Tuesday , October 23 2018
Home / གསར་འགྱུར། / བཙན་བྱོལ་བོད་མིའི་མང་གཙོ། ༢༠༡༨ ལོའི་དམིགས་བསལ་སྙན་ཐོ།

བཙན་བྱོལ་བོད་མིའི་མང་གཙོ། ༢༠༡༨ ལོའི་དམིགས་བསལ་སྙན་ཐོ།

སྐབས་༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༦ པའི་སྟེང་དུ་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་ནས་མང་ཚོགས་ཀྱི་བསམ་འཆར་ཕྱོགས་བསྡུས་ཁྲིམས་འཆར་ལ་གོ་བསྡུར་རིམ་པར་བྱུང་བ་དང་། ལྷག་པར་དུ་རྒྱ་ཆེའི་མི་མང་གི་མངོན་འདོད་དང་བསམ་འཆར་གཞིར་བཟུང་ནས་འོས་བསྡུའི་སྔོན་འགྲོ་དང་དངོས་གཞི་གཉི་ག་རང་འཇགས་དགོས་པའི་ཐད་ལ་འོས་ཤོག་གི་ལམ་ནས་མང་མོས་ཀྱི་རྒྱབ་སྐྱོར་ཐོབ་པར་འདི་ག་ལྟེ་གནས་ཁང་གི་ངོས་ནས་རྗེས་སུ་ཡི་རངས་ཞུ་བཞིན་ཡོད་ལ། དེ་ནི་རྒྱ་ཆེའི་མི་མང་གི་མངོན་འདོད་ལ་རྒྱལ་ཁ་ཆེན་པོ་ཐོབ་པ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། དེ་ཡང་ཕྱི་ལོ་༢༠༡༦ ལོར་རྒྱ་ཆེའི་མི་མང་ནས་བཙན་བྱོལ་བོད་མིའི་སྲིད་སྤྱིའི་འོས་གཞི་འོས་འདེམ་སྐབས་སུ་སྔོན་འགྲོ་དང་དངོས་གཞི་གཉི་ག་དགོས་མིན་ཐད་ལ་རྙོག་གླེང་ཤུགས་ཆེན་བྱུང་བ་དང་སྦྲགས་ཏེ། འདི་ག་ལྟེ་གནས་ཁང་གི་ངོས་ནས་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་སྐྱིད་སྡུག་ཁག་གི་གནད་ཡོད་མི་སྣ་དང་ཆེད་མཁས་པ། ལྷག་པར་དུ་ལས་ཐོག་སྤྱི་འཐུས་ཁག་བསྡུ་བསྐོང་གིས་འོས་བསྡུའི་སྔོན་འགྲོ་དང་དངོས་གཞི་གཉི་ག་དགོས་མིན་གཙོས་པའི་བོད་མིའི་མང་གཙོའི་འོས་བསྡུ་དང་འབྲེལ་བའི་སྒྲིག་གཞི་ལེགས་བཅོས་གནང་དགོས་ཅི་ཡོད་སྐོར་ལ་བགྲོ་གླེང་དང་བསམ་འཆར་ཕྱོགས་བསྡུས་ཀྱིས་ཆེད་བཙུགས་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་ལ་ཕུལ་བ་དང་། ཕྱི་ལོ་༢༠༡༧ ལོར་འདི་ག་ལྟེ་གནས་ཁང་གི་ངོས་ནས“བོད་མིའི་སྤྱི་ཚོགས་ཁྲོད་དུ་མང་གཙོའི་གོ་རྟོགས་གོང་འཕེལ་སྐོར་སྐྱོད”ལས་གཞི་སྤེལ་ནས། ས་གནས་བོད་མིའི་གཞིས་ཆགས་ཁག་དང་མཐོ་སློབ་ཁག དགོན་སྡེ་ཁག་བཅས་ལ་སྐོར་སྐྱོད་ཀྱིས་བོད་མིའི་མང་གཙོའི་འོས་བསྡུའི་སྒྲིག་གཞི་དང་འབྲེལ་བའི་རྒྱ་ཆེའི་མི་མང་གི་བསམ་འཆར་ཕྱོགས་བསྡུས་ཀྱིས་ཡིག་བརྙན་གཉིས་ཀྱི་ཐོག་ནས་སྐབས་༡༦ པའི་གྲོས་ཚོགས་ཚོགས་དུས་༤ སྟེང་ཞུ་འབུལ་བྱས་ཡོད།

འདི་ག་ལྟེ་གནས་ཁང་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གཙོས་པའི་བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་ཀྱི་བྱུང་རིམ་དང་འཕོ་འགྱུར་སྐོར་ལ་ཞིབ་འཇུག་དང་བགྲོ་གླེང་། སྙན་ཐོ་འདོན་སྤེལ་བཅས་ཀྱི་བྱ་འགུལ་སྤེལ་མུས་ཡིན་པ་ལྟར། ད་ལན་བོད་ཡིག་གི་ཐོག་ནས་<<བཙན་བྱོལ་བོད་མིའི་མང་གཙོ། ༢༠༡༨ ལོའི་དམིགས་བསལ་སྙན་ཐོ་>>འགྲེམ་སྤེལ་བྱས་ཡོད་ལ། ས་བཅད་༦ དང་ དོན་ཚན་༡༡ བཅས་ཁྱོན་ཤོག་གྲངས་༢༤༥ ཡིས་གྲུབ་པའི་དམིགས་བསལ་སྙན་ཐོ་འདིའི་ནང་དུ། མང་གཙོའི་ཀ་བ་གསུམ་གྱིས་གྲུབ་པའི་བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་ཀྱི་བྱུང་རིམ་དང་འཕོ་འགྱུར། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྤྱི་གཉིས་དང་ཆེས་མཐོའི་ཁྲིམས་ཞིབ་ཁང་། བོད་མིའི་འོས་བསྡུ་ལས་ཁང་དང་ལས་བྱེད་འདེམ་བསྐོ་ལྷན་ཁང་། རྩིས་ཞིབ་ལས་ཁང་སོགས་རང་དབང་ཅན་གྱི་སྡེ་ཚན་ཁགབཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་དང་བསྐྱར་བཅོས། མ་འོངས་བོད་ཀྱི་མང་གཙོའི་ལམ་ལུགས་ཀྱི་ཁ་ཕྱོགས་དང་བཅའ་ཁྲིམས། དམིགས་བསལ་ཕྱི་ལོ་༢༠༡༡ ལོར་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བོད་ཀྱི་ཆབ་སྲིད་འཛིན་སྐྱོང་གི་སྐུ་དབང་རྩིས་སྤྲོད་གནང་བའི་སྐོར། ཕྱི་ལོ་༢༠༡༦ ལོར་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་དང་སྐབས་༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོའི་གྲོས་ཆོད་དེ་བོད་མིའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་དང་། ཕྱི་ལོ་༢༠༡༧ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་དང་འབྲེལ་བའི་བོད་མིའི་མང་གཙོའི་ལམ་ལུགས་ཐད་ལ་རྒྱ་ཆེའི་མི་མང་ནས་བསམ་འཆར་དང་མངོན་འདོན་ཅི་བྱུང་སྐོར་འཁོད་ཡོད།

དེར་མ་ཟད། བོད་རྒྱ་ཆེའི་མི་མང་ལ་མང་གཙོའི་ལམ་ལུགས་ཀྱི་བྱུང་རིམ་དང་སྔ་རྗེས་སུ་འགྱུར་བ་ཇི་དང་གང་བྱུང་གི་གོ་རྟོགས་ཡོང་ཐབས་སུ། འདི་ག་ལྟེ་གནས་ཁང་གིས་ཕྱི་ལོ་༢༠༡༢ ལོར་དབྱིན་ཡིག་གི་ཐོག་ནས་<<བཙན་བྱོལ་བོད་མིའི་མང་གཙོ། ༢༠༡༢ ལོའི་དམིགས་བསལ་སྙན་ཐོ་>>འདོན་སྤེལ་བྱས་ཤིང་། སྙན་ཐོ་དེའི་ནང་དུ་བཙན་བྱོལ་བོད་མིའི་མང་གཙོའི་ཀ་བ་གསུམ་གྱི་བྱུང་རིམ་དང་བཅའ་ཁྲིམས་བསྐྱར་བཅོས། ལྷག་པར་དུ་སྐུ་དབང་རྩིས་སྤྲོད་གནང་རྗེས་ཀྱི་མ་འོངས་བོད་མིའི་མང་གཙོའི་འཕོ་འགྱུར་དང་ཁ་ཕྱོགས། དམིགས་བསལ་གཞས་ཆགས་ཁག་གི་གཞས་འགོ་འོས་འདེམ་དང་འབྲེལ་བའི་གཞི་རིམ་མང་གཙོའི་འཕེལ་རིམ་དང་གནས་སྟངས་ལ་ཞིབ་འཇུག་རྒྱུས་ལོན་བྱས་ཡོད།

གཞན་ཡང་འདི་ག་ལྟེ་གནས་ཁང་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གཙོས་པའི་བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་ཀྱི་བྱུང་རིམ་དང་འགྱུར་བ་བཅས་ཀྱི་སྐོར་ལ་བགྲོ་གླེང་དང་ཞིབ་འཇུག བསམ་འཆར་བསྡུ་ལེན། སྙན་ཐོ་འདོན་སྤེལ་བྱས་དང་བྱེད་བཞིན་པའི་དགོས་དམིགས་གཙོ་བོ་ནི། རང་ཅག་ཁ་བ་གངས་ཅན་པའི་བོད་མི་རྒན་དར་གཞོན་གསུམ་སྐྱ་སེར་དབྱེར་མེད་ཐོག་འཛམ་གླིང་སྒང་གི་དེང་རབས་མང་གཙོའི་རྒྱལ་ཁབ་དང་སྔོན་ཐོན་ཅན་གྱི་མི་རིགས་གཞན་དག་ནང་བཞིན། ང་ཚོས་ཀྱང་སོ་སོའི་རང་དབང་དང་ཐོབ་ཐང་། ལས་འགན་དང་མཉམ་ཞུགས་ཀྱི་གོ་རྟོགས་འཕེལ་ཐབས་དང་། ལྷག་པར་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་རང་ཅག་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ལ་གསོལ་རས་སུ་བསྩལ་གནང་བའི་མང་གཙོའི་ལམ་སྲོལ་བཟང་བོ་འདི་བཞིན་ད་ཡོད་ལས་ལྷག་པའི་ཚད་ལྡན་དང་སྲ་བརྟན། ནུས་ལྡན། འགན་འཁྲི་རང་བཞིན་དང་ཕྱི་གསལ་ནང་གསལ་བཅས་ཡོང་ཐབས་ཀྱི་ཤེས་རྟོགས་དང་ལས་འགན་ཕྲག་ཏུ་བླངས་ཏེ། སོ་སོའི་རང་དབང་ཐོབ་ཐང་ཁག་ཚུལ་བཞིན་ལོངས་སུ་སྤྱོད་ཐུབ་པ་ཞིག་ཡོང་རྒྱུ་དེ་ཡིན་པས། རྒྱ་ཆེའི་མི་མང་ནས་དོ་སྣང་དང་ཕན་ཚུན་ཕྱར་བ་གྲུ་འདེགས་གནང་བའི་རེ་སྐུལ་ཞུ་བཞིན་ཡོད།

འབྲེལ་ཐག་འདི་བརྒྱུད་ནས་སྙན་ཐོ་ཆ་ཚང་ལྟ་ཀློག་དང་ཕམ་ལེན་བྱེད་ཐུབ། 

About Tibetan Section TCHRD

Check Also

རྒྱ་གཞུང་གིས་གསང་སྟབས་ཀྱིས་བཀག་ཉར་བྱས་པའི་དགེ་འདུན་པ་གཉིས་གློད་གྲོལ་གཏོང་དགོས།

རྒྱ་གཞུང་གིས་བོད་དོན་སྐད་འབོད་གནང་མཁན་དགེ་འདུན་པ་གཉིས་སྔ་རྗེས་སུ་རྔ་བའི་རྫོང་ཐོག་ཏུ་འཛིན་བཟུང་གིས་གར་ཁྱེར་ཅི་བྱས་ཀྱི་གནས་ཚུལ་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད། ཟླ་འདིའི་ཕྱི་ཚེས་༥ ཉིན་གྲྭ་རྡོ་རྗེ་རབ་བརྟན་ཞུ་བ་ཞིག་གིས་རྔ་བའི་རྫོང་མཁར་དུ་བོད་དོན་སྐད་འབོད་གནང་སྐབས། རྒྱ་གཞུང་གི་ཉེན་རྟོག་པས་ཁོང་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་དང་། ཁོང་གི་ཕ་ཡུལ་རྔ་བ་རྨེའུ་རུ་མ་ནས་ཡིན་ཞིང་། ཁོང་གི་གྲྭ་ཤག་གི་དགེ་རྒན་གྱི་མིང་ལ་བློ་བཟང་ཟླ་བ་ཞུ་བ་དང་། ཁོང་ད་ལྟ་རང་ལོ་༢༣ ཡིན་པ་ཙམ་མ་གཏོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་མེད་པ་རེད། གོང་ཞུས་གནས་ཚུལ་དང་ཕྱོགས་མཚུངས་ཕྱི་ཟླ་༩ ཚེས་འགོར་རྔ་བའི་རྫོང་མཁར་དུ་བོད་དོན་སྐད་འབོད་གནང་མཁན་དགེ་འདུན་པ་གཞན་ཞིག་ཀྱང་ཉེས་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ཤིང་། ད་སྔར་ཁོང་གི་མིང་དང་ཕ་ཡུལ། ས་གནས་གང་དུ་བཀག་ཉར་བྱས་ཡོད་པའི་གནས་ཚུལ་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད། འདི་ག་ལྟེ་གནས་ཁང་གི་ངོས་ནས། རྒྱ་གཞུང་གིས་ཀིརྟི་དགོན་གྱི་དགེ་འདུན་པ་དེ་གཉིས་གསང་སྟབས་ཀྱིས་བཀག་ཉར་བྱས་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ལ། རྒྱ་ནག་དམར་ཤོག་གཞུང་གིས་ཆ་རྐྱེན་ཅི་ཡང་མེད་པའི་ཐོག་ནས་དགེ་འདུན་པ་ཁོང་གཉིས་མྱུར་དུ་གློད་གྲོལ་གཏོང་དགོས། …

Leave a Reply

Your email address will not be published. Required fields are marked *