Wednesday , May 22 2019
Home / གསར་འགྱུར། / གཞུང་འབྲེལ་མིན་པའི་ཚོགས་པའི་ངོས་ནས་རྒྱལ་ཚོགས་ཀྱི་རྒྱ་གཞུང་དུས་བཀག་བསྐྱར་ཞིབ་ཐོག་ཞུ་གཏུག་སྙན་ཐོ་ཕུལ་ཡོད།

གཞུང་འབྲེལ་མིན་པའི་ཚོགས་པའི་ངོས་ནས་རྒྱལ་ཚོགས་ཀྱི་རྒྱ་གཞུང་དུས་བཀག་བསྐྱར་ཞིབ་ཐོག་ཞུ་གཏུག་སྙན་ཐོ་ཕུལ་ཡོད།

ཕྱི་ལོ་༢༠༡༨ ཟླ་༡༡ ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡོངས་ཁྱབ་དུས་བཀག་བསྐྱར་ཞིབ་འཚོགས་འཆར་ཡོད་པ་ལྟར། འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐོང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ངོས་ནས། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དུས་བཀག་བསྐྱར་ཞིབ་ཐེངས་གསུམ་པའི་ཐོག་ཞུ་གཏུག་སྙན་ཐོ་ཕུལ་ཡོད།

ཞུ་གཏུག་སྙན་ཐོ་དེ་ཕྱི་ལོ་༢༠༡༨ ཟླ་༣ ཚེས་༢༩ ཉིན་ཕུལ་ཡོད་ལ། སྙན་ཐོའི་ནང་དུ་དམིགས་བསལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་གང་བྱུང་བཀག་ཉར། སྡུག་སྦྱོང་མནར་གཅོད། སྨྲ་བརྗོད་རང་དབང་། ཆོས་ལུགས་དད་མོས་རང་དབང་། སྒེར་དབང་ཐོབ་ཐང་སོགས་ཀྱི་དངོས་ཡོད་གནས་སྟངས་ཞུས་ཡོད།

རྒྱ་གཞུང་གི་དུས་བཀག་སྐྱར་ཞིབ་ཐེངས་གསུམ་པའི་ཉན་ཞིབ་དོགས་འདྲིའི་སྐབས་སུ། རྒྱལ་ཚོགས་ཀྱི་ཚོགས་ཞུགས་རྒྱལ་ཁབ་ཁག་ནས་རྒྱ་གཞུང་ལ་དེ་སྔོན་འགྲོ་བ་མིའི་ཐོབ་ཐང་ལ་ཁས་ལེན་མིང་རྟགས་བཀོད་པ་ལྟར་འགན་འཁུར་དུ་འཇུག་རྒྱུ་གལ་ཆེན་པོ་རེད། འདི་ག་ལྟེ་གནས་ཁང་གི་ངོས་ནས་རྒྱལ་ཚོགས་ཀྱི་ཚོགས་ཞུགས་རྒྱལ་ཁབ་ཡོངས་ནས་སྙན་ཐོ་འདིའི་ནང་གསལ་གྱི་དཀའ་རྙོག་ཁག་གླེང་སློང་བྱེད་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུ་བཞིན་ཡོད།

གོང་ཞུས་ཞུ་གཏུག་སྙན་ཐོ་དང་འབྲེལ་བའི་འབོད་སྐུལ།

༡)རྒྱ་གཞུང་གིས་མྱུར་དུ་རྒྱལ་ཚོགས་ཀྱི་སྤྱི་དམངས་དང་ཆབ་སྲིད་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་སྤྱི་ཆིངས་དང་། བཙན་དབང་འོག་གར་སོང་ཆ་མེད་དུ་འགྱུར་རིགས་འགོག་པའི་རྒྱལ་སྤྱིའི་སྤྱི་ཆིངས་ཁག་ཁྲིམས་མཐུན་གཏན་འབེབས་བྱེད་དགོས།

༢) རྒྱ་གཞུང་གིས་གང་བྱང་བཀག་ཉར་འོག་གི་ལས་འགུལ་བ་དང་སྒྱུ་རྩལ་པ། རྩམ་པ་པོ། གསར་འགོད་པ། ཆབ་སྲིད་ཕྱོགས་འགལ་བ། གྲྭ་བཙུན་དང་ཞི་རྒལ་བ་སོགས་ཚང་མ་མྱུར་དུ་གློད་གྲོལ་གཏོང་དགོས།

༣)རྒྱ་གཞུང་གིས་ཁྲིམས་ཀྱི་ནུས་པ་ཤུགས་ཆེར་བཏང་ནས་སྡུག་སྦྱོར་མནར་གཅོད་འགོག་སྡོམ་དང་། སྡུག་སྦྱོང་མནར་གཅོད་རིགས་ཁྲིམས་འགལ་བཟོས་དགོས་པར་མ་ཟད། རང་དབང་ཅན་གྱི་རྟོགས་ཞིབ་བརྒྱུད་ནས་ཁྲིམས་འགལ་གྱི་སྡུག་སྦྱོང་མནར་གཅོད་གཏོང་མཁན་ལ་ཉེས་ཆད་གཅོད་དགོས།

༤)རྒྱ་ནག་དམར་ཤོག་གཞུང་གིས་ད་ལྟ་ལག་བསྟར་བྱེད་ཀྱིན་པའི་དོགས་ཟོན་མྱུལ་ཞིབ་ལས་གཞི་མཚམས་བཞག་སྟེ་སྲིད་གཞུང་གི་ཐེ་ཇུས་མེད་པའི་ཐོག་ནས་བོད་མི་ཚང་མར་སོ་སོའི་ཆོད་དད་རང་དབང་ལོངས་སུ་སྤྱོད་འཇུག་དགོས། ཁྲིམས་འགལ་ཉེས་འཛུགས་མེད་པའི་ཐོག་ནས་བོད་མི་ཚོར་དངོས་ཡོད་གནས་ཚུལ་ལ་ལྟ་ཀློག་གི་ཐོབ་ཐང་ལོངས་སུ་སྤྱོད་འཇུག་དགོས།

༥)བོད་མིའི་ཞི་རྒོལ་ལས་འགུལ་ལ་དམ་དྲག་བྱེད་པའི་རྒྱ་གཞུང་གི་ཁྲིམས་སྒྲིག་ཁག་ལ་བསྐྱར་ཞིབ་དང་རྩིས་མེད་གཏོང་དགོས།

༦)དུས་འགྱངས་མི་བྱེད་པར་བོད་མི་ཚང་མར་ཕྱི་སྐྱོད་ལམ་ཡིག་སྤྲོད་དགོས།

༧)རྒྱལ་ཚོགས་ཀྱི་ལས་བྱེད་དང་རང་དབང་ཆེད་མཁས་པར་བོད་ནང་ལ་རྟོགས་ཞིབ་བྱེད་དུ་བསྐྱོད་པར་ཆོག་མཆན་སྤྲོད་དགོས། རྒྱལ་ཚོགས་ཀྱི་ཚོགས་ཞུགས་རྒྱལ་ཁབ་༡༠༩ ཡིས་རྒྱལ་ཁབ་སོ་སོའི་ནང་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་རྣམས་ལ་འགྲུལ་སྐྱོད་ཆོག་མཆན་སྤྲད་ཡོད་པ་ལྟར། རྒྱ་གཞུང་ཡང་དེའི་ནང་འཛུལ་ཞུགས་བྱས་ན་ལེགས།

འབྲེལ་ཐག་འདི་བརྒྱུད་ནས་ཞུ་གཏུག་སྙན་ཐོ་ཆ་ཚང་ལ་གཟིགས་ཐུབ། 

Check Also

རྒྱལ་སྤྱིའི་ཕ་སྐད་ཉིན་མོར་སྐད་ཡིག་གི་ཆ་ནས་གྲངས་ཉུང་དུ་གྱུར་རིགས་ཀྱི་སྐད་ཡིག་གི་ཐོབ་ཐང་ཞེས་པའི་བོད་འགྱུར་སྙན་ཐོ་འགྲེམ་སྤེལ་བྱས།

ཕྱི་ལོ་༢༠༡༩ ལོར་འཛམ་གླིང་ཡུལ་ལུང་གང་སར་ཕྱི་ཟླ་༢ ཚེས་༢༡ ཉིན་ཏེ། རྒྱལ་སྤྱིའི་ཕ་སྐད་ཉིན་མོ་ཐེངས་༡༩ བ་སྲུང་བརྩི་ཞུས་ནས་སྤྱི་ཚོགས་ཡུན་གནས་དང་སྐད་ཡིག་རིག་གཞུང་སྣ་ཚོགས་ཀྱི་གལ་ཆེན་རིང་བཞིན་གསལ་སྟོན་གནང་གི་ཡོད་པ་རེད། ཕྱི་ལོ་༡༩༩༩ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རྩལ་རིག་གཞུང་ལས་འཛིན་ཚན་པས། བྷང་ལ་དྷེ་ཤཱིའི་ནང་ཕ་སྐད་སྲུང་སྐྱོབ་ཀྱི་ཞི་རྒོལ་ཁྲོད་དུ་སློབ་ཕྲུག་མང་པོ་དམར་གསོད་བཏང་བའི་ཉིན་མོ་དེ་ཐེངས་དང་པོར་རྒྱལ་སྤྱིའི་ཕ་སྐད་ཉིན་མོར་གཏན་འབེབས་གནང་བ་རེད། རྒྱལ་ཚོགས་ཀྱི་ཚོད་དཔག་ལྟར་ན། འཛམ་གླིང་སྒང་འདིར་སྐད་རིགས་མི་འདྲ་བ་༧༠༠༠ ཙམ་ཡོད་ཅིང་། སྐད་རིགས་དེ་དག་བཤད་མཁན་མི་གྲངས་ཉུང་ངུ་ཙམ་ལས་མེད་ཅིང་། སྐད་རིགས་རེ་གཉིས་སྤྱོད་མཁན་འཛམ་གླིང་གི་མི་གྲངས་མང་ཤོས་ཆགས་ཡོད་པ་དང་། སྐད་རིགས་མང་ཤོས་བཤད་མཁན་ནི་སྤྱི་ཚོགས་ཁྲོད་ནས་ཟུར་ཕུད་དང་ཆག་འཇིག་གི་ཉེན་ཁར་འཕྲད་པའི་གྲངས་ཉུང་མི་རིགས་དང་གདོད་མའི་མི་རིགས་ཡིན་པ་དང་། …