Sunday , September 22 2019
Home / གསར་འགྱུར། / རྒྱལ་སྤྱིའི་ཕ་སྐད་ཉིན་མོར་སྐད་ཡིག་གི་ཆ་ནས་གྲངས་ཉུང་དུ་གྱུར་རིགས་ཀྱི་སྐད་ཡིག་གི་ཐོབ་ཐང་ཞེས་པའི་བོད་འགྱུར་སྙན་ཐོ་འགྲེམ་སྤེལ་བྱས།

རྒྱལ་སྤྱིའི་ཕ་སྐད་ཉིན་མོར་སྐད་ཡིག་གི་ཆ་ནས་གྲངས་ཉུང་དུ་གྱུར་རིགས་ཀྱི་སྐད་ཡིག་གི་ཐོབ་ཐང་ཞེས་པའི་བོད་འགྱུར་སྙན་ཐོ་འགྲེམ་སྤེལ་བྱས།

ཕྱི་ལོ་༢༠༡༩ ལོར་འཛམ་གླིང་ཡུལ་ལུང་གང་སར་ཕྱི་ཟླ་༢ ཚེས་༢༡ ཉིན་ཏེ། རྒྱལ་སྤྱིའི་ཕ་སྐད་ཉིན་མོ་ཐེངས་༡༩ བ་སྲུང་བརྩི་ཞུས་ནས་སྤྱི་ཚོགས་ཡུན་གནས་དང་སྐད་ཡིག་རིག་གཞུང་སྣ་ཚོགས་ཀྱི་གལ་ཆེན་རིང་བཞིན་གསལ་སྟོན་གནང་གི་ཡོད་པ་རེད། ཕྱི་ལོ་༡༩༩༩ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རྩལ་རིག་གཞུང་ལས་འཛིན་ཚན་པས། བྷང་ལ་དྷེ་ཤཱིའི་ནང་ཕ་སྐད་སྲུང་སྐྱོབ་ཀྱི་ཞི་རྒོལ་ཁྲོད་དུ་སློབ་ཕྲུག་མང་པོ་དམར་གསོད་བཏང་བའི་ཉིན་མོ་དེ་ཐེངས་དང་པོར་རྒྱལ་སྤྱིའི་ཕ་སྐད་ཉིན་མོར་གཏན་འབེབས་གནང་བ་རེད།

རྒྱལ་ཚོགས་ཀྱི་ཚོད་དཔག་ལྟར་ན། འཛམ་གླིང་སྒང་འདིར་སྐད་རིགས་མི་འདྲ་བ་༧༠༠༠ ཙམ་ཡོད་ཅིང་། སྐད་རིགས་དེ་དག་བཤད་མཁན་མི་གྲངས་ཉུང་ངུ་ཙམ་ལས་མེད་ཅིང་། སྐད་རིགས་རེ་གཉིས་སྤྱོད་མཁན་འཛམ་གླིང་གི་མི་གྲངས་མང་ཤོས་ཆགས་ཡོད་པ་དང་། སྐད་རིགས་མང་ཤོས་བཤད་མཁན་ནི་སྤྱི་ཚོགས་ཁྲོད་ནས་ཟུར་ཕུད་དང་ཆག་འཇིག་གི་ཉེན་ཁར་འཕྲད་པའི་གྲངས་ཉུང་མི་རིགས་དང་གདོད་མའི་མི་རིགས་ཡིན་པ་དང་། མ་འོངས་མི་ལོ་༡༠༠ ནང་ད་ལྟ་ང་ཚོས་སྤྱོད་བཞིན་པའི་སྐད་རིགས་ཀྱི་བརྒྱ་ཆ་༩༧  རྩ་མེད་འགྲོ་བའི་ཉེན་ཁར་འཕྲད་ཡོད་འདུག

ཆག་འཇིག་གི་ཉེན་ཁར་འཕྲད་པའི་སྐད་རིགས་གཅིག་ནི་བོད་ཡུལ་མཐོ་སྒང་དང་ཧི་མ་ལ་ཡ་རི་རྒྱུད་དུ་མི་གྲངས་ས་ཡ་༨ ཙམ་གྱིས་བཀོད་སྤྱོད་གཏོང་བཞིན་པའི་བོད་ཡིག་བོད་སྐད་ཆགས་ཡོད། བོད་སྐད་ཡིག་ནི་འཛམ་གླིང་སྟེང་གི་སྐད་ཡིག་རྙིང་ཤོས་དང་ཁྱབ་ཆེ་ཤོས་ཨང་༤ བ་དང་། ལེགས་སྦྱར་སྐད་དང་རྒྱ་སྐད། ཉི་ཧོང་སྐད་ཡིག་གི་རྩོམ་རིགས་ཚུད་པའི་གླིང་ཆེན་ཨེ་ཤ་ཡའི་རྩོམ་རིགས་ཀྱི་ཁུངས་གཙོ་བོ་ཞིག་ཡིན་པར་ངོས་འཛིན་བྱེད་ཅིང་། བོད་ཡིག་ནི་སྤྱི་ལོའི་དུས་རབས་༧ པའི་ནང་ལེགས་སྦྱར་སྐད་ནས་གསར་བཟོ་གནང་བ་དང་། ཕྱིས་སུ་ཞིབ་འཇུག་པ་ཚོས་ད་ལྟ་འབྲི་བཞིན་པའི་བོད་ཡིག་གི་འབྱུང་ཁུངས་ནི་བོད་མངའ་རིས་ས་ཁུལ་གྱི་གནའ་བོའི་ཞང་ཞུང་རྒྱལ་རབས་སྐབས་ཀྱི་སྨར་ཡིག་ཡིན་པར་བཞེད་ཅིང་། དེ་ཡང་སྤྱི་ལོའི་དུས་རབས་སྔོན་གྱི་ལོ་༡༠༠༠ ལྷག་གི་སྔོན་བྱུང་བྲག་རྐོས་ཡི་གེ་མང་པོ་གསར་རྙེད་བྱུང་བ་ལས་གསལ་ཡོད།

ཕྱི་ལོ་༡༩༤༩ ལོར་བོད་ལ་དབང་བསྒྱུར་བ་ནས་བཟུང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་སྲིད་ཇུས་སྣ་ཚོགས་གཏན་འབེབས་ལག་བསྟར་བྱས་ཏེ་བོད་ཡིག་འབྲི་ཀློག་དང་དར་སྤེལ་གཏོང་བའི་སྲིད་ཇུས་མང་པོ་ཡིག་ཐོག་ནས་གཏན་འབེབས་བྱས་ཀྱང་། སྐད་ཡིག་གི་སྲིད་ཇུས་དེ་དག་ལག་བསྟར་ཚགས་ཚུལ་བྱས་མེད། ཕྱི་ལོ་༡༩༩༠ ཙམ་ནས་བཟུང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་དང་གྲངས་ཉུང་མི་རིགས་ཁག་གི་གནད་དོན་སེལ་ཐབས་ལ་ཁ་གཡར་ཏེ། མི་རིགས་སྐད་ཡིག་དང་བཅས་པ་རྩ་མེད་བཟོ་ཐབས་ཀྱི་སྲིད་ཇུས་མང་པོ་ལག་ལེན་བསྟར་བ་མ་གཏོགས་བོད་མིའི་སྐད་ཡིག་བཀོལ་སྤྱོད་དང་དར་སྤེལ་བཏང་མེད།

འདི་ལོའི་རྒྱལ་སྤྱིའི་ཕ་སྐད་ཉིན་མོ་དང་སྟབས་བསྟུན། འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་<<སྐད་ཡིག་གི་ཆ་ནས་གྲངས་ཉུང་དུ་གྱུར་རིགས་ཀྱི་སྐད་ཡིག་གི་ཐོབ་ཐང་སྟེ། ལག་ལེན་བསྟར་ཕྱོགས་ཀྱི་ལམ་སྟོན་ཡིག་ཆ་>>ཞེས་པའི་སྙན་ཐོ་ཞིག་བོད་བསྒྱུར་འགྲེམ་སྤེལ་བྱས་ཡོད་ལ། སྙན་ཐོ་ནི་ལོ་༢༠༡༧ ཟླ་༣ ནང་གྲངས་མི་རིགས་ཀྱི་གནད་དོན་ཐད་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་སྙན་སྒྲོན་པས་བཏོན་པ་ཞིག་ཡིན་པ་རེད། ཕྱི་ལོ་༢༠༡༣ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲངས་ཉུང་མི་རིགས་ཀྱི་གནད་དོན་སྐོར་གྱི་དམིགས་བསལ་སྙན་སྒྲོན་པས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ལ་སྐད་ཡིག་གི་ཆ་ནས་གྲངས་ཉུང་དུ་གྱུར་རིགས་ཀྱི་ཐོབ་ཐང་དང་དཀའ་ངལ་སྐོར་སྙན་སྒྲོན་ཞུས་པའི་ལམ་སྟོན་ཡིག་ཆ་འདིའི་ནང་དུ། འཛམ་གླིང་ནང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་མང་པོ་ཞིག་རྒྱལ་ཁབ་དང་རྒྱལ་སྤྱིའི་རིམ་པར་ངོས་འཛིན་བྱེད་པའི་སྐད་ཡིག་ཆེ་ཁག་གི་དབང་སྒྱུར་དང་། ཤུགས་རྐྱེན། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྤྱོད་མཁན་ཉུང་དུ་འགྲོ་བ་བཅས་ཀྱི་གནས་སྟངས་འོག་ཏུ་ཉམས་རྒུད་དང་རྩ་མེད་དུ་འགྲོ་ཉེན་ཆེ་བའི་ཉེན་བརྡ་བཏང་ཡོད། ལམ་སྟོན་ཡིག་ཆ་འདི་ནི་གྲངས་ཉུང་མི་རིགས་ཁག་གིས་སྐད་ཡིག་གི་ཆ་ནས་གྲངས་ཉུང་དུ་གྱུར་རིགས་ཀྱི་སྐད་ཡིག་གི་ཐོབ་ཐང་ལག་ལེན་བསྟར་ཕྱོགས་དང་། སྲིད་གཞུང་ཁག་གིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ལ་བརྩི་བཀུར་དང་བཀོལ་སྤྱོད་གཏོང་བའི་འོས་འགན་སོགས་ཤེས་རྟོགས་ཡོང་ཐབས་ཀྱི་ཡིག་ཆ་གལ་ཆེན་ཞིག་རེད།

འདི་ག་ལྟེ་གནས་ཁང་གིས་ལམ་སྟོན་ཡིག་ཆ་འདི་བརྒྱུད་ནས་བོད་སྐད་བོད་ཡིག་སྤྱོད་པའི་གཞིས་བྱེས་བོད་མི་ཚོས་ཆག་འཇིག་གི་ཉེན་ཁར་འཕྲད་པའི་བོད་སྐད་ཡིག་མྱུར་སྐྱོབ་དང་དར་སྤེལ་གཏོང་ཐབས་ལ་ཕན་པའི་རེ་བ་བྱེད་ཀྱིན་ཡོད། ཡིག་ཆ་འདིའི་ནང་དུ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གི་ཐོབ་ཐང་ཁག་དང་སྲིད་གཞུང་གིས་སྐད་ཡིག་གི་ཐོབ་ཐང་འདི་དག་མངོན་འགྱུར་གྱི་འོས་འགན་གཅིག་པུ་ཙམ་མིན་པར། ཡིག་ཆ་འདིའི་ནང་གསལ་གྱི་ལག་བསྟར་དང་སྐུལ་འདེབས་གཞིར་བཟུང་ཐོག་འཛམ་གླིང་ཤར་ནུབ་ཀྱི་ཡུལ་ལུང་གང་སར་ཁ་འཐོར་དུ་གནས་པའི་བོད་མི་ཚོར་གནས་ཡུལ་སྤྱི་ཚོགས་ཁག་གི་ནང་དུ་སོ་སོའི་སྐད་ཡིག་བཀོལ་སྤྱོད་དང་ཐོབ་ཐང་ལག་ལེན་ཡོང་ཐབས་ལ་རམ་འདེགས་བྱེད་ཐུབ། དཔེར་ན། གྲངས་ཉུང་མི་རིགས་ཀྱི་སྐད་རིགས་ཉུང་བ་དང་མི་རིགས་ཁ་འཐོར་གྱི་གནས་བབ་རྒྱ་ཆེ་བའི་ཨོ་སི་ཁྲི་ལེ་ཡ་དང་ཧང་གྷ་རེ་རྒྱལ་ཁབ་ནང་དུ་རིག་གཞུང་སྣ་ཚོགས་དང་སྐད་རིགས་སྣ་ཚོགས། རྒྱལ་ཡོངས་སྐད་རིགས་ཀྱི་རླུང་འཕྲིན་དང་བརྙན་འཕྲིན་བརྒྱུད་ལམ་ཡོད་པ་དང་། རླུང་འཕྲིན་དང་བརྙན་འཕྲིན་བརྒྱུད་ལམ་དེ་དག་རྒྱལ་ཡོངས་སུ་ཁྱབ་ཐུབ་ཡོད་པ་རེད། ༼ཨོ་སི་ཁྲི་ལེ་ཡ་རྒྱལ་ནང་དུ་དམིགས་བསལ་རྒྱང་སྲིང་ཞབས་ཞུ་(SBS)དང་ཧང་གྷ་རེའི་ནང་དུ་(MR4)རླུང་འཕྲིན་ཡོད་པ་རེད།༽ དེ་བཞིན་ཁ་ན་ཌ་དང་ཧྥན་ལན་ཌི་རྒྱལ་ནང་དུ་སི་ཝེ་ཌན་དང་ཧྥ་རན་སིའི་སྐད་བཤད་པའི་གྲངས་ཉུང་མི་རིགས་ཀྱི་སློབ་ཕྲུག་ཚོ་ཁ་འཐོར་དུ་གནས་ཡོད་པས། སློབ་ཕྲུག་དེ་དག་གཞུང་བཙུགས་སློབ་གྲྭར་སྐྱེལ་འདྲེན་བྱས་ཏེ་ཁོ་རང་ཚོའི་སྐད་ཡིག་གི་ཐོག་ནས་སློབ་ཁྲིད་བྱེད་ཀྱི་ཡོད་པ་དང་། ཨ་རིའི་ནང་སློབ་གྲྭ་ཁག་གིས་སློབ་ཕྲུག་གི་ཕ་མ་དང་མཉམ་དུ་གྲངས་ཉུང་མི་རིགས་ཀྱི་སྐད་བཤད་ཀྱི་ཡོད་པ་དེས། གྲངས་ཉུང་མི་རིགས་ཁག་ཟུར་ཕུད་མ་བཏང་བར་མཉམ་ཞུགས་ཡོང་ཐབས་དང་ཕ་མས་བུ་ཕྲུག་གི་སློབ་གསོའི་གོ་རྟོགས་ཡར་རྒྱས་གཏོང་གི་ཡོད་པ་བསྟན་ཡོད།

འདི་ལྟེ་གནས་ཁང་གི་ངོས་ནས་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་ལག་བསྟར་བྱེད་ཀྱིན་པའི་གྲངས་ཉུང་མི་རིགས་ཀྱི་སྲིད་ཇུས་ཟེར་བའི་མི་རིགས་སྐད་ཡིག་དང་བཅས་པ་རྩ་མེད་བཟོ་ཐབས་ཀྱི་སྲིད་ཇུས་དེ་དག་མྱུར་དུ་མཚམས་འཇོག་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུ་ཡི་ཡོད། སྲིད་ཇུས་དེ་དག་གིས་བོད་མིའི་ངོ་བོ་དང་རིག་གཞུང་། སྐད་ཡིག་དང་བཅས་པ་རྩ་མེད་བཟོ་བཞིན་ཡོད།  རྒྱ་གཞུང་གིས་བོད་སྐད་ཡིག་གཙོར་བཟུང་གི་ཐོག་ནས་རིག་གཞུང་དང་འབྲེལ་བའི་སྐད་གཉིས་སློབ་གསོ་ལག་བསྟར་བྱེད་དགོས་པ་དང་། བོད་ཁུལ་གྱི་གཞི་རིམ་སློབ་གྲྭ་ཁག་ནང་རྒྱལ་ཡོངས་སྤྱི་སྐད་ཟེར་བའི་རྒྱ་ཡིག་རྒྱ་སྐད་གཙོར་འཁྲིད་བྱེད་ཀྱིན་པ་མྱུར་དུ་མཚམས་འཇོག་དགོས། རྒྱ་ནག་དམར་ཤོག་གཞུང་གིས་སྐད་ཡིག་འདྲ་མཉམ་མ་བཟོས་པར་མི་རིགས་འདྲ་མཉམ་དང་འཆམ་མཐུན་ཡོང་ཐབས་ཡོད་པ་མ་རེད། གསེར་རྟ་བླ་རུང་སྒར་གྱི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས། སྐད་ཡིག་ནི་མི་རིགས་དང་རིག་གཞུང་གི་སྲོག་རྩ་ཡིན། ཞེས་གསུངས་ཡོད།

<<སྐད་ཡིག་གི་ཆ་ནས་གྲངས་ཉུང་དུ་གྱུར་རིགས་ཀྱི་སྐད་ཡིག་གི་ཐོབ་ཐང་སྟེ། ལག་ལེན་བསྟར་ཕྱོགས་ཀྱི་ལམ་སྟོན་ཡིག་ཆ་>>ཞེས་པའི་སྙན་ཐོ་ཆ་ཚང་འདི་ནས་ཕབ་ལེན་བྱེད་ཐུབ། 

གལ་ཏེ་ཕབ་ལེན་མི་ཐུབ་ཚེ། འདི་ག་ལྟེ་གནས་ཁང་གི་ལས་བྱེད་བསྟན་འཛིན་ཟླ་བ་([email protected])དང་པདྨ་རྒྱལ་([email protected])གཉིས་ལ་འབྲེལ་གཏུག་ཞུ་རོགས།

Check Also

རྒྱ་གཞུང་གིས་ཆབ་སྲིད་ཀྱི་མནར་གཅོད་མཚམས་བཞག་སྟེ་གར་སོང་ཆ་མེད་བཟོས་པའི་དགེ་འདུན་པ་ཚོའི་དངོས་ཡོད་གནས་ཚུལ་གསལ་བཤད་བྱེད་དགོས།

འདི་ག་ལྟེ་གནས་ཁང་གི་ངོས་ནས། རྒྱ་གཞུང་གིས་ཟི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་གྱི་དགེ་འདུན་པ་གསུམ་གང་བྱུང་བཀག་ཉར་བྱས་པ་དང་བཙན་གྱིས་གར་སོང་ཆ་མེད་བཟོས་པ། དྲང་བདེན་མ་ཡིན་པའི་ཁྲིམས་ཐག་བཅད་པའི་གནས་ཚུལ་ངེས་པར་དུ་གསལ་བཤད་བྱེད་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུ་བཞིན་ཡོད་ལ། འདི་ག་ལྟེ་གནས་ཁང་གིས། རྒྱ་གཞུང་ནས་ཆོས་དད་དང་ཆབ་སྲིད་ཀྱི་ཉེས་འཛུགས་འོག་ཏུ་དགེ་འདུན་པ་དེ་དག་ལ་སྡུག་སྦྱོང་མནར་གཅོད་བཏང་བ་དང་། གང་བྱུང་བཀག་བསྐྱིལ་བཙོན་འཇུག་བྱས་པ་དེ་ནི། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་གཞི་དང་རྩ་འཛིན་ཁག་རྩིས་མེད་རྡོག་རོལ་བཏང་བར་ཡིད་ཆེས་བྱེད་ཀྱིན་ཡོད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆིངས་གནས་རྒྱལ་ཁབ་ཡིན་པའི་ཆ་ནས། རྒྱ་ནག་དམར་ཤོག་སྲིད་གཞུང་ལ་རྒྱལ་སྤྱིའི་ཁྲིམས་གཞི་རྩ་འཛིན་དེ་དག་ལ་བརྩི་འཇོག་དང་སྲུང་སྐྱོབ། ལག་བསྟར་བྱེད་པའི་འགན་ཡོད། འདི་ལོའི་ཕྱི་ཟླ་༧ ཚེས་༣༠ ཉིན་རང་ལོ་༣༧ ཡིན་པའི་དགེ་འདུན་པ་བློ་བཟང་ཐབས་མཁས་ལ་མི་ལོ་༤ ཡི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་དང་། …