Monday , June 17 2019
Home / གསར་འགྱུར། / རྒྱ་གཞུང་གིས་ཉེས་འཛུགས་བཙོན་འཇུག་བྱས་པའི་བོད་སྐད་ཡིག་སློབ་གསོའི་ཐོབ་ཐང་དོན་གཉེར་བ་བཀྲ་ཤིས་དབང་ཕྱུག་ལ་དག་འབུལ་ཞུ་གཏུག་གི་ཐོབ་ཐང་སྤྲད་མི་འདུག

རྒྱ་གཞུང་གིས་ཉེས་འཛུགས་བཙོན་འཇུག་བྱས་པའི་བོད་སྐད་ཡིག་སློབ་གསོའི་ཐོབ་ཐང་དོན་གཉེར་བ་བཀྲ་ཤིས་དབང་ཕྱུག་ལ་དག་འབུལ་ཞུ་གཏུག་གི་ཐོབ་ཐང་སྤྲད་མི་འདུག


འདས་པའི་མི་ལོ་གསུམ་ལྷག་རིང་གང་བྱུང་བཀག་ཉར་བྱས་པའི་བོད་སྐད་ཡིག་སློབ་གསོའི་ཐོབ་ཐང་དོན་གཉེར་བ་བཀྲི་དབང་ཕྱུག་ནས་རྒྱ་གཞུང་གིས་ཁོང་ལ་རྒྱལ་ཁབ་ཁ་བྲལ་གྱི་ནག་ཉེས་བཙུགས་ཏེ་མི་ལོ་ལྔ་ཡི་ཁྲིམས་འགལ་ཉེས་ཆད་པར་ངོས་ལེན་མ་གནང་བར་མུ་མཐུད་རང་ཉིད་ལ་ཉེས་པ་ཅི་ཡང་མེད་པར་ཞུ་གཏུག་གནང་མུས་ཡིན་པ་རེད།

ཕྱི་སྡོད་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚན་པས་གནས་ཚུལ་བཏོན་པའི་ནང་དུ། ཕྱི་ཟླ་༡ ཚེས་༡༥ ཉིན་བོད་སྐད་ཡིག་སློབ་གསོའི་ཐོབ་ཐང་དོན་གཉེར་བ་བཀྲ་ཤིས་དབང་ཕྱུག་གི་ཁྲིམས་རྩོད་པ་ལིན་ཆི་ལེ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཏིང་ཁྲན་བཙོན་ཁང་དུ་སོང་ཡང་བཀྲ་ཤིས་དབང་ཕྱུག་ལ་ཐུག་འཕྲད་བྱེད་དུ་བཅུག་མེད་ཅིང་། དེ་གར་ཁྲིམས་རྩོད་པ་ལིན་ཆི་ལེ་ཡིས་བཀྲ་ཤིས་དབང་ཕྱུག་གི་གྱོད་དོན་བསྐྱར་དུ་ཞུ་གཏུག་བྱེད་དགོས་པ་བརྗོད་འདུག བཙོན་ཁང་གི་འགོ་ཁྲིད་ཀྱིས་ཁོང་ལ་གནས་ཚུལ་དེ་གོང་རིམ་འགོ་ཁྲིད་ལ་ཡར་ཞུ་བྱེད་དགོས་ལུགས་བཤད་པ་དང་། དུས་ཡུན་ཆུ་ཚོད་གཅིག་རིང་སྒུག་རྗེས། བཙོན་ཁང་གི་འགོ་ཁྲིད་དེ་ཕྱིར་ཡོང་ནས་ཁྲིམས་རྩོད་པར་བཀྲ་ཤིས་དབང་ཕྱུག་གི་གྱོད་དོན་དེ་ཚོར་ཤུགས་ཆེན་པོ་ལྡན་པ་ཞིག་ཡིན་པས། ཞིང་ཆེན་སྲིད་ཁྲིམས་ཨུ་ཡོན་༼ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན།༽གྱི་ཆོག་མཆན་གནང་དགོས་ལུགས་བཤད་འདུག

རྒྱ་ནག་གི་རྩ་ཁྲིམས་ནང་དུ་ཉེས་ཕོག་མི་སྣ་ཚང་མར་ཞུ་གཏུག་གི་ཐོབ་ཐང་ཡོད་རབས་འཁོད་ཅིང་། རྒྱ་གཞུང་གི་ཉེས་དོན་གཏུག་བཤེར་བཅའ་ཁྲིམས་ཀྱི་དོན་ཚན་༡༨༠ ནང་དུ། གལ་ཏེ་ཉེས་ཕོག་མི་སྣའི་ཁྲིམས་རྩོད་པས་ས་གནས་རིམ་པའི་ཁྲིམས་ཁང་གི་ཁྲིམས་བཤེར་ལ་ངོས་ལེན་མ་བྱས་པ་ཡིན་ན། ཁྲིམས་རྩོད་པས་རིམ་པ་མཐོ་བའི་ཁྲིམས་ཁང་དུ་གོང་གཏུག་བྱེད་པའི་ཐོབ་ཐང་ཡོད། ཅེས་འཁོད་པར་མ་ཟད། ད་དུང་ཉེས་འཛུགས་གང་རུང་ལ་ཁ་གཡར་ཏེ་ཉེས་ཕོག་མི་སྣའི་དག་འབུལ་ཞུ་གཏུག་ཐོབ་ཐང་འཕྲོག་མི་ཆོག ཅེས་ཀྱང་གསལ་ཡོད་པ་རེད། དེ་ལྟར་ཡང་རྒྱ་ནག་ནང་དུ་ཏང་དང་རྒྱལ་ཁབ་ཀྱི་སྲིད་དབང་གཅིག་སྡུད་གཅིག་གྱུར་ཀྱི་འགོ་ཁྲིད་འོག་ཏུ། གྱོད་དོན་ཞུ་གཏུག་གི་སྒྲིག་སྲོལ་དང་ཁྲིམས་བཤེར་གྱི་བརྒྱུད་རིམ་ཁྲོད་དུ་དག་འབུལ་ཞུ་གཏུག་གི་ཐོབ་ཐང་ནི་དུས་ཡུན་རིང་བོར་གསལ་ཁ་ཅི་ཡང་མེད་པའི་སྨིག་རྒྱུ་ལྟ་བུར་གྱུར་ཡོད།

རྒྱ་ནག་དམར་ཤོག་གཞུང་གི་ཉེས་དོན་གཏུག་བཤེར་བཅའ་ཁྲིམས་ལག་བསྟར་ཁྲོད་དུ། དག་འབུལ་ཞུ་གཏུག་གི་ཐོབ་ཐང་ནི་ལས་ཤོག་མང་པོ་སྐོང་རྒྱུ་ཙམ་མ་གཏོགས་དྲང་བདེན་ཐག་གཅོད་ཀྱི་གྲུས་འབྲས་ཅི་ཡང་འཐོན་རྒྱུ་མེད་པ་རེད། ནམ་ཞར་གཞི་རིམ་ཁྲིམས་ཁང་ཁག་གིས་གྱོད་དོན་ཐག་གཅོད་སྐབས་ཐོག་མར་མཐོ་རིམ་ཁྲིམས་ཁང་ཁག་གི་བཀའ་བཀོད་འབའ་ཞིག་ལ་ཉན་དགོས་པ་དང་། དེས་དག་འབུལ་ཞུ་གཏུག་གི་ཐོབ་ཐང་ལ་རྦད་དེ་སྣང་མེད་རྡོག་རོལ་གཏོང་གི་ཡོད།

རྒྱ་གཞུང་གི་ད་ཡོད་སྲིད་ཁྲིམས་ཨུ་ལྷན་ཁག་ནང་དག་འབུལ་ཞུ་གཏུག་གི་ཐོབ་ཐང་མེད་ཁར། རྒྱལ་ཡོངས་ཞིང་ལྗོངས་ཁུལ་རྫོང་རིམ་པར་སྲིད་ཁྲིམས་ཨུ་ལྷན་གྱི་ཡན་ལག་ལས་ཁུངས་མང་པོ་བཙུགས་ཏེ། དག་འབུལ་ཞུ་གཏུག་གི་ཐོབ་ཐང་ནི་དེ་བས་ཀྱང་མིང་གི་ལྷག་མར་བཟོས་ཡོད། ས་གནས་སྲིད་གཞུང་རིམ་པའི་སྲིད་ཁྲིམས་ཨུ་ལྷན་ཁག་ནི་རྒྱ་ནག་དམར་ཤོག་དབུས་གཞུང་གི་སྟངས་འཛིན་ལྟ་རྟོག་འོག་ཏུ་ཡོད་པ་རེད། སྲིད་ཁྲིམས་ཨུ་ལྷན་ཁག་གིས་ཉེན་རྟོག་ཁང་དང་ཞིབ་དཔྱོད་ཁང་། ཁྲིམས་ཁང་། དེ་བཞིན་དུ་ཞིང་ལྗོངས་ཁུལ་རྫོང་རིམ་པའི་དམར་ཤོག་ཚོགས་ཆུང་ཁག་བཅས་ཚུད་པའི་ཁྲིམས་འཛིན་ལག་བསྟར་ལས་དོན་ལ་ལྟ་རྟོག་བྱེད་ཀྱི་ཡོད་པ་དང་། ཁོ་ཚོས་ད་དུང་དབུས་དང་རིམ་ཁག་ཁྲིམས་འཛིན་ལས་ཁུངས་ཁག་དང་དེའི་འགོ་ཁྲིད་དང་ལས་བྱེད་ཚང་མ་བསྐོ་འཇོག་བྱེད་ཅིང་། ཁོ་ཚོར་གྱོད་དོན་ཐག་གཅོད་ཀྱི་དབང་ཤུགས་ཆེན་པོ་ཡོད་པ་དང་། ལྷག་པར་དུ་ཚོར་ཤུགས་སྐྱེན་པའི་གྱོད་དོན་གལ་ཆེན་རིགས་ཐག་གཅོད་པའི་དབང་ཤུགས་ཆེན་པོ་སྤྲད་འདུག

དེར་མ་ཟད། ཁྲིམས་ཁང་ཁག་ནང་ལོགས་ཀྱི་ཏང་ཁག་གིས་དམར་ཤོག་ཚོགས་པའི་ཁྲིམས་སྒྲིག་ལག་བསྟར་དང་དམར་ཤོག་ཚོགས་པའི་ཁྲིམས་བཤེར་བཅད་ཁྲ་དང་མི་སྒེར་གྱི་ཐག་གཅོད་བཅས་ལ་ཆོག་མཆན་སྤྲོད་ཀྱི་ཡོད་ཅིང་། ས་གནས་སྲིད་གཞུང་ཁག་ལའང་ཁྲིམས་ཁང་གི་དབང་ཤུགས་ཆེན་པོ་ཡོད་པ་རེད། དེའི་རྒྱུ་མཚན་ནི། ཁོ་ཚོས་ས་གནས་རིམ་པའི་ཁྲིམས་དོན་ལས་རིགས་ཀྱི་གླ་ཕོག་དང་། ཁྲིམས་ཁང་གི་དངུལ་རྩིས། ཁྲིམས་བཤེར་བཅད་ཁྲ་བཅས་ལ་སྟངས་འཛིན་བྱེད་ཀྱི་ཡོད་པ་རེད། མི་དམངས་ཞིབ་དཔྱོད་ཁང་དང་མི་དམངས་འཐུས་མི་ཚོགས་ཆེན་གཉིས་ལ་ཁྲིམས་ཁང་དང་ཁྲིམས་དཔོན་གྱི་ལས་དོན་ལ་ཐད་ཀར་ལྟ་རྟོག་སྟངས་འཛིན་དང་། གྱོད་དོན་ལ་ཞིབ་བཤེར་སྐུལ་འདེད་གཏོང་བའི་དབང་ཆ་ཡོད། དེའི་རྒྱུ་མཚན་ཡང་མི་དམངས་ཞིབ་དཔྱོད་ཁང་ལ་ཁྲིམས་ཀྱི་བརྒྱུད་རིམ་ཁྲོད་དུ་ལྟ་རྟོག་དང་ཞིབ་དཔྱོད་གཉིས་ཀྱི་འགན་ཡོད་པ་རེད། འགྲོ་ལུགས་དེ་ནི་ཞུ་སྦྱོར་བའི་འགན་ཁུར་ཐད་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཞི་རྩའི་ལམ་སྟོན་དང་། ཁྲིམས་རྩོད་པའི་འགན་ཁུར་ཐད་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཞི་རྩའི་རྩ་འཛིན་ཁག་དང་ཡོངས་སུ་འགལ་ཡོད། ཁྲིམས་རྩོད་པའི་ཁྲིམས་དོན་ཞུ་འབུལ་དང་ལག་འཁྱེར་ཐོ་འགོད་སྐབས་སུ། རྒྱ་ནག་དམར་ཤོག་གཞུང་གིས་ཚོར་ཤུགས་སྐྱེན་པའི་གྱོད་དོན་དང་འབྲེལ་བའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ཚོར་༼སྤྱིར་འདི་ནི་ཁྲིམས་རྩོད་པའི་ཆེད་ལས་དང་འབྲེལ་བའི་འོས་འགན་དང་གཞི་རྩའི་ལམ་སྟོན་དང་མཐུན།༽དམ་དྲག་དང་བཤོལ་འདེབས་ཀྱི་སྦྱོར་བ་ལག་ལེན་བསྟར་བཞིན་ཡོད། ཁྲིམས་ཀྱི་གོ་རིམ་མ་བརྒྱུད་སྔོན་ནས་བཀྲ་ཤིས་དབང་ཕྱུག་དུས་ཡུན་རིང་བོར་བཀག་ཉར་དང་ཁྲིམས་བཤེར་ནར་འགྱང་བཏང་བའི་ད་ལྟའི་གནས་སྟངས་དེས། བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་ཀྱི་དངོས་ཡོད་གནས་སྟངས་གསལ་བོར་མཚོན་པར་མ་ཟད། རྒྱ་གཞུང་གིས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ཀྱི་དབང་སྒྱུར་ཡར་རྒྱས་གཏོང་གི་ཡོད་རབས་བཤད་པ་དེ་ནི། དོན་དངོས་སུ་རྒྱ་ནག་དམར་ཤོག་ཚོགས་པའི་ཁ་གཡར་ས་ཙམ་ཡིན་པ་གསལ་བོར་བསྟན་ཡོད། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱི་སྲིད་དབང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་འོག་ཏུ་རྒྱ་གཞུང་གི་ནུས་མེད་ཁྲིམས་ཞིབ་ཨུ་ལྷན་ནི་དོན་དངོས་སུ་ཏང་དང་རྒྱལ་ཁབ་ཀྱི་དབང་གྲགས་དང་ཁེ་ཕན་སྲུང་སྐྱོབ་བྱེད་པའི་དམར་ཤོག་ཚོགས་པའི་ཆབ་སྲིད་ཀྱི་འཁྲབ་སྟོན་ཆགས་ཡོད།

འདས་ལོར་རྒྱ་ནག་དབུས་སྲིད་ཁྲིམས་བྱ་བའི་ཚོགས་འདུ་པེ་ཅིན་དུ་ཚོགས་སྐབས། ཞི་ཅིན་ཕིན་གྱིས་ཏང་ཀྲུང་དབྱང་གིས་སྲིད་ཁྲིམས་བྱ་བ་དེ་སྔར་ལས་གོ་གནས་གལ་ཆེན་དུ་བཞག་སྟེ་ཐབས་ཇུས་གལ་ཆེན་རབ་དང་རིམ་པ་བཏོན་པ་དང་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་ལག་བསྟར་བྱས་ཡོད་པ་དང་། སྲིད་ཁྲིམས་བྱ་བའི་འཐབ་ཕྱོགས་ཀྱི་ལས་བྱེད་ཚོས་སྤྱི་ཚོགས་བརྟན་ལྷིང་དང་ཆབ་སྲིད་བདེ་འཇགས་སྲུང་སྐྱོབ་ཀྱི་འགན་འཁྲི་ཆེན་པོ་སྒྲུབ་དགོས་ལུགས་བཤད་ཡོད་ལ། རྒྱ་ནག་རྒྱལ་ཡོངས་ཁྲིམས་རྩོད་པའི་གྲོས་མོལ་ཚོགས་འདུའི་སྟེང་དུ་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་འགོ་ཁྲིད་ཀྲང་ཅུན་གྱིས། དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ནུས་པ་རིམ་ཁག་ཁྲིམས་རྩོད་པའི་ནང་དུ་ཁྱབ་པ་བྱེད་རྒྱུ་ནི་སྲིད་ཁྲིམས་བཅོས་སྒྱུར་གྱི་གཏིང་དུ་ཟུག་པའི་སྲོག་ཤིང་རིན་ཐང་ལྟ་བ་དང་གཞི་རྩའི་འཐབ་ཇུས་ཤིག་ཡིན་རབས་བཤད་ཡོད།

ད་ཆར་རྒྱ་གཞུང་གི་ཁྲིམས་ཀྱི་དབང་སྒྱུར་ནི་ཧ་ཅང་ཐབས་སྐྱོ་བའི་གནས་སྟངས་འོག་ཡོད་པ་དང་། ཁྲིམས་ཞིབ་ལ་རང་དབང་ཅི་ཡང་མེད་པས། ཁྲིམས་རྩོད་པ་ལིན་ཆི་ལེ་ལ་དག་འབུལ་ཞུ་གཏུག་བྱེད་དུ་བཅུག་པའི་དབང་དུ་བཏང་ནའང་། བཀྲ་ཤིས་དབང་ཕྱུག་ལ་དྲང་བདེན་ཁྲིམས་ཞིབ་ཀྱི་གོ་སྐབས་ཧ་ཅང་ཉུང་ཉུང་ཡིན་པ་རེད། དེར་མ་ཟད། བཀྲ་ཤིས་དབང་ཕྱུག་ལ་ཁྲིམས་འགལ་གྱི་ནག་ཉེས་བཙུགས་པའི་གནད་དོན་མངོན་གསལ་དོད་པོ་ཆགས་པ་དེས། རྒྱ་ནག་དམར་ཤོག་སྲིད་གཞུང་གིས་ཕྱི་ལོ་༢༠༡༢ ལོར་ཉེས་དོན་གཏུག་བཤེར་བཅའ་ཁྲིམས་ལ་བཟོ་བཅོས་ཀྱི་ཁྲིམས་སྒྲིག་སྣ་ཚོགས་ལག་བསྟར་བྱས་ཏེ་འགྲོ་བ་མིའི་ཐོབ་ཐང་ཁག་ལ་བརྩི་བཀུར་དང་སྲུང་སྐྱོབ་བྱེད་ཁུལ་གྱིས་རྒྱལ་སྤྱིའི་སྟེང་དུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་སྔོན་ཐོན་རྒྱལ་ཁབ་ཡིན་རབས་ཀྱི་རྒྱ་ནག་གི་ཁྲིམས་ལུགས་ཁྲིམས་སྲོལ་གྱི་སྣང་བརྙན་འདྲ་ཆགས་པོ་བཟོ་བའི་འཆར་གཞི་དེ་ནམ་ཡང་འགྲུབ་ཐབས་མེད་པ་ཆགས་ཡོད།

འདི་ག་ལྟེ་གནས་ཁང་གི་ངོས་ནས་རྒྱ་གཞུང་གིས་བཀྲ་ཤིས་དབང་ཕྱུག་གང་བྱུང་བཀག་ཉར་ཁང་ནས་མྱུར་དུ་གློད་གྲོལ་གཏོང་དགོས་པར་མ་ཟད། ཁོང་ལ་འཕྲལ་དུ་འགྲོ་བ་མིའི་ཐོབ་ཐང་ཆ་ཚང་སྤྲོད་དགོས་པའི་ཛ་དྲག་གི་འབོད་སྐད་ཞུ་ཡི་ཡོད། བཀྲ་ཤིས་དབང་ཕྱུག་གང་བྱུང་བཀག་ཉར་བྱས་པ་དེས། རྒྱ་གཞུང་གི་དཔོན་རིགས་ཚོས་རྒྱབ་ཤ་དཀར་པོའི་དེབ་ནང་བོད་མིའི་སྐད་ཡིག་རིག་གཞུང་དང་བཅས་པ་ཡར་རྒྱས་ཆེན་པོ་བཏང་ཡོད་རབས་འཁོད་དེ། ཕྱིའི་རྒྱལ་ཁབ་ཁག་ནང་ཆེད་སྐྱོད་ཀྱིས་དྲིལ་སྒྲོག་ཤུགས་ཆེན་བྱེད་ཀྱིན་པ་དེའི་དམིགས་ཡུལ་གཙོ་བོ་ནི། རྒྱལ་སྤྱིའི་སྤྱི་ཚོགས་ལ་མགོ་གཡོག་མགོ་སྐོར་གཏོང་ཐབས་ཤིག་ཡིན་པ་གསལ་ཡོད།

ཕྱི་ལོ་༢༠༡༦ ཟླ་༡ ནང་གང་བྱུང་འཛིན་བཟུང་བྱས་པ་ནས་བཟུང་བཀྲ་ཤིས་དབང་ཕྱུག་གི་འགྲོ་བ་མིའི་ཐོབ་ཐང་ལ་ཚད་མི་འདྲ་བའི་རྡོག་རོལ་ཚབས་ཆེན་བཏང་ཡོད་ལ། དེའི་ནང་དུ་གང་བྱུང་བཀག་ཉར་དང་མནར་གཅོད། མི་སྤྱོད་ལས་འདས་པའི་གདུག་རྩུབ། བཙན་དབང་གིས་ཉེས་འཛུགས་ཁས་ལེན་དུ་འཇུག་པ། དྲང་བདེན་མིན་པའི་ཁྲིམས་བཤེར་བྱས་པ་སོགས་ཚུད་ཡོད། སོ་སོའི་སྐད་ཡིག་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་ལས་དོན་ཞུ་གཏུག་གནང་མཁན་ལ་ནག་ཉེས་བཙན་འགེལ་བྱེད་པ་གླིང་ན་ཡོད་པ་མ་རེད། བཀྲ་ཤིས་དབང་ཕྱུག་མུ་མཐུད་གང་བྱུང་བཀག་ཉར་བྱེད་པ་དེ་ནི་འགྲོ་བ་མིའི་ཀུན་སྤྱོད་དང་འགལ་བའི་རྒྱ་ནག་དམར་ཤོག་སྲིད་གཞུང་གི་ངོ་ཚ་དང་ཞབས་འདྲེན་ཆགས་ཡོད།

Check Also

བོད་ཀྱི་ཆབ་སྲིད་བཙོན་ཟུར་བློ་གྲོས་རྒྱ་མཚོས་ཞི་རྒོལ་གནང་བར་ལོ་༡༨ དང་བཟའ་ཟླ་དགའ་སྐྱིད་ཀྱིས་བརྙན་ཐུང་བླངས་པར་ལོ་༢ ཀྱི་ཁྲིམས་ཐག་བཅད་འདུག  

འདི་ག་ལྟེ་གནས་ཁང་གི་ངོས་ནས་རྒྱ་གཞུང་གིས་བོད་ས་བཅད་བཟུང་ལྟར་བྱས་ན། ཁམས་ནག་ཆུ་ས་ཁུལ་གྱི་སོག་རྫོང་ནས་ཡིན་པའི་ཆབ་སྲིད་བཙོན་ཟུར་སོག་མཁར་བློ་གྲོས་དང་ཁོང་གི་བཟའ་ཟླ་དགའ་གཉིས་ས་གནས་གང་དུ་བཀག་ཉར་གཙོན་འཇུག་དང་། གནས་སྟངས་ཅི་འདྲ་ཡིན་པ། ལྷག་པར་དུ་རྒྱ་གཞུང་གིས་ཁོང་གཉིས་ལ་མི་ལོ་༡༨ དང་མི་ལོ་༢ བཅས་ཀྱི་གསང་བའི་ཁྲིམས་ཐག་བཅད་པར་སེམས་ཁྲལ་བྱེད་བཞིན་ཡོད། འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་༢༠༡༨ ལོར་ད་ལྟ་རང་ལོ་༥༧ ཡིན་པའི་བློ་གྲོས་རྒྱ་མཚོ་དང་བཟའ་ཟླ་དགའ་སྐྱིད་གཉིས་ལ་གསང་བའི་ཐོག་ནས་ཁྲིམས་ཆད་བཅད་ཡོད་པ་དང་། དེ་ཡང་བློ་གྲོས་རྒྱ་མཚོས་ཕོ་བྲང་པོ་ཏ་ལའི་མདུན་དུ་དམར་ཤོག་སྲིད་གཞུང་ལ་ཁེར་རྐྱང་ཞི་རྒོལ་གནང་སྐབས། རྒྱ་གཞུང་གིས་ཁོང་གང་བྱུང་བཀར་ཉར་བྱས་ཡོད། འདི་ག་ལྟེ་གནས་ཁང་གི་ཐེངས་སྔོན་མའི་གནས་ཚུལ་ནང་དུ། ཕྱི་ལོ་༢༠༡༨ ཟླ་༡ …