Thursday , February 21 2019
Home / གསར་འགྱུར། / རུལ་སུངས་ཐེར་འདོན་པ་གྲགས་ཅན་ཁོང་ལ་ཁྲིམས་བཤེར་མ་བརྒྱུད་པར་མུ་མཐུད་བཀག་ཉར་བྱས་རྐྱེན་ས་གནས་བོད་མིས་ཁོང་གློད་གྲོལ་གཏོང་དགོས་བའི་འབོད་སྐུལ་ཞུས།

རུལ་སུངས་ཐེར་འདོན་པ་གྲགས་ཅན་ཁོང་ལ་ཁྲིམས་བཤེར་མ་བརྒྱུད་པར་མུ་མཐུད་བཀག་ཉར་བྱས་རྐྱེན་ས་གནས་བོད་མིས་ཁོང་གློད་གྲོལ་གཏོང་དགོས་བའི་འབོད་སྐུལ་ཞུས།

འདས་ལོའི་ཕྱི་ཟླ་༩ བ་ནས་བཟུང་མགོ་ལོག་དགའ་བདེ་རྫོང་སྤྱི་བདེ་མི་སྣས་ས་གནས་སྲིད་གཞུང་གི་རུལ་སུངས་ཐེར་འདོན་པ་གང་བྱུང་བཀག་ཉར་བྱས་སྟབས། བོད་མི་བརྒྱ་ཕྲག་མང་པོས་ལག་སོན་ཞུ་ཡིག་གསུམ་ཕུལ་ནས་ཁོང་མྱུར་དུ་གློད་གྲོལ་གཏོང་དགོས་པའི་ཞུ་འབོད་གནང་ཡོད།

ན་ནིང་ཕྱི་ཟླ་༩ ཚེས་༤ ཉིན་གྱི་ཕྱི་དྲོར་དགའ་བདེ་རྫོང་སྤྱི་བདེ་མི་སྣས་མཚོ་སྔོན་མགོ་ལོག་གི་མགྱོགས་བགྲོད་གཞུང་ལམ་ཁར་རང་ལོ་༤༧ ཡིན་པའི་ཨ་ཉ་སེང་སྒྲ་གང་བྱུང་འཛིན་བཟུང་གིས་གཅར་རྡུང་དང་བཀག་ཉར་བྱས་ཡོད་པ་རེད།

གོང་ཞུས་ཞུ་ཡིག་དེ་དག་ལ་མགོ་ལོག་དགའ་བདེ་རྫོང་རྐྱང་ཆད་ཡུལ་ཚོ་དང་གོང་སྨད་ཡུལ་ཚོ། གངས་ལུང་ཡུལ་ཚོ་བཅས་ཀྱི་ས་གནས་མི་མང་གིས་མིང་རྟགས་བཀོད་ནས་ཞུ་འབོད་གནང་འདུག ཞུ་ཡིག་དེ་དག་གིས་རང་མིན་ཉེ་ཆར་འདི་ག་ལྟེ་གནས་ཁང་ནས་རྒྱ་གཞུང་གིས་རུལ་སུངས་ཐེར་འདོན་པ་ཨ་ཉ་སེང་སྒྲར་ཁྲིམས་བཤེར་མ་བརྒྱུད་པར་ཉེས་འཛུགས་བཀག་ཉེར་བྱས་པ་དེ་ནི་སྤྱི་ཚོགས་ནང་དཀྲུག་རྐྱེན་བཟོས་པ་ཞེས་པའི་ནག་མེད་ཉེས་འཛུགས་དང་འབྲེལ་བ་ཅི་ཡང་མེད་པའི་གནས་ཚུལ་སྤེལ་བ་དེ་བདེན་དཔུང་ར་སྤྲོད་བྱས་ཡོད། ཨ་ཉ་སེང་སྒྲའི་འཐབ་རྩོད་དེ་ནི། མང་ཚོགས་ཀྱི་སྤྱི་དངུལ་ཧམ་ཟ་བྱེད་མཁན་ས་གནས་སྲིད་གཞུང་གི་དཔོན་རིགས་ཚོར་མཚོན་ན་ཉེན་ཁ་ཆེན་པོ་ཞིག་ཆགས་ཡོད་པ་རེད།

ཨ་ཉ་སེང་སྒྲས་གོང་རིམ་དཔོན་རིགས་ཚོར་ཞུ་གཏུག་གནང་བ་བརྒྱུད་ནས་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་མང་པོ་ཞིག་ཐག་གཅོད་ཐུབ་ཡོད་ནའང་། ཁོང་ལ་ཁྲིམས་བཤེར་མ་བརྒྱུད་པར་མུ་མཐུད་བཀག་ཉར་བྱས་པ་དེ་ནི་ཁྲིམས་མཐུན་ཡིན་མིན་ས་གནས་བོད་མིས་དོགས་གཞི་གནང་མུས་ཡིན་པ་རེད། དཔེར་ན། གོང་སྨད་ཡུལ་ཚོའི་མི་མང་གི་ཞུ་ཡིག་ནང་དུ། ཨ་ཉ་སེང་སྒྲ་འཛིན་བཟུང་བྱས་རྗེས། ས་གནས་སྲིད་གཞུང་གིས་མང་ཚོགས་ཀྱི་ཁང་པ་ཞིག་གསོའི་མ་དངུལ་དང་མ་མཐའི་འཚོ་བའི་ཁ་གསབ་སོགས་བྲེལ་འཚུབ་ཀྱི་སྒོ་ནས་སྤྲད་སོང་སྐོར་བརྗོད་ཡོད། ཨ་ཉ་སེང་སྒྲས་ས་གནས་སྲིད་གཞུང་གི་ལྐོག་ཟ་རུལ་སུངས་ཐེར་འདོན་ལས་འགུལ་སྤེལ་རྗེས། ན་ནིང་གངས་ལུང་ཡུལ་ཚོའི་མིང་ཚོགས་ལ་ནགས་དང་རྩྭ་སའི་ཁ་གསབ་མ་དངུལ་སྤྲད་ཡོད་འདུག

ས་གནས་མི་མང་གི་ཞུ་ཡིག་ཁག་ནང་ས་གནས་སྲིད་གཞུང་གིས་ཨ་ཉ་སེང་སྒྲར་ནག་མེད་ཉེས་འཛུགས་དང་ཡུན་རིང་བཀག་ཉར་བྱེད་བཞིན་པར་སྐྱོན་བརྗོད་གནང་ཡོད་ལ། ཞུ་ཡིག་ཁག་གི་ནང་དུ། ཨ་ཉ་སེང་སྒྲས་སྲིད་འཛིནན་ཞི་ཅིན་ཕིན་གྱི་སྤྱི་དམངས་འབྱོར་འབྲིང་ལ་བསྐྱོད་ཐུབ་དགོས་པའི་དམ་བཅའ་དེར་རྒྱབ་སྐྱོར་གྱི་ཚུལ་དུ་རུལ་སུངས་ལ་རྒོད་གཏམ་བཏང་བ་ལས་ཁྲིམས་མེད་ལུགས་མེད་ཀྱི་བྱ་བ་གཅིག་ཀྱང་ལས་མེད་པས། ཁོང་མྱུར་དུ་གློད་གྲོལ་གཏོང་དགོས་པའི་ཞུ་འབོད་གནང་འདུག རེ་འབོད་ཞུ་ཡིག་འདི་དག་མ་ཟད། རྒྱ་གཞུང་གིས་ཨ་ཉ་སེང་སྒྲ་གང་བྱུང་འཛིན་བཟུང་གིས་མུ་མཐུད་བཀག་ཉར་བྱེད་ཀྱིན་པ་དེས། རྒྱ་ནག་ནང་ཁྲིམས་ཀྱི་དབང་སྒྱུར་མེད་པར་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་ཁྲིམས་མེད་ལུགས་མེད་ཀྱིས་དབང་སྒྱུར་བྱེད་བཞིན་པ་ཁུངས་སྐྱེལ་ར་སྤྲོད་གནང་ཡོད།

ཨ་ཉ་སེང་སྒྲ་གང་བྱུང་འཛིན་བཟུང་དང་བཀག་ཉར་བྱེད་བཞིན་པར་དམིགས་བསལ་དོ་སྣང་དང་ཁོང་མྱུར་དུ་གློད་གྲོལ་གཏོང་དགོས་པར་རྒྱབ་སྐྱོར་ཞུ་དགོས་པ་ཞིག་ཆགས་ཡོད། རྒྱུ་མཚན་ནི། བོད་ནང་གི་འབྲོག་པ་མང་ཚོགས་ལ་དྲང་བདེན་མིན་པ་དང་། རྒྱ་ནག་དམར་ཤོག་སྲིད་གཞུང་གི་འཕེལ་རྒྱས་ལོག་སྤྱོད་སྲིད་ཇུས་འོག་ཏུ། བོད་ཀྱི་འབྲོག་སྡེ་མང་པོ་མེད་པ་ཆགས་བཞིན་ཡོད་དེ། གཅིག་ནས། རྒྱ་ནག་དམར་ཤོག་གཞུང་གིས་ས་གནས་མང་ཚོགས་ཀྱི་ཆོག་མཆན་མེད་པར་བཙན་གྱིས་འབྲོག་རུ་གནས་སྤོར་དང་རྩྭ་ས་བཙན་འཕྲོག་བྱེད་བཞིན་ཡོད། གཉིས་ནས། དམར་ཤོག་སྲིད་གཞུང་གིས་འབྲོག་རུ་གནས་སྤོར་བཏང་ནས་མང་ཚོགས་བདག་དབང་ཡོད་པའི་རྩྭ་སའི་ཁ་གསབ་སྤྲོད་ཀྱིན་མེད་པ། གསུམ་ནས། ས་གནས་མི་མང་གིས་ས་གནས་སྲིད་གཞུང་ལ་ཁྲལ་འབོར་ཆེན་འཇལ་དགོས་པ། བཞི་ནས། འབྲོག་མི་སེང་སྒྲས་ཞི་བའི་སྒོ་ནས་ས་གནས་སྲིད་གཞུང་གི་དྲང་བདེན་མིན་པའི་རུལ་སུངས་ཀྱི་གནད་དོན་ཐེར་འདོན་གནང་བར་བརྟེན་ནས། ཁོང་ལ་ཁྲིམས་བཤེར་མ་བརྒྱུད་པར་བཙོན་འཇུག་བྱས་ཡོད་པ་རེད།

འདི་ག་ལྟེ་གནས་ཁང་གི་ངོས་ནས། ས་གནས་བོད་མི་ཚོས་ས་གནས་སྲིད་གཞུང་གི་དྲང་བདེན་མིན་པའི་གནད་དོན་གླེང་སློང་དང་ཞུ་འབོད། བློ་སྤོབས་ཆེན་པོས་མང་ཚོགས་ལ་སྐུལ་ལྕག་དང་རྒྱ་ནག་དམར་ཤོག་སྲིད་གཞུང་གི་ཡ་ལན་ལ་ཁ་གཏད་གཅོག་མཁན་ཨ་ཉ་སེང་སྒྲའི་རྒྱབ་རྩར་འགྲེང་བ་དེ་ལ་རྗེས་སུ་ཡི་རངས་ཞུ་ཡི་ཡོད། རྐྱང་ཆད་ཡུལ་ཚོའི་མི་མང་གི་ཞུ་འབོད་ལྟར། འདི་ག་ལྟེ་གནས་ཁང་གིས། མགོ་ལོག་དགའ་བདེ་རྫོང་སྤྱི་བདེ་མི་སྣས་ཉེས་མེད་ཨ་ཉ་སེང་སྒྲར་མི་སྤྱོད་ལས་འདས་པའི་གདུག་རྩུབ་དང་མནར་གཅོད་མི་གཏོང་བའི་ཛ་དྲག་གི་འབོད་སྐུལ་ཞུ་ཡི་ཡོད། རྒྱ་ནག་དམར་ཤོག་གཞུང་གི་སྤྱི་བདེ་ཉེན་རྟོག་པ་ཚོས་ཁྲིམས་བཤེར་མ་བྱས་སྔོན་ནས་ཉེས་འཛུགས་མནར་གཅོད་ལག་ལེན་བསྟར་བཞིན་ཡོད་པ་ལྟར། འདི་ག་ལྟེ་གནས་ཁང་གི་བློ་འཚབ་ཆེ་ཤོས་དེ་འབྲོག་མི་སེང་སྒྲའི་འཕྲོད་བསྟེན་བདེ་ཐང་ཆགས་ཡོད། རྒྱ་ནག་དམར་ཤོག་སྲིད་གཞུང་གི་རྩ་ཁྲིམས་འོག་ཏུ་རྒྱལ་ཁབ་བདེ་འཇགས་དང་འབྲེལ་བའི་ཉེས་དོན་ཁྲོད་དུ་ཁྲིམས་བཤེར་མ་བྱས་སྔོན་གྱི་བཀག་ཉར་དུས་ཡུན་ཟླ་༦ བཟོས་ཡོད་ཅིང་། རྒྱ་གཞུང་གིས་ཁྲིམས་བཤེར་མ་བརྒྱུད་པར་དུས་ཡིན་རིང་བོར་ཨ་ཉ་སེང་སྒྲ་བཀག་ཉར་བྱས་པ་དེ་ཁྲིམས་མཐུན་ཡིན་མིན་དོགས་གཞི་བྱེད་གཞི་ཆགས་ཡོད། ཞུ་ཡིག་ནང་གསལ་ལྟར། ས་གནས་བོད་མི་བརྒྱ་ཕྲག་མང་པོས་ཨ་ཉ་སེང་སྒྲས་ཁྲིམས་འགལ་ཅི་ཡང་བྱས་མེད་པར། རྒྱ་ནག་དམར་ཤོག་ཚོགས་པ་དང་སྲིད་གཞུང་གིས་འབྲོག་མི་ཨ་ཉ་སེང་སྒྲ་འཛིན་བཟུང་གིས་ཁྲིམས་འགལ་ལུགས་འགལ་བྱས་པ་ཁུངས་སྐྱེལ་ར་སྤྲོད་གནང་ཡོད།

རྐྱང་ཆད་ཡུལ་ཚོ་དང་གངས་ལུང་ཡུལ་ཚོ། གོང་སྨད་ཡུལ་ཚོ་བཅས་ཀྱི་ཞུ་ཡིག་ཁག་གཤམ་གསལ།

 

༼རེ་ཞུའི་ཡི་གེ༽

 

མགོ་ལོག་ཁུལ་མི་དམངས་ཞིབ་དཔྱོད་ཁང་དང་འབྲེལ་ཡོད་ཀྱི་ལས་ཁུངས་དག་ལ་ཞུ་གསོལ།

ཆེད་ཞུའི་ནང་དོན་ཨ་ཉ་སེང་སྒྲ་ལགས་ནི་མི་དམངས་མང་ཚོགས་ཀྱི་ཆེད་དུ་བཀག་ཉར་བྱས་ཡོད་པ་འདི་ཁོ་བོའི་སྒེར་དོན་ཙམ་མིན་པར་སྤྱི་འབངས་ཀྱི་འཚོ་བ་དང་ཀྲུང་གོ་གུང་ཁྲན་ཏང་གི་བཅའ་ཁྲིམས་ལ་རམ་འདེགས་དང་བློ་མཐུན་ཞི་ཅིན་ཕིན་གྱིས་ཁྲིམས་ལུགས་ལ་རྒྱབ་སྐྱོར་གྱི་སྒོ་ནས་ཡར་ལང་བ་མ་གཏོགས་ཆབ་སྲིད་ཀྱི་འདུ་ཤེས་དང་རྒྱལ་ཁབ་ལ་ངོ་རྒོལ་བའི་བྱ་བ་གཅིག་ཀྱང་སྒྲུབ་མྱོང་དང་བཤད་མྱོང་ཡོད་པ་མ་རེད།

ཁོ་བོ་འཛིན་བཟུང་བྱས་པ་ནས་བཟུང་ང་ཚོའི་སེམས་བདེ་ལ་འབབ་ཐུབ་ཀྱི་ཡོད་པ་མ་རེད། རྒྱུ་མཚན་ཁོ་བོ་ནི་དམངས་ཀྱི་ཆེད་དུ་འཛིན་བཟུང་བྱས་པ་རེད། ཁོ་བོ་འཛིན་བཟུང་བྱས་པ་ནས་བཟུང་རྒྱལ་ཁབ་ཀྱི་རྣམ་གྲངས་མང་པོ་ཞིག་ཁོ་བོའི་བཤད་པ་ལྟར་མི་དམངས་ལ་སྤྲད་སོང་། དཔེར་ན། སྔོན་མ་དམའ་སྐྱོང་དག་ལ་ཁང་པ་རེ་ཡོད་ཚེ་དམགས་སྒོར་ཁྲི་རེ་ཡར་སྤྲོད་དགོས་པའི་མ་ཚད། ཁང་པ་ལས་ས་ཡང་སྲིད་གཞུང་གིས་བཀོད་སྒྲིག་བྱེད་པ་ལས་མང་ཚོགས་ལ་དབང་ཆ་ཅི་ཡང་མེད།

དེ་རིང་ཁར་རྩང་གོང་སྨད་ཡུལ་ཚོའི་དམའ་སྐྱོང་དག་ལ་ཁང་པ་ལྔ་བཅུ་ཡས་མས་བཀོད་སྒྲིག་བྱས་ཡོད་པའི་མ་ཚད་མང་ཚོགས་ཀྱིས་སྐར་གང་ཡང་ཡར་སྤྲོད་དགོས་པ་མ་རེད། ད་དུང་ཁང་པ་འདི་དག་ས་གནས་གང་ཞིག་ལ་ལས་དགོས་ཀྱང་མང་ཚོགས་རང་གི་དབང་ཆ་རེད། ད་རུང་ཁང་པ་ཞིག་གསོའི་མ་དངུལ་དང་མ་མཐའི་འཚོ་བའི་ཁ་གསབ་སོགས་བྲེལ་འཚུབ་ཀྱིས་སྒོ་ནས་སྤྲད་ཡོད། འདི་དག་ཚང་མ་ཨ་ཉ་སེང་སྒྲའི་བྱས་རྗེས་བླ་མེད་ཡིན་པ་མང་ཚོགས་ཀྱིས་ངོས་ཟིན་ཡོད།

བློ་གཟི་བོར་གནས་པའི་རང་རེའི་མགོ་ལོག་གི་མི་དམངས་ཁྲིམས་ཁང་དང་མི་མདངས་ཞིབ་དཔྱོད་ཁང་དེ་ལ་འབྲེལ་ཡོད་ཀྱི་ལས་ཁུངས་དག་གིས་ཁོང་གི་གྱོད་གཞི་འདི་ལས་རྒྱུ་འབྲས་དང་ཁྲིམས་མཐུན་གྱི་ངང་ནས་མ་ཉེས་ཁ་གཡོགས་མི་ཤོར་བར་ཐག་གཅོད་ཡག་པོ་དང་ཁོང་ཉིད་མྱུར་དུ་ཁྲིམས་གྲོལ་གཏོང་རྒྱུ་མང་ཚོགས་ཁྲི་སྟོང་མང་པོས་རེ་འབོད་ཆེན་པོ་བྱེད་བཞིན་ཡོད།

སྔོན་མའང་སེང་སྒྲ་ཁོང་ཉིད་ཀྱིས་མགོ་ལོག་མི་དམངས་ཞིབ་དཔྱོད་ཁང་ལ་ཡར་ཞུ་བྱས་པ་ལྟར་ངེད་ཅག་གིས་ཀྱང་དེ་ལྟར་ཁོང་ཉིད་ཁྲིམས་གྲོལ་དང་མང་ཚོགས་ཀྱི་བདེ་སྡུག་ལ་གཟིགས་སྐྱོང་གནང་རྒྱུ་ཁྱེད་འགོ་ཁྲིད་དག་གིས་ཐུགས་ལ་འཛིན་པར་འཚལ།

༢༠༡༨ ༡༠ ༢༨ ཉིན་རང་རེའི་མགོ་ལོག་ཁུལ་ལ་གོང་སྨད་མང་ཚོགས་ཀྱི་རེ་ཞུའི་ཡི་གེ་འདི་ཁྲིམས་མཐུན་ལུགས་མཐུན་གྱི་སྒོ་ནས་ཕུལ་བ་ལགས།

 

༼རེ་ཞུའི་ཡི་གེ༽

 

རང་རྒྱལ་གྱི་རྩ་ཁྲིམས་གཙུགས་འཛིན་གྱིས་མི་དམངས་ཀྱི་རེ་འདུན་ཅི་འདོད་སྐོང་བའི་རང་རེའི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་འགོ་ཁྲིད་དམ་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ལ་ཞུས་པའི་ཞུ་ཡིག

<ཏང་དང་མི་དམངས་ཀྱི་སེམས་པ་ནི་ནམ་ཡང་གཅིག་དུ་སྦྲེལ་>ཞེས་པའི་རྩ་དོན་ལ་གཞི་བཅོལ་མཁན་ཨ་ཉ་སེང་སྒྲ་ལགས་ཀྱིས་དམངས་ཀྱི་འདོད་འདུན་དང་ཏང་གི་བཅའ་ཁྲིམས་ལ་རམ་འདེགས་གནང་སྟེ་སྐད་ཆ་གླེང་བ་ལས་ཕྱོགས་གཉིས་འགལ་བའི་དཀྲོགས་གཏམ་ཅི་ཡང་གནང་མེད། ལྷག་པར་དུ་རང་རྒྱལ་གྱི་ཀྲུའུ་ཅི་ཞིན་ཅིན་ཕིན་གྱིས་དམིགས་འདུན་མངོན་འགྱུར་ཡོང་ཆེད་དང་ཁོང་གི་སྤྱི་དམངས་འབྱོར་འབྲེང་ལ་བསྐྱོད་ཐུབ་དགོས་པའི་དམ་བཅའ་དེར་རྒྱབ་སྐྱོར་གྱི་ཚུལ་དུ་རུལ་སུངས་ལ་རྒོད་གཏམ་བཏང་བ་ལས་ཁྲིམས་མེད་ལུགས་མེད་ཀྱི་བྱ་བ་གཅིག་ཀྱང་ལས་མེད།

དཀའ་སྤྱོད་སྡུག་རུས་ལ་མགོ་བོ་མི་སྒུར་བར་མེས་རྒྱལ་དར་རྒྱས་ལ་འབད་འཐབ་ལྷོད་མེད་གནང་བའི་ཡུལ་མགོ་ལོག་གི་མི་དམངས་ཀྱི་སྣེ་ཁྲིད་བཟང་བོ་ཨ་ཉ་སེང་སྒྲ་ལགས་ནི་ཏང་ཡོན་ཡང་དག་གི་དམ་བཅའ་ལྡན་པའི་སྤྱི་སེམས་ཁོ་ནའི་ཆེད་དུ་ཁ་ཙམ་མ་ཡིན་པར་དངོས་དོན་ལག་ལེན་ལ་འབད་པའི་ཏང་ལ་བློ་དཀར་བའི་སྐྱེ་བུ་དཔའ་མཛངས་ལྡན་པ་ཞིག་རེད།

མདོར་ན་<རུལ་སུངས་>ཞེས་པ་ནི་རྒྱལ་ཁབ་ཞིག་ལ་མཚོན་ན་འགལ་རྐྱེན་བཟོ་བའི་རྨང་གཞི་དང་སྤྱི་དམངས་ཞིག་ལ་མཚོན་ན་འཚོ་གནས་ཡར་རྒྱས་མེད་པའི་བཀག་རྡོ་ཞིག་རེད། དེའི་ཕྱིར་ན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས་ནན་གྱིས་གསུང་དོན་<རྒྱལ་ཁབ་སྟོབས་འབྱོར་ལྡན་ན། མི་རིགས་བདེ་ཞིང་སྐྱིད། སྤྱི་དམངས་འབྱོར་འབྲིང་བསྐྱོད་ན། རུལ་སུངས་རྩ་མེད་གཏོང་།>ཞེས་པ་རྩ་གནད་དུ་བཟུང་ནས་ཨ་ཉ་སེང་སྒྲ་ལགས་དཀའ་ཚེགས་ཅི་འདྲ་ཆེ་ཡང་དམངས་ཀྱི་དོན་དུ་ཞུམ་མེད་སྙིང་སྟོབས་མངའ་བའི་མྱི་བུ་ལྷག་བསམ་ཅན་ཞིག་ཡིན།

ཉིས་སྟོང་བཅུ་ནས་བཟུང་ཡུལ་ཚོ་གཞན་དག་གི་འབྲོག་དམངས་ལ་གོང་རིམ་གྱིས་གནང་བའི་ནགས་དང་སྤང་གི་རྩྭ་སའི་ཁ་གསབ་མ་དངུལ་དུད་ཁྱིམ་རེ་རེ་ལ་བྱང་བུ་རེ་བཟོས་ཡོད་ཀྱང་། ངེད་གངས་ལུང་ཡལ་ཚོའི་འགོ་ཁྲིད་དག་གིས་འབྲོག་དམངས་ཀྱི་བྱང་བུ་འདི་དག་མང་ཚོས་ལ་མ་སྤྲད་པར་ལོ་དུ་མ་ཞིག་ལ་མ་དངུལ་ལག་དགོས་བྱས་པ་རེད།

ཨ་ཉ་སེང་སྒྲའི་ཞུ་གཏུག་གི་གོ་རིམ་ཁྲོད་ནས་ནུས་ཤུགས་འབུར་ཐོན་བྱུང་དེ་ད་ལོ་ངེད་གངས་ལུང་གི་རྩྭ་སའི་ཁ་གསབ་མ་དངུལ་བྱང་བུ་འབྲོག་དམངས་ཚོར་སྤྲད་པ་འདི་ཨ་ཉ་སེང་སྒྲའི་བྱས་རྗེས་ཡིན། དེ་མིན་གངས་ལུང་ཡུལ་ཚོའི་སྲིད་གཞུང་ལ་ལོ་རེ་རེ་༼ནང་བཙོང་༽གི་ཁྲལ་འཇལ་དགོས་པས་མིང་ཚོགས་ལ་དཀའ་ངལ་རབ་ཏུ་ཆེ། འདི་ནི་གངས་ལུང་ཡུལ་ཚོ་ས་ཡིན་པའི་༼དང་འདྲ་བའི་༽ཡུལ་ཚོ་གཞན་དག་ཡང་འདི་ལྟ་བུའི་དམངས་རྒྱུ་ཟ་བའི་ཧམ་སེམས་ཡོད།

ཨ་ཉ་སེང་སྒྲ་ལགས་ཀྱིས་གོང་ལ་ཞུ་གཏུགས་སམ་རུལ་སུངས་བའི་སྐྱོན་ཆ་ཐེར་འདོན་བྱས་པ་ནས་བཟུང་མང་ཚོགས་ཀྱིས་སྲིད་གཞུང་ལ་ཁྲལ་འཇལ་དགོས་པའི་དོན་དག་རྣམས་མེད་པར་གྱུར། འདི་ནི་ཨ་ཉ་སེང་སྒྲའི་བྱས་རྗེས་ཡིན།

ཨ་ཉ་སེང་སྒྲས་སྒྲུབ་པའི་རྩ་དོན་གཙོ་བོ་ནི་གུང་ཁྲན་ཏང་གི་བཅའ་ཁྲིམས་དག་མང་ཚོགས་ཁྲོད་དྲིལ་བསྒྲགས་བྱས་ཏེ་མང་ཚོགས་ཚོར་གོ་རྟོགས་སད་དུ་བཅུག་ནས་གུང་ཁྲན་ཏང་ལ་བྱས་རྗེས་འཇོག་དགོས་པའི་སྐུལ་མ་བཏང་སྟེ། ལྷག་པར་དུ་ཞི་ཅིན་ཕིན་གྱིས་མི་དམངས་ལ་གནང་བའི་ཁེ་དབང་དང་གུང་ཁྲན་ཏང་གིས་ང་ཚོ་ལ་གནང་བའི་དཔལ་འབྱོར་དེ་ཆུད་ཟོས་སུ་འགྲོ་རུ་མ་བཅུག་པར་རུལ་སུངས་ཀྱི་སྐྱོན་ཆ་ཐེར་འདོན་བྱས་ཏེ་གུང་ཁྲན་ཏང་ལ་བྱས་རྗེས་བཞག་ཡོད། བརྒྱུད་རིམ་འདིའི་ཁྲོད་ནས་རུལ་སུངས་ཀྱིས་ཁོ་བོ་མ་ཉེས་ཁ་གཡོག་གིས་ཁྲིམས་ལ་བཟུང་བ་ཐེངས་གཅིག་ག་ལ་ཡིན།

དེས་ན་ངེད་གངས་ལུང་ཡུལ་ཚོའི་མི་དམངས་ཀྱིས་རེ་འདོད་གཙོ་བོ་དེ་ཨ་ཉ་སེང་སྒྲ་མྱུར་དུ་ཁྲིམས་གྲོལ་གཏོང་རྒྱུ་དང་། <ཏང་གི་བརྩེ་བ་>དམངས་ལ་གནང་རྒྱུ་ཡུལ་མགོ་ལོག་གི་འགོ་ཁྲིད་བཟང་བོ་དག་གིས་ཐུགས་ལ་འཛིན་པར་འཚལ།

༢༠༡༨ ༡༡ ༡༩ ཉིན་གངས་ལུང་ཡུལ་ཚོའི་མི་དམངས་མང་པོ་ཞིག་གིས་མགོ་ལོག་སྲིད་གཞུང་ལ་ཕུལ་བའི་ཞུ་ཡིག

 

རེ་ཞུའི་ཡི་གེ

ཀྲུང་གོ་གུང་ཁྲན་ཏང་གི་ཁྲིམས་འཛིན་ལས་ཁུངས་དང་འབྲེལ་ཡོད་ཀྱི་ལས་བྱེད་པ་རྣམ་པ་ལགས། ངེད་རྐྱང་ཆད་ཡུལ་ཚོས་ཨ་ཉ་སེང་སྒྲ་ལགས་ནི་ངེད་མི་དམངས་མང་ཚོགས་ཀྱི་གུང་བཀུར་དང་སྡོད་ཁང་དངུལ་སྒོར་སོགས་རྩིས་སྤྲོད་བྱེད་དགོས་པའི་ཐད་ནས་མི་དམངས་མང་ཚོགས་ཀྱི་ཚབ་བྱས་ཏེ་རེ་ཞུ་བྱས་པ་ཙམ་ལས་ཁོང་ལ་ནར་གཅོད་དང་གཅར་རྡུང་མེད་པ་དང་མྱུར་དུ་ཁྲིམས་ནས་གཏོང་བ་ལ། ངེད་མི་དམངས་མང་ཚོགས་ཡོངས་ནས་རེ་ཞུ་བྱས་པ་ཡིན།

ཕྱི་ལོ་༢༩༡༨ ཟླ་ x ཚེས་ x ཉིན།

ངེད་མི་དམངས་མང་ཚོགས་ཡོངས་ནས་རེ་ཞུ་བྱས་པ་ཡིན།

About Tibetan Section TCHRD

Check Also

༢༠༡༨ ལོའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་འདི་ག་ལྟེ་གནས་ཁང་གིས་སྤེལ་བའི་བསྒྲགས་གཏམ།

“འགན་སྲུང་མེད་པར་ངས་ཚོས་ཡར་རྒྱས་ལོངས་སུ་སྤྱོད་མི་ཐུབ་ལ། ཡར་རྒྱས་མེད་པར་ང་ཚོས་འགན་སྲུང་ལོངས་སུ་སྤྱོད་མི་ཐུབ། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་མེད་པར་ང་ཚོས་འགན་སྲུང་དང་ཡར་རྒྱས་གང་ཡང་ལོངས་སུ་སྤྱོད་མི་ཐུབ།” _________མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཟུར་བ་ཁོ་ཧྥེ་ཨ་ནན། དེ་རིང་ནི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་ནས་མི་ལོ་༧༠ འཁོར་བའི་རྗེས་དྲན་ཉིན་མོ་ཡིན་ཞིང་། ལོ་རྒྱུས་རང་བཞིན་གྱི་འགྲོ་བ་མིའི་ཐོབ་ཐང་གི་རྩ་འཛིན་ཡིག་ཆ་འདིའི་ནང་དུ། འགྲོ་བ་མི་ཚང་མར་སྤྱི་དམངས་དང་། དཔལ་འབྱོར། ཆབ་སྲིད། རིག་གཞུང་བཅས་ཀྱི་ཐོབ་ཐང་ཁག་འགན་ལེན་ཁག་ཐེག་བྱས་ཡོད། འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་ནི་འཛམ་གླིང་ཡོངས་ཁྱབ་རང་བཞིན་དང་། དབྱེ་འབྱེད་དང་ཟུར་ཕུད་གང་ཡང་མེད་པར་ཕན་ཚུན་གཅིག་ལ་གཅིག་བརྟེན་དང་ནམ་ཡང་ཁ་འབྲལ་ཐབས་མེད་པ་ཞིག་ཆགས་ཡིན། འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་ནས་མི་ལོ་༧༠ ཕྱིན་ཡང་འཛམ་གླིང་སྒང་འདིར་ཐོབ་ཐང་ལ་སྲུང་སྐྱོབ་དང་ཡར་རྒྱས། …