Thursday , February 21 2019
Home / གསར་འགྱུར། / རྒྱ་གཞུང་གིས་གསང་སྟབས་ཀྱིས་བཀག་ཉར་བྱས་པའི་དགེ་འདུན་པ་གཉིས་གློད་གྲོལ་གཏོང་དགོས།

རྒྱ་གཞུང་གིས་གསང་སྟབས་ཀྱིས་བཀག་ཉར་བྱས་པའི་དགེ་འདུན་པ་གཉིས་གློད་གྲོལ་གཏོང་དགོས།

རྡོ་རྗེ་རབ་བརྟན།

རྒྱ་གཞུང་གིས་བོད་དོན་སྐད་འབོད་གནང་མཁན་དགེ་འདུན་པ་གཉིས་སྔ་རྗེས་སུ་རྔ་བའི་རྫོང་ཐོག་ཏུ་འཛིན་བཟུང་གིས་གར་ཁྱེར་ཅི་བྱས་ཀྱི་གནས་ཚུལ་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད།

ཟླ་འདིའི་ཕྱི་ཚེས་༥ ཉིན་གྲྭ་རྡོ་རྗེ་རབ་བརྟན་ཞུ་བ་ཞིག་གིས་རྔ་བའི་རྫོང་མཁར་དུ་བོད་དོན་སྐད་འབོད་གནང་སྐབས། རྒྱ་གཞུང་གི་ཉེན་རྟོག་པས་ཁོང་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་དང་། ཁོང་གི་ཕ་ཡུལ་རྔ་བ་རྨེའུ་རུ་མ་ནས་ཡིན་ཞིང་། ཁོང་གི་གྲྭ་ཤག་གི་དགེ་རྒན་གྱི་མིང་ལ་བློ་བཟང་ཟླ་བ་ཞུ་བ་དང་། ཁོང་ད་ལྟ་རང་ལོ་༢༣ ཡིན་པ་ཙམ་མ་གཏོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་མེད་པ་རེད།

གོང་ཞུས་གནས་ཚུལ་དང་ཕྱོགས་མཚུངས་ཕྱི་ཟླ་༩ ཚེས་འགོར་རྔ་བའི་རྫོང་མཁར་དུ་བོད་དོན་སྐད་འབོད་གནང་མཁན་དགེ་འདུན་པ་གཞན་ཞིག་ཀྱང་ཉེས་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ཤིང་། ད་སྔར་ཁོང་གི་མིང་དང་ཕ་ཡུལ། ས་གནས་གང་དུ་བཀག་ཉར་བྱས་ཡོད་པའི་གནས་ཚུལ་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད།

འདི་ག་ལྟེ་གནས་ཁང་གི་ངོས་ནས། རྒྱ་གཞུང་གིས་ཀིརྟི་དགོན་གྱི་དགེ་འདུན་པ་དེ་གཉིས་གསང་སྟབས་ཀྱིས་བཀག་ཉར་བྱས་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ལ། རྒྱ་ནག་དམར་ཤོག་གཞུང་གིས་ཆ་རྐྱེན་ཅི་ཡང་མེད་པའི་ཐོག་ནས་དགེ་འདུན་པ་ཁོང་གཉིས་མྱུར་དུ་གློད་གྲོལ་གཏོང་དགོས། རྒྱ་གཞུང་གི་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ནས་གསང་སྟབས་ཀྱིས་བཀར་ཉར་བྱས་པའི་དགེ་འདུན་པ་ཁོང་གཉིས་ལ་མི་སྤྱོད་ལས་འདས་པའི་གདུག་རྩུབ་དང་སྡུག་སྦྱོང་མནར་གཅོད་ལག་བསྟར་བྱ་སྲིད་པར་འདི་ག་ལྟེ་གནས་ཁང་གིས་བློ་འཚབ་བྱེད་ཀྱིན་ཡོད། རྒྱ་ནག་དམར་ཤོག་གཞུང་གིས་ངེས་པར་དུ་འགྲོ་བ་མིའི་རང་དབང་ཐོབ་ཐང་ཁག་ཁྲིམས་འགལ་གྱི་ངོ་བོར་བསྒྱུར་ནས། བོད་མི་ཚོ་གང་བྱུང་འཛིན་བཟུང་དང་བཀག་ཉར། གསང་སྟབས་ཀྱིས་གར་སོང་ཆ་མེད་དུ་གཏོང་བཞིན་པ་མྱུར་དུ་མཚམས་འཇོག་དགོས། ཞི་བའི་ངོ་རྒོལ་དང་སྲིད་གཞུང་ལ་སྐྱོན་བརྗོད་བྱེད་པ་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྤྱི་ཆིངས་ནང་སྲུང་སྐྱོབ་བྱས་ཡོད་པར་མ་ཟད། རྒྱ་གཞུང་གིས་སྤྱི་ཆིངས་དེ་ལ་ངོས་ལེན་གྱི་མིང་རྟགས་བཀོད་ནས་ཁས་ལེན་གཙང་བ་བྱས་ཡོད་པ་དང་། རྒྱ་ནག་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཆིངས་ཡིག་ཁག་ལ་མིང་རྟགས་འགོད་མཁན་ཞིག་ཡིན་པའི་ཆ་ནས། རྒྱ་ནག་དམར་ཤོག་གཞུང་ལ་སྤྱི་དམངས་ཀྱི་ཞི་བའི་འདུ་འཛོམས་དང་སྨྲ་བརྗོད་རང་དབང་ཚུད་པའི་འགྲོ་བ་མིའི་ཐོབ་ཐང་ཁག་ལ་བརྩི་བཀུར་དང་སྲུང་སྐྱོབ་བྱེད་པའི་འགན་ཡོད།

About Tibetan Section TCHRD

Check Also

རྒྱ་གཞུང་གིས་ལྐོག་ཟ་རུལ་སུངས་ཐེར་འདོན་གནང་མཁན་བོད་མི་ཞིག་ལ་སྤྱི་ཚོགས་ནང་དཀྲུག་རྐྱེན་བཟོས་པའི་ཉེས་འཛུགས་འོག་བཀག་ཉར་བྱས་འདུག

རྒྱ་གཞུང་གིས་མཚོ་སྔོན་ཞིང་ཆེན་མགོ་ལོག་དགའ་བདེ་རྫོང་རྐྱང་ཆད་ཡུལ་ཚོའི་འབྲོག་པ་མང་ཚོགས་ཀྱིས་དགའ་མགུ་ཡི་རངས་ཐོབ་པའི་དམངས་དོན་བརྩོན་ལེན་པ་ཞིག་གང་བྱུང་བཀག་ཉར་བྱས་ཡོད་པ་དང་། བོད་མི་དེས་རང་ཡུལ་ས་གནས་སྲིད་གཞུང་གི་ལྐོག་ཟ་གསུག་ལེན་ཐེར་འདོན་དང་ལེགས་བཅོས། སྤྱི་ཚོགས་འགན་སྲུང་བཅས་ཀྱི་ལས་འགུལ་བསྟུད་མར་སྤེལ་ཡོད་པ་རེད། འདི་ལོའི་ཕྱི་ཟླ་༩ ཚེས་༤ ཉིན་གྱི་ཕྱི་དྲོར་དགའ་བདེ་རྫོང་སྤྱི་བདེ་མི་སྣས་མགོ་ལོག་མགྱོགས་བགྲོད་གཞུང་ལམ་ཁར་ས་གནས་སྲིད་གཞུང་གི་ལྐོག་ཟ་རུལ་སུངས་ཐེར་འདོན་དང་འབྲོག་མིའི་ཐོབ་ཐང་རྩོད་ལེན་པ་རང་ལོ་༤༧ ཡིན་པའི་ཨ་ཉ་སེང་སྒྲ་གང་བྱུང་འཛིན་བཟུང་གིས་ཟི་ལིང་བརྒྱུད་གྲོ་ཚང་(乐都)ཁུལ་གྱི་ལྟ་སྲུང་ཁང་དུ་ཁྲིད་ནས་བཀག་ཉར་བྱས་འདུག བཀག་ཉར་བྱས་རིང་། རྒྱ་གཞུང་གིས་ཨ་ཉ་སེང་སྒྲའི་བཟའ་ཟླ་གཡང་སྐྱིད་གཙོས་པའི་ནང་མི་ཁག་ཅིག་དང་ཁྲིམས་རྩོད་པ་ལིན་ཆི་ལེ་(LIN QI LEI)བཅས་ཕྱི་ཟླ་༩ ཚེས་༡༨ ཉིན་གྲོ་ཚང་ལྟ་སྲུང་ཁང་དང་། ཕྱི་ཟླ་༡༠ ཚེས་༢༡ ཉིན་དགའ་བདེ་རྫོང་སྤྱི་བདེ་ལས་ཁུངས་སུ་བཅར་ནས་རེ་འདུན་ཞུས་ཀྱང་ཐུག་འཕྲད་བྱེད་དུ་བཅུག་མེད་པ་རེད། …