Thursday , December 13 2018
Home / གསར་འགྱུར། / རྒྱ་གཞུང་གིས་བོད་ཀྱི་ཆབ་སྲིད་བཙོན་ཟུར་གཞོན་ནུ་དཔལ་ལྡན་ལ་འདྲི་གཅོད་དང་མནར་གཅོད་བཏང་བའི་རྐྱེན་གྱིས་འདས་གྲོངས་ཕྱིན་པ་རེད།

རྒྱ་གཞུང་གིས་བོད་ཀྱི་ཆབ་སྲིད་བཙོན་ཟུར་གཞོན་ནུ་དཔལ་ལྡན་ལ་འདྲི་གཅོད་དང་མནར་གཅོད་བཏང་བའི་རྐྱེན་གྱིས་འདས་གྲོངས་ཕྱིན་པ་རེད།

བོད་ཀྱི་ཆབ་སྲིད་བཙོན་ཟུར་གཞོན་ནུ་དཔལ་ལྡན་རྐྱེན་འདས་སུ་གྱུར་བར་འདི་ག་ལྟེ་གནས་ཁང་གི་ངོས་ནས་བློ་ཕམ་དང་། ཁོང་གི་ནང་མི་ཉེ་འབྲེལ་ཡོངས་ལ་གདུང་སེམས་མཉམ་སྐྱེད་བྱེད་ཀྱི་ཡོད་ལ། རྒྱ་གཞུང་གིས་གཞོན་ནུ་དཔལ་ལྡན་ལ་མནར་གཅོད་བཏང་ནས་ནད་པ་བཟོས་རྗེས། ཁོང་གི་བཟའ་ཟླ་དང་རང་ལོ་༨ ལ་སོན་པའི་བུ་བསྟན་འཛིན་ཀུན་སྐྱབས། རང་ལོ་༡༠ ཡིན་པའི་བུ་མོ་རྣམ་རྒྱལ་སྒྲོལ་མ་དང་ལོ་ན་༥ ཡིན་པའི་བཀྲ་ཤིས་སྒྲོལ་མ་བཅས་ཀྱིས་གཉོར་སྐྱོང་བྱེད་དགོས་བྱུང་ཡོད།

འདི་ག་ལྟེ་གནས་ཁང་གི་ངོས་ནས་རྒྱ་ནག་དམར་ཤོག་གཞུང་ལ་གཞོན་ནུ་དཔལ་ལྡན་ལ་མནར་གཅོད་ཚད་མེད་བཏང་རྗེས་སྨན་བཅོས་ལྟ་སྐྱོང་མ་བྱས་པའི་རྐྱེན་གྱིས་ཁོང་རྐྱེན་འདས་སུ་གྱུར་ཡོད་པས། ཁོང་གྲོངས་རྐྱེན་གྱི་དངོས་ཡོད་གནས་ཚུལ་ལ་འཕྲལ་དུ་ཉེ་རིང་ཕྱོགས་ལྷུང་མེད་པར་ཕྱི་གསལ་ནང་གསལ་གྱིས་ཞིབ་འཇུག་བྱེད་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད་ལ། ཁོང་གི་ནང་མིར་དངོས་ཡོད་གནས་ཚུལ་ཤེས་རྟོགས་ཡོང་བའི་ཐོབ་ཐང་ཡོད་པས། རྒྱ་གཞུང་གིས་ཁོང་གྲོངས་རྐྱེན་དེ་རྐང་བཙུགས་ནས་བཟོ་བའམ་སྣང་མེད་དུ་བཏང་རྐྱེན་ཡིན་མིན་ལ་ཞིབ་འཇུག་བྱེད་དགོས་པའི་འགན་ཡོད། དེར་མ་ཟད། དངོས་ཡོད་གནས་ཚུལ་ལ་ཞིབ་འཇུག་བྱས་ནས་ཁོང་གྲོངས་རྐྱེན་དང་འབྲེལ་ཡོད་མི་སྣར་ཁྲིམས་ལྟར་ཐག་གཅོད་དང་མ་འོངས་པར་འདས་རྐྱེན་དེ་འདྲ་མི་འབྱུང་བར་སྔོན་འགོག་བྱེད་དགོས། རྒྱ་གཞུང་གིས་གཞོན་ནུ་དཔལ་ལྡན་གྲོངས་རྐྱེན་ལ་དྲང་བདེན་དང་ཕྱི་གསལ་ནང་གསལ་གྱིས་ཞིབ་འཇུག་བྱས་ནས་འབྲེལ་ཡོད་མི་སྣར་ཁྲིམས་ལྟར་ཐག་གཅོད་བྱས་པ་ཡིན་ན། དེས་རྒྱ་གཞུང་གིས་ཁྲིམས་ཀྱི་དབང་སྒྱུར་ལག་བསྟར་དང་། རྒྱ་གཞུང་གི་ལས་བྱེད་ཚོས་ཁྲིམས་འགལ་གྱིས་བོད་མི་ཚོར་གང་བྱུང་ཉེས་རྡུང་དང་ཉེས་འགེལ་བྱེད་པ་མཚམས་འཇོག་པའི་བརྡ་ལན་གསལ་བོ་ཞིག་སྤྲོད་ཐུབ། རྒྱ་ནག་དམར་ཤོག་གཞུང་གིས་འབྲེལ་ཡོད་ལས་བྱེད་ཚོའི་ཁྲིམས་འགལ་ཉེས་དོན་ཆག་ཡང་བཏང་བའི་རྐྱེན་གྱིས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་ཟམ་མི་ཆད་པར་རྡོག་རོལ་ཚབས་ཆེན་གཏོང་གི་ཡོད།

བོད་ཀྱི་ཆབ་སྲིད་བཙོན་ཟུར་གཞོན་ནུ་དཔལ་ལྡན་ད་ལྟ་རང་ལོ་༤༡ ཡིན་ཞིང་། ཁོང་དེ་སྔོན་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་ཉེན་རྟོག་པ་དང་རྒྱལ་ཁབ་བདེ་འཇགས་མི་སྣས་འཛིན་བཟུང་གིས་མནར་གཅོད་ཚད་མེད་བཏང་རྗེས། དུས་ཐོག་སྨན་བཅོས་མ་བྱས་པའི་རྐྱེན་གྱིས་ཕྱི་ཟླ་༩ ཚེས་༣༠ ཉིན་ནད་གཞི་ཇེ་སྡུག་ཏུ་ཕྱིན་ནས་སྨན་ཁང་ལ་འགྲོ་བའི་ལམ་བར་ནས་འདས་གྲོངས་ཕྱིན་ཡོད།

འདི་ག་ལྟེ་གནས་ཁང་ལ་འབྱོར་བའི་བརྙན་ཐུང་ཞིག་གི་ནང་དུ་ཁོང་གི་ཕ་ཡུལ་དབལ་བཎ་ཚང་ཡུལ་ཚོ་རོང་སྐོར་སྡེ་བའི་རྩྭ་ཐང་དུ་བོད་མི་ཁག་ཅིག་གིས་གཞོན་ནུ་དཔལ་ལྡན་ཉལ་ཁྲི་ཞིག་གི་སྟེང་དུ་འཁྱེར་ནས་འགྲོ་བཞིན་པ་གསལ་ཞིང་། འདྲ་པར་དེ་ནི་ཁོང་འདས་གྲོངས་ཕྱིན་རྗེས་བླངས་པ་ཞིག་རེད།

རྒྱ་གཞུང་གིས་ཁོང་ལ་མནར་གཅོད་བཏང་ནས་ནད་པ་ཆགས་རྗེས་བཙོན་འཇུག་གི་དུས་ཡུན་མ་ཚང་བའི་སྔོན་སྟེ་ཕྱི་ལོ་༢༠༡༣ ཟླ་༧ ཚེས་༢༤ ཉིན་གློད་གྲོལ་བཏང་ཡང་། བཙོན་ཁང་དུ་མནར་གཅོད་བཏང་ནས་ཁོང་གི་མིག་གིས་མི་མཐོང་བ་དང་རྣ་བས་མི་གོ་བ། སྙིང་རྩ་འགག་པ་སོགས་ཀྱི་ནད་པ་ཆགས་ཤིང་། ཁོང་གློད་གྲོལ་བཏང་རྗེས་ནང་མིའི་འགྲོ་གྲོན་ལ་བརྟེན་ནས་སྔ་རྗེས་སུ་བཤགས་བཅོས་ཐེངས་གཉིས་ལ་གཏོང་དགོས་བྱུང་ཡོད། ན་ནིང་ཕྱི་ཟླ་༡༢ ནང་ཁོང་གི་བུ་མོ་གཅིག་སློབ་གྲྭར་འགྲོ་བཅུག་མེད་པ་དང་། དེ་ནི་རྒྱ་གཞུང་གིས་ཁོང་ལ་ཉེས་འཛུགས་འགེལ་ཐབས་ཤིག་རེད། གཞོན་ནུ་དཔལ་ལྡན་གྱི་འཕྲོད་བསྟེན་གནང་སྟངས་དང་ཁོང་གི་བུ་མོ་སློབ་གྲྭར་འགྲོ་མ་བཅུགས་པའི་དངོས་ཡོད་གནས་ཚུལ་དེ་ཕྱི་ཕྱོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པར་བརྒྱུད་གཏོང་བྱས་པར་བརྟེན་ནས། རྒྱ་ནག་ས་གནས་སྲིད་གཞུང་གིས་གཞོན་ནུ་དཔལ་ལྡན་ལ་འཇིགས་སྐུལ་དང་སུན་གཙེར་བཏང་ཡོད།

ཕྱི་ལོ་༢༠༠༨ ལོའི་ཞི་རྒོལ་ལས་འགུལ་སྐབས་སུ་གཞོན་ནུ་དཔལ་ལྡན་གྱིས་ཞི་རྒོལ་གྱི་སྣེ་ཁྲིད་པའི་ཉེས་འཛུགས་འོག་ཏུ། ཕྱི་ལོ་༢༠༡༢ ཟླ་༦ ཚེས་༡༨ ཉིན་ཁོང་འཛིན་བཟུང་བཙན་ཁྲིད་བྱས་རྗེས། རྒྱ་གཞུང་གིས་ཁོང་གི་ནང་མི་དང་འབྲེལ་ཡོད་མི་སྣར་བརྡ་ལན་ཙམ་ཡང་མ་སྤྲད་པར་ཟླ་བ་མང་པོར་ཁྲིམས་འགལ་བཀག་ཉར་གྱིས་འདྲི་གཅོད་དང་མནར་གཅོད་བཏང་བ་དང་། ཁོང་ལ་ལོ་༢ དང་ཟླ་༩ དུས་བཙོན་ཁྲིམས་ཐག་བཅད་རྗེས། དེ་སྔོན་འདྲི་གཅོད་སྐབས་སུ་ཁོང་ལ་མནར་གཅོད་བཏང་ནས་རྨས་སྐྱོན་བཟོས་པར་སྨན་བཅོས་ལྟ་སྐྱོང་མ་བྱས་རྐྱེན་གྱིས། ཁོང་གི་འཕྲོད་བསྟེན་གནས་སྟངས་ཛ་དྲག་ཆགས་པ་དང་། བཙོན་འཇུག་གི་དུས་ཡུན་མ་ཚང་སྔོན་ལ་ཁོང་གློད་གྲོལ་བཏང་བ་རེད། རྒྱ་གཞུང་གིས་ནམ་རྒྱུན་བཙོན་པ་མང་པོ་ཞིག་བཙོན་འཇུག་གི་དུས་ཡུན་མ་ཚང་སྔོན་ལ་གློད་གྲོལ་གཏོང་དོན་ནི། བཙོན་ཁང་དུ་བཙོན་པ་ཚོར་སྡུག་སྦྱོང་མནར་གཅོད་བཏང་ནས་གྲོངས་པ་ཡིན་ན། འབྲེལ་ཡོད་མི་སྣས་འགན་འཁུར་མི་དགོས་པའི་ཆེད་དུ་ཡིན་པ་རེད།

རྒྱ་གཞུང་གིས་གཞོན་ནུ་དཔལ་ལྡན་འཛིན་བཟུང་བཙོན་འཇུག་གིས་སྡུག་སྦྱོང་མནར་གཅོད་བཏང་རྐྱེན་ཕྱིས་སུ་འདས་གྲོངས་ཕྱིན་པ་དེ་ནི། རྒྱ་ནག་དམར་ཤོག་གཞུང་གིས་མིང་རྟགས་བཀོད་པ་དང་ཁས་ལེན་གཙང་མ་བྱས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྤྱི་ཆིངས་ཁག་དང་། ལྷག་པར་དུ་མནར་གཅོད་དང་མི་སྤྱོད་ལས་འདས་པའི་གདུག་རྩུབ་དང་ཉེས་ཁྲིམས་འགོག་པའི་རྒྱལ་སྤྱིའི་སྤྱི་ཆིངས་སོགས་རྩིས་མེད་རྡོག་རོལ་བཏང་བ་ཞིག་རེད་ལ། དམིགས་བསལ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆབ་སྲིད་བཙོན་པར་མ་མཐའི་ལྟ་སྐྱོང་རྩ་འཛིན་ནང་གསལ་གྱི་རྩ་འཛིན་ཁག་དང་ལག་བསྟར་བཅས་ལ་ཡོངས་སུ་འགལ་ཡོད། རྒྱལ་ཚོགས་ཀྱི་ཁྲིམས་གཞི་དེ་ལ་རྒྱ་ནག་དམར་ཤོག་སྲིད་གཞུང་ཚུད་པའི་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཚང་མས་ཁས་ལེན་བྱས་ཡོད་ལ། རྒྱ་ནག་དམར་སྲིད་གཞང་གཙོས་པའི་འབྲེལ་ཡོད་རྒྱལ་ཁབ་མང་པོས་རྒྱལ་ཚོགས་ཀྱི་རྩ་འཛིན་དེ་གཞིར་བཟུང་ནས་བཙོན་པའི་ཁྲིམས་བཟོས་ཡོད་པ་རེད། རྩ་འཛིན་དེའི་བསྐྱར་ཞིབ་ནང་དུ་འབྲེལ་ཡོད་རྒྱལ་ཁབ་ཁག་གིས་བཙོན་པ་དང་འབྲེལ་ཡོད་མི་སྣས་སྐྱོན་བརྗོད་བྱུང་མིན་ལ་མ་བལྟས་པར་བཙོན་ཁང་ནང་དུ་བཙོན་པར་མི་སྤྱོད་ལས་འདས་གདུག་རྩུབ་དང་ཉེས་རྡུང་། མནར་གཅོད་བཏང་ཡོད་མེད་ལ་དུས་ཐོག་ཏུ་ཉེ་རིང་ཕྱོགས་ལྷུང་མེད་པར་ནུས་པ་དང་ལྡན་པའི་ཞིབ་འཇུག་བྱེད་དགོས་པར་མ་ཟད། རྩ་འཛིན་དེའི་ནང་དུ་ད་དུང་རྒྱལ་ཡོངས་རིམ་པའི་རང་དབང་ཅན་གྱི་དབང་ཡོད་མི་སྣས་བཙོན་པར་མི་སྤྱོད་ལས་འདས་པའི་གདུག་རྩུབ་དང་ཉེས་རྡུང་། མནར་གཅོད་བཏང་ཡོད་མེད་ལ་དུས་ཐོག་ཏུ་ཉེ་རིང་ཕྱོགས་ལྷུང་མེད་པའི་ཞིབ་འཇུག་བྱེད་དགོས་པའི་དགོས་འདུན་བཏོན་ཡོད།

About Tibetan Section TCHRD

Check Also

གཞུང་འབྲེལ་མིན་པའི་ཚོགས་པའི་ངོས་ནས་རྒྱལ་ཚོགས་ཀྱི་རྒྱ་གཞུང་དུས་བཀག་བསྐྱར་ཞིབ་ཐོག་ཞུ་གཏུག་སྙན་ཐོ་ཕུལ་ཡོད།

ཕྱི་ལོ་༢༠༡༨ ཟླ་༡༡ ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡོངས་ཁྱབ་དུས་བཀག་བསྐྱར་ཞིབ་འཚོགས་འཆར་ཡོད་པ་ལྟར། འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐོང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ངོས་ནས། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དུས་བཀག་བསྐྱར་ཞིབ་ཐེངས་གསུམ་པའི་ཐོག་ཞུ་གཏུག་སྙན་ཐོ་ཕུལ་ཡོད། ཞུ་གཏུག་སྙན་ཐོ་དེ་ཕྱི་ལོ་༢༠༡༨ ཟླ་༣ ཚེས་༢༩ ཉིན་ཕུལ་ཡོད་ལ། སྙན་ཐོའི་ནང་དུ་དམིགས་བསལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་གང་བྱུང་བཀག་ཉར། སྡུག་སྦྱོང་མནར་གཅོད། སྨྲ་བརྗོད་རང་དབང་། ཆོས་ལུགས་དད་མོས་རང་དབང་། སྒེར་དབང་ཐོབ་ཐང་སོགས་ཀྱི་དངོས་ཡོད་གནས་སྟངས་ཞུས་ཡོད། རྒྱ་གཞུང་གི་དུས་བཀག་སྐྱར་ཞིབ་ཐེངས་གསུམ་པའི་ཉན་ཞིབ་དོགས་འདྲིའི་སྐབས་སུ། …

Leave a Reply

Your email address will not be published. Required fields are marked *