Wednesday , May 22 2019
Home / གསར་འགྱུར། / བོད་མི་ཞིག་གིས་རྒྱ་གཞུང་གི་དྲག་གནོན་སྲིད་ཇུས་ལ་རང་སྲེག་ཞི་འབོད་གནང་ནས་འདས་གྲོངས་སུ་གྱུར།

བོད་མི་ཞིག་གིས་རྒྱ་གཞུང་གི་དྲག་གནོན་སྲིད་ཇུས་ལ་རང་སྲེག་ཞི་འབོད་གནང་ནས་འདས་གྲོངས་སུ་གྱུར།

 

རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་སྲིད་ཇུས་ཤུགས་ཆེར་བཏང་བའི་རྐྱེན་གྱིས། ཟི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་རང་སྐྱོང་ཁུལ་ནང་བོད་མི་ཞིག་གིས་རང་སྲེག་ཞི་འབོད་གནང་ནས་འདས་གྲོངས་སུ་ཕྱིན་ཡོད་པ་རེད།

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་གསལ་ལྟར་ན། ཟླ་འདིའི་ཕྱི་ཚེ་༤ ཉིན་རང་ལོ་༢༣ ཡིན་པའི་རྡོ་པོ་ཞུ་བ་ཞིག་གིས། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་སྲིད་ཇུས་ལ་རང་སྲེག་ཞི་འབོད་གནང་ནས་འདས་གྲོངས་སུ་གྱུར་ཡོད་པ་དང་། རང་སྲེག་སྐབས་སུ་ཁོང་གིས། རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་བརྟན་དགོས། གསེར་ཞལ་མྱུར་ཏུ་མཇལ་བར་ཤོག ཅེས་ཞི་འབོད་གནང་བཞིན་འདས་གྲོངས་ཕྱིན་ཡོད་འདུག

རྡོ་པོ་ནི་རྒྱ་གཞུང་གིས་བོད་ས་བཅད་བགོས་ལྟར་བྱས་ན། མདོ་སྨད་རྔ་བ་རྫོང་ཆོ་རྗེ་མ་ཡུལ་ཚོའི་རུ་ཆེན་གཉིས་པ་བྱ་སྐོར་སྡེ་བ་ནས་ཡིན་པ་དང་། ཁོང་གི་ཕ་མིང་ལ་གཅོད་པ་དང་མ་མིང་ལ་འཕྲིན་ལས་སྐྱིད་ཞུ་བ་དང་། ཁོང་གི་ཨ་མ་ལོ་ཤས་གོང་ནས་གྲོངས་ཤིང་། དེང་སྐབས་ཁོང་ཨ་ཞང་འཇམ་དཔལ་གྲགས་པ་ཚང་དུ་སྡོད་ཡོད་ཅིང་། ཆོ་རྗེ་མ་ཡུལ་ཚོའི་བྱ་སྐོར་སྡེ་བ་ནི་ཕྱུགས་ཟོག་འཚོ་སྐྱོང་ལ་བརྟེན་པའི་འབྲོག་སྡེ་ཞིག་ཡིན་འདུག

རང་སྲེག་ཞི་འབོད་གནང་མཁན་རྡོ་པོ་ཡི་སྐུ་ཕུང་བཙན་འཕྲོག་བྱས་མིན་དང་། རང་སྲེག་གནང་ཡུལ། དེ་བཞིན་ཁོང་གི་ཤུལ་ལུས་ནང་མིའི་དངོས་ཡོད་གནས་སྟངས་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད།

འདི་ནི་ད་བར་ལག་སོན་བྱུང་བའི་མདོ་སྨད་རྔ་བ་ཁུལ་དུ་རང་སྲེག་ཞི་འབོད་གནང་མཁན་གྲངས་༤༡ པ་དང་བོད་ནང་དུ་རང་སྲེག་ཞི་འབོད་གནང་མཁན་གྲངས་༡༥༤ བ་དེ་ཆགས་ཡོད། བོད་ནང་གི་རང་སྲེག་ཞི་འབོད་ཐོག་པ་དེ་ཕྱི་ལོ་༢༠༠༩ ལོར་དགེ་འདུན་པ་བློ་བཟང་བཀྲ་ཤིས་ཀྱིས་རྔ་བ་ཁུལ་དུ་རང་སྲེག་ཞི་འབོད་གནང་བ་དེ་ཡིན་པ་རེད།

འདི་ག་ལྟེ་གནས་ཁང་གི་ངོས་ནས་བོད་མི་གཞོན་སྐྱེས་ཤིག་གིས་འདས་པའི་མི་ལོ་བཅུ་ཕྲག་མང་པོར་རྒྱ་གཞུང་གིས་ཐོག་འཛིན་པའི་དྲག་གནོན་སྲིད་ཇུས་ལ་རང་སྲེག་ཞི་འབོད་ཀྱིས་འདས་གྲོངས་ཕྱིན་པར་བློ་འཚབ་ཆེན་པོ་བྱེད་ཀྱིན་ཡོད། རྡོ་པོས་མཚོན་པའི་བོད་མི་ཚོས་རང་སྲེག་ཞི་འབོད་གནང་སྟེ། བོད་ནང་གི་བོད་མི་ཚོར་འདུ་འཛོམ་རང་དབང་དང་སྨྲ་བརྗོད་རང་དབང་གང་ཡང་མེད་པའི་དཀའ་སྡུག་དང་མངོན་འདོད་བརྗོད་ཡོད། རྒྱ་ནག་དམར་ཤོག་གཞུང་གི་དྲག་གནོན་སྲིད་ཇུས་འོག་ཏུ་བོད་མི་ཚོས་རང་སྲེག་ཞི་འབོད་གནང་ནས་འདས་གྲོངས་ཕྱིན་པ་ལྟར། རྒྱ་གཞུང་གིས་སྤྱི་དམངས་ཀྱི་ཐོབ་ཐང་ལ་འགན་སྲུང་བྱེད་དགོས། རྒྱ་གཞུང་གི་ནོར་ཁྲུལ་ཅན་གྱི་སྲིད་ཇུས་འོག་ཏུ་བོད་ནང་དུ་བོད་མི་༡༥༤ ཡིས་རང་སྲེག་ཞི་འབོད་གནང་བ་དང་། དེའི་གྲས་ནས་བོད་མི་༡༣༣ འདས་གྲོངས་ཕྱིན་ཡོད། རང་སྲེག་ཞི་འབོད་ཁྲོད་དུ་འདས་གྲོངས་ཕྱིན་པ་དང་རྨས་སྐྱོན་ཕོགས་པའི་གནད་དོན་དེས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་རྒྱ་ནག་དམར་ཤོག་གཞུང་ལ་སྐྱོན་བརྗོད་དང་ཉེས་ཆད་འགེལ་དགོས་པ་གསལ་བོར་བསྟན་ཡོད། རྒྱ་ནག་དམར་ཤོག་གཞུང་གིས་མྱུར་བ་མྱུར་ཏུ་བོད་མིའི་རང་སྲེག་ཞི་འབོད་ཀྱི་མངོན་འདོད་དང་དཀའ་སྡུག་སེལ་ཐབས་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་ཆགས་ཡོད།

Check Also

རྒྱལ་སྤྱིའི་ཕ་སྐད་ཉིན་མོར་སྐད་ཡིག་གི་ཆ་ནས་གྲངས་ཉུང་དུ་གྱུར་རིགས་ཀྱི་སྐད་ཡིག་གི་ཐོབ་ཐང་ཞེས་པའི་བོད་འགྱུར་སྙན་ཐོ་འགྲེམ་སྤེལ་བྱས།

ཕྱི་ལོ་༢༠༡༩ ལོར་འཛམ་གླིང་ཡུལ་ལུང་གང་སར་ཕྱི་ཟླ་༢ ཚེས་༢༡ ཉིན་ཏེ། རྒྱལ་སྤྱིའི་ཕ་སྐད་ཉིན་མོ་ཐེངས་༡༩ བ་སྲུང་བརྩི་ཞུས་ནས་སྤྱི་ཚོགས་ཡུན་གནས་དང་སྐད་ཡིག་རིག་གཞུང་སྣ་ཚོགས་ཀྱི་གལ་ཆེན་རིང་བཞིན་གསལ་སྟོན་གནང་གི་ཡོད་པ་རེད། ཕྱི་ལོ་༡༩༩༩ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རྩལ་རིག་གཞུང་ལས་འཛིན་ཚན་པས། བྷང་ལ་དྷེ་ཤཱིའི་ནང་ཕ་སྐད་སྲུང་སྐྱོབ་ཀྱི་ཞི་རྒོལ་ཁྲོད་དུ་སློབ་ཕྲུག་མང་པོ་དམར་གསོད་བཏང་བའི་ཉིན་མོ་དེ་ཐེངས་དང་པོར་རྒྱལ་སྤྱིའི་ཕ་སྐད་ཉིན་མོར་གཏན་འབེབས་གནང་བ་རེད། རྒྱལ་ཚོགས་ཀྱི་ཚོད་དཔག་ལྟར་ན། འཛམ་གླིང་སྒང་འདིར་སྐད་རིགས་མི་འདྲ་བ་༧༠༠༠ ཙམ་ཡོད་ཅིང་། སྐད་རིགས་དེ་དག་བཤད་མཁན་མི་གྲངས་ཉུང་ངུ་ཙམ་ལས་མེད་ཅིང་། སྐད་རིགས་རེ་གཉིས་སྤྱོད་མཁན་འཛམ་གླིང་གི་མི་གྲངས་མང་ཤོས་ཆགས་ཡོད་པ་དང་། སྐད་རིགས་མང་ཤོས་བཤད་མཁན་ནི་སྤྱི་ཚོགས་ཁྲོད་ནས་ཟུར་ཕུད་དང་ཆག་འཇིག་གི་ཉེན་ཁར་འཕྲད་པའི་གྲངས་ཉུང་མི་རིགས་དང་གདོད་མའི་མི་རིགས་ཡིན་པ་དང་། …