེར་བའི་ལས་གཞི་དེ་ནི་སྐབས་དེའི་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་གཏོང་ཐབས་ཀྱི་ནུབ་རྒྱུད་གསར་སྤེལ་ཆེན་མོའི་འཐབ་ཇུས་ཀྱི་ཆ་ཤས་གལ་ཆེན་ཞིག་ཡིན་ཞིང་། ད་ཆར་བོད་ནང་གི་གཙང་གསུམ་འབྱུང་ཡུལ་གྱི་ཁོར་ཡུག་སྲུང་སྐྱོང་ལས་གཞི་དེ་ཡང་ཧ་ཅང་གལ་འགངས་ཆེན་པོ་ཆགས་འདུག

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཁོངས་སུ་བོད་རིགས་རང་སྐྱོང་ཁུལ་༤ དང་རྫོང་༢༡ ༼ཡུལ་ཤུལ་དང་མགོ་ལོག རྨ་ལྷོ། མཚོ་ལྷོ། ན་གོར་མོ་གྲོང་ཁྱེར་གྱི་གདང་ལ་གྲོང་རྡལ་སོགས།༽ཚུད་ཡོད། རྒྱ་གཞུང་གིས་གཙང་གསུམ་འབྱུང་ཡུལ་ནི་ཨེ་ཤ་ཡའི་ཆུ་གསོག་མཐོ་ལྕོག་ཡིན་ལུགས་དང་། དེའི་རྒྱུ་མཚན་ཡང་གཙང་གསུམ་འབྱུང་ཡུལ་ནས་དམའ་སར་གཙང་ཆུ་ཐོན་འབབ་བྱེད་ཚད་མི་ཊར་ས་ཡ་༦༠ ཟིན་པ་དང་། དེའི་སྤྱིའི་རྒྱལ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་༣༦༣༠༠༠༼མཚོ་སྔོན་གྱི་ས་ཁྱོན་གྱི་བརྒྱ་ཆ་༥༠.༤ ཟིན།༽ཡོད་པ། དེས་རྒྱལ་ཁབ་སྤྱི་གླིང་གི་བརྒྱ་ཆ་༤༢ ཟིན་པ། སྤྱི་ལེ་གྲུ་བཞི་མ་༡༥༢.༣༠༠ ཡི་ས་ཁྱོན་ནང་དུ་ཕྱུགས་ཟོག་འཚོ་སྐྱོང་དང་མིའི་འཚོ་གནས་འདུ་འགོད་ཀྱི་བྱེད་སྒོའི་རིགས་ཚང་མ་ཁྲིམས་འགལ་དུ་བསྒྱུར་ནས་བཀག་སྡོམ་བྱས་ཡོད་ཟེར།

ཕྱི་ལོ་༢༠༠༤ ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་ཟེར་བས་གཙང་གསུམ་འབྱུང་ཡུལ་གྱི་ལས་གཞི་འཛུགས་སྐྲུན་འཆར་འགོད་དང་། སྐྱེ་ཁམས་དཔལ་ཡོན་སྲུང་སྐྱོབ་དང་གནས་སྤོར་ལས་གཞི་དེ་ཕྱུགས་བསྐྱུར་རྩྭ་གསོ་ལས་གཞིར་ཟླ་སྒྲིལ་བཏང་སྟེ། རང་བྱུང་སྲུང་སྐྱོབ་ཁུལ་གྱི་ཡུལ་མི་༥༥༧༧༤ ༼དུད་ཁྱིམ་༡༠༡༤༢ ཟིན།༽ གནས་སྤོར་དགོས་པ་དང་། ཕྱུགས་གྲངས་ས་ཡ་༣.༢ ཇེ་ཉུང་དུ་གཏོང་དགོས་པ། ཕྱུགས་ཟོག་འཚོ་སྐྱོང་བཀག་སྡོམ་གྱི་ཁ་གསབ་རོགས་དངུལ་སྤྲོད་པའི་དུས་ཡུན་ལོ་༡༠ ཡིན་པ་དང་། དུས་བཞིར་གནས་གཅིག་ཏུ་སྡོད་པ་ལས་ནམ་དུས་དང་བསྟུན་ནས་ཕྱུགས་ཟོག་འཚོ་སྐྱོང་བྱས་མི་ཆོག་པ་དང་ཕྱུགས་གྲངས་ལ་ཚོད་འཛིན་དགོས་པའི་བཀའ་ཁྱབ་བཏང་ཡོད་པ་རེད། ཁྱུང་མཆི་རྫོང་དང་མགོ་ལོག་ཁུལ་དུ་རྩྭ་ས་གཏན་འགོག་བྱེད་དུ་བཅུག་སྟེ་ཕྱུགས་ཟོག་འཚོ་སྐྱོང་བྱེད་མཁན་ཚོར་སྡོད་ཁང་འཛུགས་སྐྲུན་གྱི་རོགས་དངུལ་ཁྱིམ་ཚང་རེར་རྒྱ་སྒོར་༨༠,༠༠༠ དང་། དེའི་ཁར་ལོ་རེའི་རྩྭ་སའི་ཁ་གསབ་རོགས་དངུལ་རྒྱ་སྒོར་༨.༠༠༠ སྤྲོད་ཀྱི་ཡོད་པ་དང་དུས་ཡུན་ལོ་༡༠ ཡིན་འདུག སྤྱིར་བཏང་གནས་སྤོར་ཁྱིམ་ཚང་གཅིག་གི་ཁང་སའི་རྒྱ་ཁྱོན་སྨི་གྲུ་བཞི་མ་༤༥ དང་། ཕྱུགས་རྭའི་ས་ཁྱོན་སྨི་གྲུ་བཞི་མ་༡༢༠། གནས་སྤོར་གྱི་འགྲོ་གྲོན་ལ་རྒྱ་སྒོར་༤༠༠ བཅས་སྤྲོད་ཀྱི་ཡོད་པ་དང་། དེར་མ་ཟད། དུས་ཡུན་ལོ་ངོ་༡༠ རིང་ལ་ཕྱུགས་ཟོག་འཚོ་སྐྱོང་བཀག་སྡོམ་གྱི་ཁ་གསབ་ལ་ལོ་རེར་ཁྱིམ་ཚང་གཅིག་ལ་རྒྱ་སྒོར་༨.༠༠༠ ཡོད་འདུག རྒྱ་ནག་ས་གནས་སྲིད་གཞུང་དང་དབུས་གཞུང་གིས་གནས་སྤོར་ཁྱིམ་ཚང་ལ་ལོ་རེར་ཁ་གསབ་དེ་ཙམ་སྤྲོད་ཀྱི་ཡོད་ཀྱང་། དེས་ཁྱིམ་ཚང་གཅིག་གི་ལོ་གཅིག་གི་འགྲོ་གྲོན་ལ་འདང་གི་མེད་པ་རེད། རྒྱུ་མཚན་ནི། དཔེར་ན་གནས་སྤོར་ཁྱིམ་ཚང་གཅིག་ལ་ལོ་རེར་རྩྭ་སའི་ཁ་གསབ་ལ་རྒྱ་སྒོར་༨༠༠༠ དང་༦༠༠༠། ༣༠༠༠ དང་། འབུད་ཤིང་གི་རོགས་དངུལ་ལ་རྒྱ་སྒོར་༥༠༠། ལས་རིགས་སྦྱོང་བརྡར་གྱི་རོགས་དངུལ་མི་གཅིག་ལ་རྒྱ་སྒོར་༨༠༠ བཅས་སྤྲོད་ཀྱི་ཡོད་ནའང་། དོན་དངོས་སུ་གནས་སྤོར་ཁྱིམ་ཚང་གཅིག་གི་ལོ་རེའི་འགྲོ་གྲོན་རྒྱ་སྒོར་༡༧༠༠༠ དང་འབུད་ཤིང་གི་འགྲོ་གྲོན་རྒྱ་སྒོར་༢༣༩༤། ལས་རིགས་སྦྱོང་བརྡར་གྱི་འགྲོ་གྲོན་ལ་མི་རེར་རྒྱ་སྒོར་༢༠༠༠ ལྷག་ཟིན་གྱི་ཡོད་པ་རེད།

འབྲོག་ལས་རྩ་མེད་བཟོ་ཐབས་ཀྱི་ལས་འགུལ།

འདི་ག་ལྟེ་གནས་ཁང་གིས། ཕ་ཡུལ་འབའ་རྫོང་མགར་རྩེ་ནས་ཡིན་པའི་སློབ་ཕྲུག་༼རྒྱ་ནག་ཅང་སུའུ་གྲོང་ཁྱེར་དུ་སློབ་གཉེར་གནང་མུས་ཡིན།༽ཅིག་ལ་བཅར་འདྲི་ཞུས་སྐབས། རང་ལོ་༢༢ ཡིན་པའི་ཞིབ་འཇུག་སློབ་མ་དེས། “ངས་བལྟས་ན། ཕྱུགས་བསྐྱུར་རྩྭ་འདེབས་དང་གྲོང་རྡལ་ཅན་ལ་སྒྱུར་བའི་སྲིད་ཇུས་དེའི་རྒྱབ་ལོགས་ཀྱི་དམིགས་ཡུལ་གཙོ་བོ་དེ་བོད་རང་གི་སྲོལ་རྒྱུན་འཚོ་བ་འབྲོག་ལས་དང་དེའི་རིག་གནས་ཚང་མ་མེད་པར་བཟོ་ཐབས་དང་། རང་བྱུང་ཐོན་ཁུངས་སྔོག་འདྲེན། གློག་འདོན་ཆུ་མཛོད་འཛུགས་སྐྲུན་བྱེད་ཐབས་ཤིག་རེད་སྙམ། སྡེ་མི་མང་པོ་ཞིག་གིས་ཀྱང་དེ་ལྟར་བཤད་ཀྱི་འདུག གནས་སྟངས་དེ་ཤེས་མཁན་སྡེ་མི་ཚོས་ཕྱུགས་སྐྱུར་ནས་གྲོང་རྡལ་ཅན་ལ་སྒྱུར་བའི་སྲིད་ཇུས་དེ་དང་ལེན་བྱེད་ཐུབ་ཀྱི་མི་འདུག སྲིད་ཇུས་འདི་དག་གི་རྒྱབ་ལྗོངས་མི་ཤེས་མཁན་སྡེ་མི་ཁ་ཤས་ཀྱིས་རྒྱལ་ཁབ་ཀྱིས་རིན་མེད་ལྕགས་ར་འཐེན་པ་དང་རིན་མེད་སྡོད་ཁང་ལས་པ་དེ་ཧ་ཅང་ལེགས་རབས་བཤད་ཀྱིན་འདུག” ཅེས་བརྗོད་ཡོད།

ཞིབ་འཇུག་སློབ་མ་དེ་འབའ་རྫོང་མགར་རྩེ་ཞོལ་མ་རྒྱལ་མོ་སྡེ་བ་ནས་ཡིན་ཞིང་། སྤྱིར་མགར་རྩེ་གོང་ཞོལ་གཉིས་ཡོད་པ་ལས་ཁོ་རང་མགར་རྩེ་གཞོལ་མ་ནས་ཡིན་པ་དང་། མགར་རྩེ་གོང་ཞོལ་གཉིས་ལ་ཁྱོམ་སྡེ་བ་༡༨ ཡོད་པ་དང་མགར་རྩེ་ཞོལ་མར་སྡེ་བ་༥ ཡོད་པ་རེད། ཁོའི་ཕ་ཡུལ་གྱི་འཚོ་ཐབས་ཀྱི་ཡོང་ཁུངས་གཙོ་བོ་ནི་ནོར་ལུགས་དང་དབྱར་རྩྭ་དགུན་འབུ་ཡིན་པ་དང་། ཁོའི་ཕ་ཡུལ་དུ་དབྱར་རྩྭ་དགུན་འབུ་ཅུང་འབེལ་བོ་ཡོད་པ་རེད།

ཕྱི་ལོ་༢༠༡༡ ལོར་འབའ་རྫོང་ནང་ཕྱུགས་བསྐྱུར་རྩྭ་གསོ་ཟེར་བའི་སྲིད་ཇུས་ལག་བསྟར་བྱས་སྐབས། ས་གནས་མང་ཚོགས་ཀྱི་རྩྭ་སར་རིན་མེད་ལྕགས་ར་བསྐོར་བ་དང་ཕྱུགས་གྲངས་ལ་ཚོད་འཛིན་བྱས་འདུག དཔེར་ན་རྩྭ་ས་སྨི་འདི་འདྲ་ཞིག་གི་ཐོག་ནས་ཕྱུགས་ཟོག་འདི་ཙམ་ལས་འཚོས་མི་ཆོག་ཅེས་གཏན་འབེབས་བྱས་ཡོད་པར་མ་ཟད་ད་དུང་ཁྱིམ་ཚང་གི་མི་གྲངས་གཞིར་བཟུང་ནས་ཕྱུགས་གྲངས་ལ་ཚོད་འཛིན་བྱས་ཏེ། ཚོད་འཛིན་གྱི་གྲངས་ཚད་ལས་བརྒལ་བའི་ཕྱུགས་ཟོག་ཚང་མ་བཤའ་བའམ་བཙོང་དུ་བཅུག་འདུག རྒྱ་གཞུང་གི་ཕྱུགས་བསྐྱུར་རྩྭ་གསོ་ཟེར་བའི་སྲིད་ཇུས་དེའི་འོག་ཏུ་འབྲོག་སྡེ་གནས་སྤོར་གྱིས། ཕྱུགས་ཟོག་འཚོ་སྐྱོང་བྱེད་དུ་མ་བཅུག་པར་དུས་བཞིར་ས་ཆ་གཅིག་རང་དུ་བཀག་བསྐྱིལ་བྱས་པ་དེས་རྩྭ་ཐང་གི་སྐྱེ་ཁམས་ཉམས་རྒུད་དང་གནོན་སྐྱོན་ཐེབས་ཀྱི་ཡོད།

འབའ་རྫོང་ཕྱོགས་སུ་རྒྱ་གཞུང་གིས་འབྲོག་སྡེ་གྲོང་ཁྱེར་ཅན་ལ་བསྒྱུར་བའི་ལས་གཞིའི་འོག་ཏུ་འབྲོག་ཁྱིམ་མང་པོ་འབའ་རྫོང་མཁར་གྱི་ཉེ་འཁོར་དུ་རྒྱལ་ཁབ་ཀྱིས་ལས་པའི་སྡོད་ཁང་ནང་དུ་གནས་སྤོར་བཏང་ཡོད་པ་དང་། འབྲོག་ཁྱིམ་མ་མང་པོ་ཞིག་རང་ངོས་ནས་ཕྱུགས་བཙོང་ནས་གྲོང་རྡལ་དུ་སྤར་བ་དང་། དེ་ཡང་གཙོ་བོ་སོ་སོའི་བྱིས་པར་སློབ་སྦྱོང་གི་གོ་སྐབས་དང་འཕྲོད་བསྟན་གྱི་གནས་སྟངས་ལ་བལྟས་ནས་ཡོང་བ་དང་། ཁྱིམ་ཚང་ལ་ལ་ཞིག་གནས་སྤར་མ་འདོད་པར་འབྲོག་སར་བསྡད་ཡོད་པ་རེད། གོང་ཞུས་འབའ་རྫོང་གི་མགར་རྩེ་ཞོལ་མར་ཁྱིམ་ཚང་༡༦༠ ཡོད་པའི་གྲས་ནས་མང་ཤོས་གནས་སྤོར་བཏང་ཡོད་ཅིང་། སོས་ཀར་སོ་སོའི་རྩྭ་སར་སོང་ནས་དབྱར་རྩྭ་དགུན་འབུ་བརྐོ་ཆོག་པར་བྱས་འདུག དཀའ་ཁག་གི་རྐྱེན་གྱིས་འབྲོག་ཁྱིམ་རེ་ཟུང་གིས། ཁྱིམ་ཚང་གི་ཕྱེད་ཀ་རྫོང་མཁར་ཉེ་འདབས་སུ་རྒྱལ་ཁབ་ཀྱིས་ལས་པའི་སྡོད་ཁང་ནང་བསྡད་ཡོད་པ་དང་། ཁྱིམ་ཚང་ཕྱེད་ཀ་འབྲོག་སར་བསྡད་འདུག ཕྱུགས་བསྐྱུར་རྩྭ་གསོ་ཟེར་བའི་སྲིད་ཇུས་མ་སྤེལ་སྔོན་ལ། སློབ་མ་ཁོ་རང་གི་ཡུལ་བར་ཚོན་ནའང་ཁོང་ཚང་ལ་ལུག་༣༠༠ དང་ནོར་༡༠༠ ལྷག་ཡོད་ཀྱང་། ད་ཆར་དེ་ལྟར་ནོར་ལུག་འཚོ་སྐྱོང་བྱེད་རྒྱུ་ནི་ཧ་ལམ་མི་སྲིད་པའི་གནས་སྟངས་ཆགས་ཤིག་ཡོད་པ་རེད། རྒྱ་ནག་གཞུང་ཕྱོགས་ནས་འབྲོག་པ་མང་ཚོགས་ཀྱིས་སོ་སོའི་རྩྭ་ཐང་ནས་ཕྱུགས་ཟོག་མང་པོ་འཚོ་སྐྱོང་བྱེད་པ་དེ་ནི་རྒྱ་ནག་གཞུང་གི་སྐྱེ་ཁམས་དཔལ་ཡོན་སྲུང་སྐྱོང་གི་སྲིད་ཇུས་དང་འགལ་རབས་བཤད་པ་དང་། སྲིད་ཇུས་དེ་ཡང་ལྗང་སྒྱུར་འཛུགས་སྐྲུན་ཟེར་བའི་མིང་ཐོག་ནས་ལག་བསྟར་བྱེད་མུས་ཡིན་པ་རེད།

མགར་རྩེ་ཞོལ་མ་ནི་འབའ་རྫོང་ནས་སྤྱི་ལེ་༡༠༠ ཡས་མས་ཀྱི་སར་ཡོད་པ་དང་། དེའི་ལྷོ་ཕྱོགས་སུ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྭ་རྒྱ་གྲོང་རྡལ་ཡོད་པ་དང་། བྱང་ཕྱོགས་སུ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་ལ་འཁེལ་ཡོད་པ་རེད། ཞིབ་འཇུག་སློབ་མའི་ཉེ་འབྲེལ་འགའ་རྨ་ཆུའི་ཐག་ཉེ་སར་ཡོད་པ་དང་། ཉེ་བོ་ཚོས་ཁོ་ལ་རྨ་ཆུའི་ཁུག་སོ་ཞིག་ཏུ་བྱུར་དཀར་གྱི་ཐོན་ཁུངས་འབེལ་བོ་ཡོད་པ་དང་། ད་དུང་དེ་གར་ཆུ་མཛོད་བསྐྱིལ་ནས་གློག་འདོན་འཛུགས་སྐྲུན་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

སོས་ཀར་དབྱར་རྩྭ་དགུན་འབུ་འཐུས་རྗེས། གནས་སྤོར་བཏང་བའི་འབྲོག་པ་མང་ཚོགས་ལ་འཚོ་ཐབས་འདུ་འགོད་ཀྱི་ལག་རྩལ་མེད་ཁར། གླ་དངུལ་ཧ་ཅང་དམའ་བ་དང་ཨར་ལས་འཛུགས་སྐྲུན་ལས་རིགས་ཀྱི་ཞོར་ལས་ལ་གཞོལ་གྱི་ཡོད་པ་དང་། གལ་ཏེ་དབྱར་རྩྭ་དགུན་འབུ་མེད་པ་ཆགས་ཚེ། གནས་སྤོར་བཏང་བའི་འབྲོག་པ་མང་ཚོགས་ལ་འཚོ་ཐབས་ཀྱི་ཐོན་ཁུངས་གཞན་ཅི་ཡང་ལྷག་མེད་པ་རེད།

མཁར་གྲོང་ཅན་འཛུགས་སྐྲུན་དང་འབྲོག་རུ་ཕྱིར་ཕུད་གཏོང་བ།

མཁར་གྲོང་ཅན་འཛུགས་སྐྲུན་སྲིད་ཇུས་ཀྱིས་འབྲོག་ལས་ཀྱི་ཐོན་ཁུངས་བཙན་འཕྲོག་བྱས་པར་མ་ཟད་ད་དུང་འབྲོག་སྡེ་མང་པོ་ས་གནས་གཅིག་ཏུ་སྤུངས་ནས་གྲོང་རྡལ་ཅན་ལ་སྒྱུར་བཞིན་འདུག ཞིབ་འཇུག་སློབ་མ་དེས་བརྗོད་དོན་ལ་གཞིག་ན། སྲིད་ཇུས་དེས་འབྲོག་པའི་འཚོ་བ་ཉམས་རྒུད་བཟོས་པའི་བདེན་དཔང་དངོས་ནི། ད་ལྟའི་འབའ་རྫོང་གི་ཐང་ཀོ་ཀྲུན་༼གྲོང་རྡལ།༽ཟེར་བ་དེའི་གནས་སྟངས་ཀྱིས་ར་སྤྲོད་གསལ་བོར་བྱས་འདུག གསར་དུ་བཙུགས་པའི་འབྲོག་སྡེ་གནས་སྤོར་གྱི་གྲོང་རྡལ་དེ་ནི་ཕྱི་ལོ་༢༠༠༦ ལོར་འབའ་རྫོང་གི་འབྲོག་སྡེ་༡༧ ཕྱོགས་གཅིག་ཏུ་བསྡུས་པ་ཞིག་རེད་ལ། དེ་ཡང་འབའ་རྫོང་གི་ཐང་ཀན་ཤང་(唐干乡) དང་མགོ་མང་ཤང་(谷芒乡)གཉིས་ཀྲུན་གཅིག་ལ་བསྒྱུར་ཏེ་མིང་ལ་ཐང་ཀོ་ཀྲུན་(唐谷镇)ཞེས་བཏགས་འདུག  གྲོང་རྡལ་དེ་འབའ་རྫོང་ནས་སྤྱི་ལེ་༡༧ གྱི་སར་བཙུགས་ཡོད་པ་དང་། གྲོང་མི་བརྒྱ་ཆ་༩༨ གནས་སྤོར་བཏང་ཡོང་བའི་བོད་རིགས་རེད།

“འབྲོག་པ་མང་པོ་ཞིག་ལ་ཕྱུགས་ཟོག་བཙོང་དུ་བཅུག་ནས་ཞིང་གྲོང་གི་རྣམ་པར་བསྒྱུར་བ་རེད། ཁོང་ཚོའི་དཔལ་འབྱོར་གྱི་གནས་སྟངས་ཧ་ཅང་སྐྱོ་བོ་རེད། ད་ལྟའི་དབུལ་ཐར་མཁྲེགས་གཏོར་གྱི་སྲིད་ཇུས་འོག་ཏུ་ཁོ་ཚོ་འདི་འདྲའི་དབུལ་ཕོངས་ཤིག་ཅི་ལྟར་ཆགས་པ་ཡིན་ནམ་བསམ་བསམ་ཞིག་རེད། དེ་གར་ངའི་ཉེ་འབྲེལ་ཁ་ཤས་ཡོད། ཁོ་ཚོས་ཕྱུགས་བསྐྱུར་ནས་ཞིང་ལས་གཉེར་རྗེས་ཆེས་དབུལ་ཕོངས་ཀྱི་གནས་སྟངས་དེ་འདྲ་ཆགས་པ་རེད། ཁོ་ཚོའི་དབུལ་ཕོངས་ཀྱི་གནས་སྟངས་དེ་ང་རང་གི་མིག་མཐོང་ལག་ཟིན་ཡིན།  ང་རང་ཁྱིམ་ཚང་རེ་འགར་སོང་མྱོང་། གནས་སྟངས་ངོ་མ་སྐྱོ་བོ་རེད།” ཅེས་ཞིབ་འཇུག་སློབ་མ་དེས་བརྗོད་ཡོད།

གཞན་ཡང་ཕ་ཡུལ་འབའ་རྫོང་ནས་ཡིན་པའི་གསར་འགོད་པ་ཟུར་བ་སྒྲོལ་མ་བརྒྱུད་ནས་དངོས་ཡོད་གནས་ཚུལ་ལ་རྒྱུས་ལོན་བྱས་སྐབས། ༼མཚོ་སྔོན་བོད་སྐད་གློག་བརྙན་འཕྲིན་ཁང་ནས་ལས་མཚམས་བཞག་རྗེས། ཕྱི་ལོ་༢༠༡༢ ལོར་མོ་རང་ཧྥ་རིན་སིའི་རྒྱལ་ས་ཕ་རི་སིར་གནས་སྡོད་བྱས་ཡོད་པ་རེད།༽ སྒྲོལ་མས་བརྗོད་དོན།“གྲོང་སྡེ་གསར་བར་བསྒྱུར་རྗེས་འབྲོག་ཁྱིམ་མང་ཤོས་ལས་མེད་ལྟ་བུ་ཆགས་ཡོད་པ་རེད། བུད་མེད་ཚོ་ཡིན་ན་སྔོན་ཆད་ལྟར་འབྲི་མོ་བཞོ་རྒྱུ་དང་མར་ཆུར་ཐོན་གཉེར་བྱེད་རྒྱུ་དེ་འདྲ་ཡོད་པ་མ་རེད། སྐྱེས་པ་ཚོ་ཡིན་ན་ཡང་ཕྱུགས་ཟོག་འཚོ་སྐྱོང་བྱེད་རྒྱུ་ཡོད་པ་མ་རེད། ཚང་མ་ཁོམ་བསྡད་འདུག སྐྱེས་པ་ཚོ་ཡུལ་ཚོ་དང་རྫོང་ཐོག་ལ་འཁྱམ་ནས་ཆང་འཐུང་བ་དང་ཤོ་རྒྱག་རྒྱན་འཛུགས་བྱེད་པ་དང་། བུད་མེད་ཚོས་ཞོར་ཟས་འདྲ་ཟོས་ནས་ཉི་མར་ལྡེ་ནས་བསྡད་ཡོད་པ་རེད། ལྷག་པར་དུ་དུད་ཁྱིམ་མང་པོ་ཕྱོགས་གཅིག་ལ་སྤུངས་བཞག་པ་དེས། ཁྱིམ་ཚང་ཕན་ཚུན་བར་འཁོན་འཛིང་གི་ཁ་མཆུ་མང་པོ་རྒྱུན་མི་ཆད་པར་འབྱུང་བཞིན་ཡོད་པ་རེད། གནས་སྟངས་དེའི་འོག་ནས་མི་མང་ལ་སྔོན་ཆད་ཀྱི་ཞི་བདེ་ལྷིང་འཇགས་ཀྱི་འཚོ་བ་དེ་མེད་པར་གྱུར་ནས་གློ་བུར་དུ་གྲོང་དང་གྲོང་ཁྱེར་གྱི་འདུ་འཛི་དང་ཟང་ཟིང་གི་སྤྱི་ཚོགས་ནང་སྤར་བ་དེས་རང་བཞིན་གྱིས་སེམས་ཁམས་སྐྱིད་པོ་མེད་པ་ཆགས་ནས་འཁོན་འཛིང་འཁྲུགས་འཛིང་ལང་བ་སོགས་དཀའ་སྡུག་བརྗོད་ལས་འདས་པ་ཞིག་བྱུང་ཡོད་པ་རེད།”

ཡང་ཞིབ་འཇུག་སློབ་མ་དེས་བཤད་རྒྱུར། “ད་ལྟའི་དུས་རབས་འདིར་ཐང་ཀོ་ཀྲུན་གྱི་གནས་སྤོར་འབྲོག་ཁྱིམ་དེ་དག་དེ་འདྲའི་དབུལ་ཕོངས་ཆགས་འདུག་ཟེར་ན་ཧ་ལམ་ཡིད་ཆེས་དཀའ་བ་ཞིག་རེད། ཤེས་ཚུལ་ལྟར་ན། ཁོ་ཚོར་རྒྱལ་ཁབ་ནས་རྩྭ་སའི་ཁ་གསབ་ཉུང་ཉུང་རེ་སྤྲད་ཀྱང་། བར་ནས་རྫོང་རིམ་པའི་དཔོན་པོ་དང་འགོ་ཁྲིད་ཚོས་རུལ་སུངས་ཀྱི་བྱ་བ་སྒྲུབ་ནས་མང་ཚོགས་ལ་ཪག་མེད་པ་དང་། ཀྲུང་དབྱང་ནས་གཟིགས་ཞིབ་ལ་ཡོང་ནས་དབུལ་ཐར་བྱུང་མིན་དྲིས་སྐབས། དེ་སྔོན་རྫོང་ནང་ཁུལ་ནས་ཁྱིམ་ཚང་རེ་རེ་བཞིན་གོང་རིམ་གྱི་འགོ་ཁྲིད་ཕེབས་སྐབས་ཡིན་གཅིག་མིན་གཅིག་འདི་ལྟ་འདི་ལྟར་བཤད་དགོས་ཞེས་ཐག་གཅོད་དང་བཀོད་ཁྱབ་བཏང་ཡོད་པས། མང་ཚོགས་ལ་བཤད་རྒྱུ་ཡོད་ཀྱང་བཤད་ཐབས་མེད་པའི་གནས་སྟངས་ཆགས་འདུག དེ་བས་འབའ་རྫོང་གི་སྡེ་བ་ཅིག་ཅིག་དབུལ་ཐར་བཏང་ཡོད་ཟེར་ཡང་། དོན་དངོས་སུ་དབུལ་བོ་དབུལ་ཐར་བཏང་བ་ཞིག་རྩ་བ་ནས་མ་རེད།”

འདི་ལོའི་ཕྱི་ཟླ་༤ ནང་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་དུ་གནས་ཚུལ་སྤེལ་བ་ལྟར་ན། ན་གོར་མོ་གྲོང་ཁྱེར་ཉེ་འདབས་སུ་བོད་རིགས་འབྲོག་སྡེ་གནས་སྤོར་བཏང་ནས་གྲོང་རྡལ་ཅན་ལ་བསྒྱུར་བ་དང་། གྲང་རྡལ་དེའི་མིང་ལ་ཁྲང་ཅང་ཡན་(Changjiangyuan)ཞེས་བཏགས་ཡོད་པ་དང་། གྲོང་རྡལ་དེ་གདང་ལ་རི་རྒྱུད་ནས་སྤྱི་ལེ་༥༠༠ ཙམ་གྱི་སར་བཙུགས་འདུག ཕྱི་ལོ་༢༠༡༡ ལོར་འབྲོག་སྡེ་དེ་དག་གྲོང་རྡལ་དེ་གར་གནས་མ་སྤོར་སྔོན་ནས་ཕྱུགས་ཟོག་ཚང་མ་བཙོང་བཅུག་ཡོད་པ་དང་། འབྲོག་སྡེ་སྤྱི་ཡོངས་དང་འདྲ་བར་སྡེ་མི་དེ་ཚོས་དབྱར་ཀར་རྩྭ་ཐང་དུ་ཕྱུགས་ཟོག་འཚོ་སྐྱོང་དང་དབྱར་རྩྭ་དགུན་འབུ་བརྐོས་ནས་འབྲོག་ལས་གཉེར་གྱི་ཡོད་པ་རེད། གྲོང་རྡལ་ཅན་འཛུགས་སྐྲུན་གྱི་དམིགས་འབེན་གཙོ་བོ་དེ་རྒྱ་གཞུང་གིས་བོད་མི་ཚོ་ཏང་གི་ཆབ་སྲིད་དང་ཏང་གི་སྲོག་ཤིང་རིན་ཐང་ལྟ་བའི་སྟངས་འཛིན་འོག་ཏུ་བཅུག་ནས་དམར་ཤོག་སྲིད་གཞུང་ཁོ་རང་ཚོའི་ཁེ་ཕན་འབའ་ཞིག་སྒྲུབ་བཞིན་ཡོད་པ་ནི། གོང་ཞུས་གྲོང་རྡལ་གསར་བ་དེ་གཅིག་པུའི་ནང་དུ་བོད་རིགས་ཏང་ཡོན་༡༠༠ ལྷག་བསྡུ་འཇུག་བྱས་པར་མ་ཟད་ད་དུང་མུ་མཐུད་དུ་བོད་མི་ཚོ་ཏང་གི་སྒྲིག་འཛུགས་ནང་འཇུག་ཐབས་ལ་འབད་བཞིན་ཡོད་པ་ལས་གསལ་བོར་རྟོགས་ཐུབ་པ་ཞིག་རེད། དོན་རྐྱེན་སྔོན་འགོག་དང་བརྟན་ལྷིང་རྒྱུན་འཁྱོངས་ཀྱི་མིང་ཐོག་ནས་འབྲོག་རུ་གནས་སྤོར་གྱི་གྲོང་རྡལ་གསར་བ་དེའི་ནང་དུ་དོགས་ཟོན་མྱུལ་ཞིབ་ཀྱི་པར་མིག་༼གསང་བའི་པར་ལེན་འཕྲུལ་ཆས།༽ ༥༩ ཆེད་འཛུགས་བྱས་ཡོད་འདུག

ཡིན་ནའང་རྒྱ་ནག་ས་གནས་སྲིད་གཞུང་གིས། “གནས་སྤོར་བཏང་བའི་འབྲོག་སྡེ་ཆུང་ཆུང་ཞིག་ཕྱིར་སྔོན་ཆད་ཀྱི་རྩྭ་ཐང་ལ་གནས་སྤོར་འཆར་ཡོད”རབས་བཤད་འདུག གནས་ཚུལ་འདི་ལས་ང་ཚོས་གསལ་བོར་རྟོགས་ཐུབ་པ་ཞིག་ནི། འབྲོག་སྡེ་མང་པོ་ཞིག་གིས་ས་གནས་སྲིད་གཞུང་གི་འབྲོག་སྡེ་གནས་སྤོར་སྲིད་ཇུས་ལ་འགོག་རྒོལ་བྱེད་ཀྱི་ཡོད་པ་དེ་རེད། རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་ས་གནས་སྲིད་གཞུང་ནས་རྩྭ་སའི་བདག་དབང་རྩོད་གླེང་འདུམ་འགྲིག་བྱས་རབས་བཤད་འདུག དཔེར་ན་གོང་ཞུས་གདང་ལ་རི་རྒྱུད་ཀྱི་ཉེ་འདབས་སུ་གསར་དུ་བཙུགས་པའི་འབྲོག་སྡེ་གནས་སྤོར་གྱི་གྲོང་རྡལ་དེ་གར་ཉེ་ཆར་ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོབ་ཁུལ་ཟེར་བ་དང་འབྲེལ་ཏེ་རྩྭ་ས་རྩོད་གླེང་བྱུང་ཡོད་པ་རེད།

རྒྱ་གཞུང་གིས་བོད་ཁུལ་གྱི་རྩྭ་སའི་བདག་དབང་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་གནང་མཁན་ཚང་མ་ཁྲིམས་འགལ་ནག་ཉེས་ཀྱི་ངོ་བོར་སྒྱུར་བཞིན་པ་དེ་ནི་ཧ་ཅང་བློ་འཚབ་སྐྱེ་གཞི་ཞིག་ཆགས་ཡོད། རྒྱ་གཞུང་གི་ཕྱི་གསལ་ནང་གསལ་མིན་ཞིང་གསང་རྒྱ་དམ་པའི་ཁྲིམས་སྒྲིག་ལག་བསྟར་འོག་ཏུ་བོད་མ་ག་ཚོད་ཅིག་ལ་ཁྲིམས་འགལ་གྱི་ཐོག་ནས་ནག་མེད་ཉེས་འཛུགས་ཐེབས་པའི་ཁུངས་ལྡན་གནས་ཚུལ་ལ་རྒྱུས་ལོན་བྱ་ཐབས་མི་འདུག འདི་ཟླའི་ནང་རྒྱ་གཞུང་གི་ནགས་ལས་ཅུའུ་དང་རྩྭ་ཐང་ཅུའུ་ཟེར་བས་ཕྱི་ལོ་༢༠༡༨ ལོར་རྩྭ་ཐང་གི་ཁྲིམས་འགལ་གྱོད་གཞི་ཁག་༨༡༩༩ ཐོ་འགོད་བྱས་རབས་དང་། ཁྲིམས་ཁང་ནས་གྱོད་དོན་༧༥༨༦ ཐག་གཅོད་བྱས་པ་དེས་གྱོད་ཐག་བཅད་ཚད་བརྒྱ་༩༥.༡ཟིན་རབས། རྒྱལ་ཡོངས་སུ་གཏོར་སྐྱོན་བཏང་བའི་རྩྭ་ཐང་གི་རྒྱ་ཁྱོན་མུའུ་ཁྲི་༡༡༤ ཟིན་པ་དང་། དེ་ནི་ཕྱུགས་བསྐྱུར་རྩྭ་གསོ་སྲིད་ཇུས་དང་འགལ་ལུགས་བཤད་འདུག

རྩྭ་ཐང་ཉམས་རྒུད་གྱི་གནས་སྟངས།  

ས་གནས་མང་ཚོགས་ལ་མཚོན་ན་དཔལ་འབྱོར་གྱི་ཐོན་ཁུངས་གཙོ་བོ་འབྲོག་ལས་ཡིན་པས། རྩྭ་ཐང་དུ་ཕྱུགས་ཟོག་འཚོ་སྐྱོང་བཀག་སྡོམ་དང་འབྲོག་སྡེ་གནས་སྤོར་གྱི་སྲིད་ཇུས་དེས། འབྲོག་ལས་ཀྱི་འཚོ་བར་དཀའ་རྙོག་ཆེན་པོ་བཟོས་ཡོད་ཅིང་། རྒྱ་གཞུང་གིས་རྩྭ་ཐང་ཉམས་རྒུད་ཀྱི་གནོད་སྐྱོན་དང་དཀའ་རྙོག་གཙོ་བོ་དེ་རྩྭ་ཐང་དུ་ཕྱུགས་ཟོག་མང་པོ་འཚོ་སྐྱོང་བྱས་པ་དེ་ཡིན་རབས་འགྲེལ་བཤད་བྱས་འདུག

ས་གནས་བོད་མི་དང་ས་གནས་སྲིད་གཞུང་གི་དཔོན་རིགས་ཚོས་རྩྭ་ཐང་ཉམས་རྒུད་དུ་འགྲོ་བཞིན་པ་དེ་ནི། གོ་ལའི་ཚ་དྲོད་འཕར་བ་དང་། ཟམ་མི་ཆད་པར་རང་བྱུང་གཏེར་རྫས་སྔོག་འདོན་བྱས་པ། འབྲོག་སའི་བདག་དབང་ལ་འགན་སྲུང་མེད་པ་དང་རང་བྱུང་རྩྭ་ཐང་ལ་ཚུན་མཐུན་གྱིས་དོ་དམ་མ་བྱས་པའི་རྐྱེན་གྱིས་ཡིན་པར་མོས་མཐུན་བྱེད་ཅིང་། ཕྱི་ལོ་༡༩༨༦ ལོར་རྒྱ་རིགས་གསེར་རྐོ་བ་༡༠,༠༠༠ ལྷག་མཚོ་ཤར་གྱི་རྨ་སྟོད་ཕྱོགས་སུ་ཕྱིན་ནས་ཡུལ་དེའི་གསེར་གཏེར་སྔོག་འདྲེན་བྱེད་འགོ་བཙུགས་ཡོད་པ་དང་། ས་ཁུལ་དེར་ཡུལ་མིའི་མི་འབོར་༩༤༦༦ ཟིན་གྱི་འདུག ཕྱིས་སུ་རྨ་སྟོད་ཀྱི་གསེར་གཏེར་སྔོག་འདོན་སྐབས་སུ་ལས་མི་༢༣༡ ལ་རྨས་སྐྱོན་བྱུང་བ་དང་ལས་མི་གཅིག་འདས་གྲོངས་ཕྱིན་རྗེས། གསེར་གཏེར་སྔོག་འདོན་ཕྱིར་འཐེན་བྱས་འདུག རང་བྱུང་གཏེར་རྫས་སྔོག་འདོན་སྐབས་སུ་ས་གནས་ཀྱི་གཙང་ཆུའི་ཐོན་ཁུངས་ནང་དུ་དུག་རྫས་རིགས་འདྲེས་པ་དང་། རང་བྱུང་སྐྱེ་དངོས་ལ་གནོད་སྐྱོན་བཟོས་པ། གཞི་རྒྱ་ཆེ་བའི་རྩྭ་སར་ས་རྐོ་རྡོ་སློག་གིས་རྩྭ་ས་འཕྲོ་བརླག་ཏུ་བཏང་བ་དང་། ཕྱོགས་མང་པོ་ཞིག་ནས་ལོ་རྒྱུས་རང་བཞིན་ལྡན་པའི་རྨ་སྟོད་ཀྱི་རང་བྱུང་ཐོན་ཁུངས་དེ་བོད་ཡུལ་མཐོ་སྒང་གི་སྤྱིའི་རང་བྱུང་ཐོན་ཁུངས་ཁག་གི་ཆ་ཤོས་གལ་འགངས་ཆེན་པོ་ཞིག་ཆགས་ཡོད་ཅིང་། རྒྱ་གཞུང་གི་འཕྲོག་བཅོམ་རང་བཞིན་གྱི་ཡར་རྒྱས་འཛུགས་སྐྲུན་གྱི་སྲིད་ཇུས་འོག་ཏུ་བོད་ཁུལ་གྱི་རང་བྱུང་ཐོན་ཁུངས་ལ་བཅོས་ཐབས་མེད་པའི་གནོད་སྐྱོན་བཟོས་ཡོད།

ཞིབ་འཇུག་པ་མང་པོ་ཞིག་ནས་ད་ལྟའི་རྒྱ་གཞུང་གི་འབྲོག་སྡེ་གནས་སྤོར་དང་རང་བྱུང་སྐྱེ་ཁམས་སྲུང་སྐྱོང་གི་སྲིད་ཇུས་དེ་ཚུལ་མཐུན་མིན་ཁར། འབྲོག་ལས་དང་འབྲོག་པའི་སྤྱི་ཚོགས། ལྷག་པར་དུ་རང་བྱུང་སྐྱེ་ཁམས་ལ་ལྡོག་ཕྱོགས་ཀྱི་ཤན་ཤུགས་ཆེན་པོ་ཐེབས་པའི་སྡོམ་ཚིག་བཀོད་འདུག ས་གནས་བོད་མི་མང་པོ་ཞིག་གིས་གནོད་སྐྱོན་ཐེབས་པའི་རྩྭ་ཐང་བསྐྱར་གསོ་བྱ་ཐབས་གཙོ་བོ་དེ་སྔོན་ཆད་ལྟར་དུས་བཞིའི་ནམ་དུས་དང་བསྟུན་ནས་ཕྱུགས་ཟོག་འཚོ་སྐྱོང་བྱ་རྒྱུ་དེ་ཡིན་པ་དང་། རྩྭ་ཐང་དུ་ཕྱུགས་ཟོག་འཚོ་སྐྱོང་བཀག་སྡོམ་བྱས་པ་དེས་རང་བྱུང་སྣོད་བཅུད་ཀྱི་འབྲེལ་བ་རྩ་ནས་བཅད་པ་དང་དེ་ནི་རྩྭ་ཐང་གི་བདེ་ཐང་ཐད་ནས་ཧ་ཅང་གལ་འགངས་ཆེན་པོ་ཆགས་ཡོད་པར་ཡིད་ཆེས་བྱེད་ཀྱི་འདུག ས་གནས་མང་ཚོགས་ཀྱི་དུས་རབས་མང་པོའི་རིང་གི་མྱོང་རྟོགས་ཤེས་བྱ་གཞིར་བཟུང་སྟེ། འབྲོག་པ་མང་ཚོགས་ནས་རྩྭ་ཐང་གི་གནས་སྟངས་དེ་གནམ་གཤིས་དང་། སེམས་ཅན་འཚོ་སྐྱོང་། དུས་ཡུན་རིང་པོའི་སྣོད་བཅུད་ཕན་ཚུན་གཅིག་ལ་གཅིག་རྟེན་དང་འབྲེལ་བ་དམ་ཟབ་ཡོད་པར་ཡིད་ཆེས་བྱེད་ཅིང་། བློ་གྲོས་ལྡན་པའི་རྒན་རབས་པ་ཚོས་ཀྱང་རྩྭ་ཐང་དུ་ཕྱུགས་ཟོག་འཚོ་སྐྱོང་བྱེད་པ་དེས་རང་བྱུང་རྩྭ་ཐང་བསྐྱུར་གསོ་ལ་ཕན་པར་ཆ་འཇོག་གནང་གི་འདུག ས་གནས་བོད་མིའི་གནས་སྟངས་དངོས་ལ་གཞིགས་ན། རྒྱ་གཞུང་གི་འབྲོག་སྡེ་གནས་སྤོར་བཏང་ནས་སྐྱེ་ཁམས་དཔལ་ཡོན་སྲུང་སྐྱོབ་བྱེད་ཀྱི་ཡོད་ཟེར་བ་དེ་ནི་དོགས་གཞི་ཆེན་པོ་ཞིག་ཆགས་ཡོད།

གནས་སྤོར་སྡོད་ཁང་རིན་མེད་ཡིན་རབས་ཀྱི་རྫུན་གཏམ།

གཙང་གསུམ་བྱུང་ཡུལ་སྲུང་སྐྱོང་གི་ལས་གཞིའི་ཁྲོད་དུ་གནས་སྤོར་མང་ཚོགས་ལ་སྡོད་ཁང་འཛུགས་སྐྲུན་རིན་མེད་ཡིན་རབས་བཤད་ཀྱང་། གནས་སྤོར་བཏང་བའི་འབྲོག་ཁྱིམ་དེ་དག་གི་བུ་དང་བུ་མོ་གཉེན་སྒྲིག་ནས་ཁྱིམ་གཞི་གསར་བ་འཛིན་པའི་ས་ཁང་མཁོ་སྤྲོད་བྱས་མེད་པས། ཁྱིམ་ཚང་གི་ཁྱིམ་མི་ཇེ་མང་དུ་སོང་ཡང་མུ་མཐུད་དུ་སྡོད་ཁང་གཅིག་གི་ནང་དུ་འཚང་དགོས་བྱུང་ཡོད་པ་དང་། ཁྱིམ་ཚང་ལ་ལ་ཞིག་སྨི་གྲུ་བཞི་མ་༦༠ ཙམ་ལས་མེད་པའི་སྡོད་ཁང་ནང་དུ་འདུག་པ་དང་། ཁ་ཤས་ཤིག་ཉེ་འདབས་སུ་རས་གུར་ཕུབ་ནས་སྡོད་དགོས་བྱུང་འདུག

རྒྱ་གཞུང་རང་གི་རྩ་ཁྲིམས་ནང་དུ་ས་ཆའི་བདག་དབང་དང་འགན་སྲུང་ལ་སྲུང་སྐྱོབ་བྱས་མེད་པའི་རྐྱེན་གྱིས། རྒྱ་ནག་སྲིད་གཞུང་གིས་གསལ་ཁ་མེད་པའི་ཁྲིམས་སྒྲིག་སྣ་ཚོགས་ཀྱི་མིང་ཐོག་ནས་མི་སྒེར་གྱི་ས་ཆའི་བདག་དབང་དང་ཐོབ་ཐང་བཙན་འཕྲོག་གི་ཁེ་ཕན་གཞིར་བཟུང་གིས། རང་བྱུང་ཐོན་ཁུངས་དང་ས་ཆ་བེད་སྤྱད་དེ་ཚུལ་མཐུན་མིན་པའི་གྲོང་རྡལ་ཡར་རྒྱས་འཛུགས་སྐྲུན་གྱི་སྲིད་ཇུས་ཟེར་བ་ལག་བསྟར་བྱེད་ཀྱི་འདུག་ལ། མི་དམངས་ཀྱི་ས་ཆའི་བདག་དབང་དང་དེ་ལ་འགན་སྲུང་བྱས་མེད་པས། རྒྱ་གཞུང་གིས་རྒྱུན་གནས་ཐུབ་པའི་གྲོང་རྡལ་ཡར་རྒྱས་འཛུགས་སྐྲུན་བྱ་རྒྱུ་ནི་ཧ་ལམ་མི་སྲིད་པའི་གནས་སྟངས་ཤིག་ཆགས་ཡོད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཟའ་བཅའི་བདེ་འཇགས་ཐད་ཀྱི་དམིགས་བསལ་སྙན་སྒྲོན་པས། རྒྱ་ནག་གཞུང་གི་འབྲོག་སྡེ་གནས་སྤོར་སྲིད་ཇུས་ཐད་ལ་བློ་འཚབ་གནང་ཡོད། རྒྱུ་མཚན་ནི། རྒྱ་གཞུང་གི་སྲིད་ཇུས་དེས་ཞིང་འབྲོག་མང་ཚོགས་ཀྱི་འཚོ་རྟེན་ཐོན་ཁུངས་ལ་གཏོར་བརླག་བཏང་བ་དང་རང་དབང་གི་དཔལ་འབྱོར་འདུ་འགོད་བཙན་འཕྲོག་བྱས་ཡོད་པ་དང་། གནས་སྤོར་བཏང་བའི་མང་ཚོགས་ཀྱི་ས་ཆ་ཤོར་བར་མ་ཟད་བཟའ་བཅའ་ལ་བདེ་འཇགས་མེད་པ། ཕྱུགས་ཟོག་འཚོ་སྐྱོང་ལ་ཚོད་འཛིན་བྱས་པ། གནས་སྤོར་ས་གནས་ཀྱི་ཞིང་ལས་ཡུན་གནས་མི་ཐུབ་པ། བོད་མིའི་སྲོལ་རྒྱུན་འཚོ་བ་འབྲོག་ལས་དང་དེའི་རིག་གནས་དང་བཅས་པ་ཁ་ཐོར་ཡ་བྲལ་བཏང་ཡོད་པ་རེད། དཔལ་འབྱོར་དང་། སྤྱི་ཚོགས། རིག་གཞུང་ཐད་ཀྱི་རྒྱལ་སྤྱིའི་ཁྲིམས་ཡིག་དང་། རང་བྱུང་སྐྱེ་ཁམས་སྲུང་སྐྱོབ་ཐད་ཀྱི་རྒྱལ་སྤྱིའི་ཁྲིམས་ཡིག་གཞིར་བཟུང་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་འཚོ་གནས་ཀྱི་མིང་ཐོག་ནས་ཡུལ་མིའི་རྩྭ་ས་བཙན་འཕྲོག་བྱེད་བཞིན་པ་མྱུར་དུ་མཚམས་བཞག་སྟེ། ས་ཆ་གང་རུང་གི་ས་སྐྱེས་རྡོ་སྐྱེས་ཡིན་པའི་ཡུལ་མི་ནི། རང་བྱུང་སྐྱེས་ཁམས་སྲུང་སྐྱོབ་དང་འགན་སྲུང་གནང་མཁན་ཡིན་པ་དེ་གལ་གནད་དུ་འཛིན་དགོས། རྒྱུ་མཚན་རྒྱ་ནག་དམར་ཤོག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་ཡིག་འདི་གཉིས་ལ་མིང་རྟགས་བཀོད་ནས་ཁས་ལེན་གཙང་མ་བྱས་ཡོད་པ་རེད།

Check Also

བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས། ༢༠༡༨ ལོའི་སྙན་ཐོ།

འདི་ག་ལྟེ་གནས་ཁང་གི་ངོས་ནས་ཕྱི་ལོ་༢༠༡༨ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གྱི་ལོ་འཁོར་སྙན་ཐོ་འདོན་སྤེལ་བྱས་ཡོད། ཕྱི་ལོ་༢༠༡༨ ལོ་ནི་བོད་གཙོ་བའི་རྒྱ་ནག་རྒྱལ་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཐད་ནས་གཉན་འཕྲང་ཅན་གྱི་ལོ་ཞིག་ཆགས་ཡོད། རྒྱ་གཞུང་གིས་ཁྲིམས་སྒྲིག་གསར་བ་མང་པོ་གཏན་འབེབས་ལག་བསྟར་བྱས་པ་དེས། བོད་མིའི་གནས་སྟངས་དང་འགྲོ་བ་མིའི་ཐོབ་ཐང་ཁག་ལ་དམ་དྲག་ཤུགས་ཆེར་བཏང་ཡོད། ཁྲིམས་སྒྲིག་དེ་དག་གི་འོག་ཏུ་འཚོ་གནས་ཚད་ལྡན་བསྐྱེལ་བའི་ཐོབ་ཐང་དང་། ཆོགས་ལུགས་རིག་གཞུང་གི་ཐོབ་ཐང་། འགྲོ་འོང་གི་རང་དབང་། ཞི་བའི་འདུ་འཛོམ་རང་དབང་། དེ་མིན་གྱི་རང་དབང་ཐོབ་ཐང་ཁག་ལོངས་སུ་སྤྱོད་མཁན་བོད་མི་ཚོ་གང་བྱུང་འཛིན་བཟུང་དང་བཀག་ཉར་བྱས་ཡོད། ཕྱི་ལོ་༢༠༡༨ ཟླ་༡ ནས་བཟུང་རྒྱ་ནག་རྒྱལ་ཡོངས་སུ་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཟེར་བའི་ཁྲོད་དུ“ནག་གཤེད་སྟོབས་ཤུགས”དང་“ནག་ཚོགས་སྟོབས་ཤུགས”རིགས་རྩ་མེད་བཟོ་རྒྱུ་ཡིན་རབས་བཤད་དེ། རྒྱ་གཞུང་གིས་དུས་ཡུན་རིང་བོར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཁག་རྡོལ་རོལ་བརྡལ་བཤིག་བཏང་དང་གཏོང་བཞིན་པ་དེ་ཁྲིམས་མཐུན་གྱི་ངོ་བོར་བསྒྱུར་འདུག …

Leave a Reply

Your email address will not be published. Required fields are marked *