Friday , September 21 2018
Home / གསར་འགྱུར། / མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་རིགས་དབྱེ་འབྱེད་འགོག་ཐབས་ཚོགས་ཆུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བློ་འཚབ་གནང་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་རིགས་དབྱེ་འབྱེད་འགོག་ཐབས་ཚོགས་ཆུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བློ་འཚབ་གནང་བ།

ཕྱི་ཟླ་༨ ཚེས་༡༠ དང་༡༣ ཉིན་ཇི་ནི་ཝ་གྲོང་ཁྱེར་ནང་ཚོགས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་རིགས་དབྱེ་འབྱེད་འགོག་ཐབས་ཚོགས་ཆུང་ནས་རྒྱ་ནག་དམར་ཤོག་གཞུང་གི་སྙན་ཐོར་བསྐྱར་ཞིབ་གནང་བར་འདི་ག་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ངོས་ནས་དགའ་བསུ་བྱེད་བཞིན་ཡོད་ལ། རྒྱལ་ཚོགས་ཀྱི་མི་རིགས་དབྱེ་འབྱེད་འགོག་ཐབས་ཚོགས་ཆུང་གིས་བསྐྱར་ཞིབ་ཀྱི་མཇུག་སྡོམ་གྲུབ་འབྲས་དེ་ཕྱི་ཟླ་༨ ཚེས་༣༠ ཉིན་བཏོན་ཡོད་པ་རེད།

བསྐྱར་ཞིབ་མ་གནང་སྔོན་ལ། འདི་ག་ལྟེ་གནས་ཁང་གི་ངོས་ནས་མི་རིགས་དབྱེ་འབྱེད་འགོག་ཐབས་ཚོགས་ཆུང་ལ་རྒྱ་གཞུང་གིས“རིགས་རུས་དབྱེ་འབྱེད་ཀྱི་རྣམ་པ་མཐའ་དག་འགོག་པའི་རྒྱལ་སྤྱིའི་སྤྱི་ཆིངས”ལག་བསྟར་བྱས་ཡོད་མེད་ཀྱི་དངོས་ཡོད་གནས་སྟངས་སྐོར་གྱི་སྙན་ཐོ་ཞིག་ཕུལ་ཡོད་ལ། སྙན་ཐོའི་ནང་དུ་རྒྱ་གཞུང་གི་མི་རིགས་དབྱེ་འབྱེད་ཀྱི་སྲིད་ཇུས་དང་ལག་བསྟར། ལྷག་པར་དུ་བོད་མི་རྣམས་ལ་དབྱེ་འབྱེད་ཟུར་ཕུད་བཏང་བ་དེས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་བ་དང་། མི་རིགས་དབྱེ་འབྱེད་ཀྱི་སྲིད་ཇུས་ལ་བརྟེན་ནས་བོད་མིའི་འགྲོ་འདུག་རང་དབང་ལ་དམ་དྲག་དང་། གང་བྱུང་བཀག་ཉར་དང་མནར་གཅོད་བཏང་བ། བཙོན་ཁང་དུ་འདས་གྲོངས་ཕྱིན་པ། བོད་ནང་གི་བོད་མིའི་འཚོ་གནས་ཡར་རྒྱས་གཏོང་རྒྱུ་ལས་ལྡོག་སྟེ་དབུལ་ཕོངས་བཟོས་པ། བོད་སྐད་ཡིག་བཀོལ་སྤྱོད་ཐོབ་ཐང་རྡོག་རོལ་བཏང་བའི་དངོས་ཡོད་གནས་སྟངས་གསལ་སྟོན་བྱས་ཡོད།

འདི་ག་ལྟེ་གནས་ཁང་གིས་ད་དུང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་ཚ་མོ་ཉི་མ་ལྷ་མོའི་ཚབ་བྱས་ཏེ་ཚོགས་ཆུང་དེ་ལ་ཞུ་སྙན་ཞིག་ཕུལ་ནང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་བཙོན་ཁང་དུ་སྐུ་གྲོངས་པའི་གནས་ཚུལ་ཞིབ་ཕྲ་དང་། བསྟན་འཛིན་བདེ་ལེགས་རིན་པོ་ཆེ་སྐུ་གྲོངས་པའི་གནས་སྟངས་ཐད་ལ་ཞིབ་འཇུག་གིས་མང་ཚོགས་ལ་གསལ་བཤད་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད་པ་དང་། འདི་ག་ལྟེ་གནས་ཁང་གི་ངོས་ནས་མི་རིགས་དབྱེ་འབྱེད་འགོག་ཐབས་ཚོགས་ཆུང་ནས་རྒྱ་ནག་གཞུང་ལ་ཞིབ་འཇུག་དེ་ཡང་ཕྱི་གསལ་ནང་གསལ་དང་། ཕྱོགས་རིས་མེད་པ་དང་རང་དབང་ཅན་གྱི་ཐོག་ནས་ཞིབ་འཇུག་གནང་དགོས་པའི་ཛ་དྲག་གི་འབོད་སྐུལ་ཡང་ཞུས་ཡོད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་རིགས་དབྱེ་འབྱེད་འགོག་ཐབས་ཚོགས་ཆུང་ནས་རྒྱ་གཞུང་གི་སྙན་ཐོར་བསྐྱར་ཞིབ་བྱས་པ་བརྒྱུད་ནས། བློ་འཚབ་དང་འབྲེལ་ཡོད་འབོད་སྐུལ་དོན་ཚན་༢༡ བཏོན་པའི་ནང་དུ། ཡར་རྒྱས་འཛུགས་སྐྲུན་དང་དབུལ་ཕོངས་ཉམ་ཐག ཡུལ་མི་གནས་སྤོར། ས་ཞིང་འཕྲོག་ལེན། སློབ་གསོ་དང་འཕྲོད་བསྟེན། གཞུང་འབྲེལ་མིན་པའི་སྤྱི་མང་། གསལ་ཁ་མེད་པའི་འཇིག་སྐུལ་དྲག་སྤྱོད་དང་ཁ་བྲལ་རིག་ལུགས་སོགས་ཀྱི་འགྲེལ་བརྗོད། མི་སྤྱོད་ལས་འདས་པའི་གདུག་རྩབ་དང་མནར་གཅོད། དེ་བཞིན་བོད་རིགས་དང་ཡུ་གུར། སོག་རིགས་བཅས་ཀྱི་གནས་སྟངས་འཁོད་འདུག

ཚོགས་ཆུང་གི་ངོས་ནས་བོད་མིིའི་འགྲོ་འདུག་རང་དབང་དང་སྐད་ཡིག་ཐོབ་ཐང་སྐོར་ལ་བློ་འཚབ་ཀྱིས་རྒྱ་གཞུང་ལ་འབོད་སྐུལ་ཞུས་པ་གཤམ་གསལ།

༡༽ བོད་མི་ཚོ་བོད་རང་སྐྱོང་ལྗོངས་ཀྱི་ཕྱི་ནང་དང་ཕྱིའི་རྒྱལ་ཁབ་ཁག་ནང་འགྲོ་འོང་བྱེད་པའི་ཁྲིམས་སྒྲིག་ལ་བསྐྱར་ཞིབ་ཀྱིས། ཕྱི་སྐྱོད་ལག་འཁྱེར་དང་འབྲེལ་བའི་མི་རིགས་དབྱེ་འབྱེད་ཀྱི་དཀའ་ཁག་སེལ་དགོས།

༢༽ བོད་རང་སྐྱོང་ལྗོངས་ཀྱི་ཁྲིམས་འཛིན་ལམ་ལུགས་དང་གསར་འགྱུར་བརྒྱུད་ལམ། ཤེས་ཡོན་སློབ་གོས་བཅས་ཀྱི་ནང་དུ་བོད་སྐད་ཡིག་བེད་སྤྱོད་ཀྱིས་སྐད་ཡིག་རྒྱུན་འཛིན་དར་སྤེལ་གཏོང་དགོས།

༣༽ གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཁྱབ་སྤེལ་དང་དམ་དྲག་ཅི་ཡོད་སྐོར་གྱི་དངོས་ཡོད་གནས་ཚུལ་སྙན་སེང་ཞུ་དགོས།

དེ་ཡང་ཉེ་ཆར་རྒྱ་གཞུང་གིས་བོད་སྐད་ཡིག་གི་ཐོབ་ཐང་དོན་གཉེར་བ་བཀྲ་ཤིས་དབང་ཕྱུག་ལ་ཁ་བྲལ་གྱི་ངན་སྐུལ་བྱས་པའི་ཉེས་འཛུགས་འོག་ཏུ་དུས་བཙོན་ཉེས་ཆད་བཅད་པ་ལྟར། ཚོགས་ཆུང་གི་ངོས་ནས། རྒྱ་གཞུང་གིས་བོད་སྐད་ཡིད་བཀོལ་སྤྱོད་དང་ཡར་རྒྱས་ཐད་ཀྱི་དམ་དྲག་དང་། བོད་སྐད་ཡིག་གི་ཐོབ་ཐང་ཞུ་གཏུག་ལས་འགུལ་ནི་ཁྲིམས་འགལ་དུ་བསྙད་པར་བློ་འཚབ་གནང་ཡོད་ལ། ཚོགས་ཆུང་གི་ངོས་ནས་དམིགས་བསལ་རྒྱ་གཞུང་གི་ཁྲིམས་ར་ཚོགས་དུས་ནམ་ཞར་བོད་སྐད་ཡིག་མིན་པར་རྒྱ་སྐད་རྒྱ་ཡིག་ཁོ་ན་བེད་སྤྱོད་པའི་ཐད་ལའང་བློ་འཚབ་གནང་ཡོད་ལ། འདི་ག་ལྟེ་གནས་ཁང་གི་ངོས་ནས་ཀྱང་དངོས་ཡོད་གནས་སྟངས་དེ་ནི་འདི་ལོའི་ཕྱི་ཟླ་༡ ནང་རྒྱ་གཞུང་གིས་བཀྲ་ཤིས་དབང་ཕྱུག་ལ་ཁྲིམས་བཤེར་བྱས་སྐབས་ཤེས་རྟོགས་བྱུང་བ་ལྟ་བུ་རེད།

ཕྱི་ཟླ་༨ ཚེས་༡༣ ཉིན་གྱི་གྲོས་ཞིབ་སྐབས་སུ། ཚོགས་ཆུང་གི་ཆེད་ལས་མི་སྣས་རྒྱ་གཞུང་གིས་སྐད་གཉིས་སློབ་གསོ་ལག་བསྟར་བྱས་པ་དེས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ལ་དོ་ཕོག་ཚབས་ཆེན་བཟོ་བཞིན་པར་བློ་འཚབ་དང་། ཆེད་ལས་མི་སྣ་ཐུན་མོང་ནས་གྲངས་ཉུང་མི་རིགས་ས་ཁུལ་ཁག་ནང་སྐད་ཡིག་དར་རྒྱས་གཏོང་གི་ཡོད་མེད་དང་སྐད་ཡིག་སློབ་གསོའི་གནང་སྟངས་ཅི་འདྲ་ཡིན་མིན་ཐད་ལའང་བློ་འཚབ་གནང་ཡོད་པ་རེད།

དྲག་སྤྱོད་རིང་ལུགས་དང་ཁ་བྲལ་རིང་ལུགས་ཞེས་པའི་འགྲེལ་བརྗོད། 

རྒྱ་ནག་གི་ཁྲིམས་སྒྲིག་ཁག་གི་ནང་དུ་འཇིགས་སྐུལ་རིང་ལུགས་དང་། ཐལ་སྤྱོད་རིང་ལུགས། ཁ་བྲལ་རིང་ལུགས་སོགས་གསལ་ཁ་མེད་པའི་འགྲེལ་བརྗོད་མང་པོ་བྱས་ཏེ། སྤྱི་མང་དང་ཆོས་ལུགས་ཀྱི་སྨྲ་བརྗོད་རང་དབང་ནི་ཁྲིམས་འགལ་བཟོས་ཡོད་པ་དང་། དམིགས་བསལ་བོད་རིགས་དང་ཡུ་གུར། སོག་རིགས་དང་བཅས་པའི་གྲངས་ཉུང་མི་རིགས་ཁག་གི་ནང་དེ་ལྟར་བཟོས་ཡོད་པའི་ཐད་ལ་ཚོགས་ཆུང་གི་ངོས་ནས་བློ་འཚབ་ཀྱིས་རྒྱ་གཞུང་ལ་འབོད་སྐུལ་ཞུས་དོན།

༡༽ འབྲེལ་ཡོད་བཅའ་ཁྲིམས་དང་སྒྲིག་ཁྲིམས་ལག་བསྟར་བཅས་ལ་བསྐྱར་ཞིབ་ཀྱིས་ཁ་གསལ་བཟོ་དགོས།

༢༽ འགྲོ་བ་མིིའི་ཐོབ་ཐང་རྡོག་རོལ་དང་ལོག་སྤྱོད་འགོག་ཐབས་སུ་དེ་ལ་འོས་འཚམ་གྱི་སྲུང་སྐྱོབ་དང་ནུས་པ་ལྡན་པའི་རྟོག་ཞིབ་ཚོགས་ཆུང་ཆེད་འཛུགས་བྱེད་དགོས།

༣༽ ཆེད་བཙུགས་ཚོགས་ཆུང་དེ་དག་གིས། རིགས་རུས་དང་ཤ་མདོག རིགས་རྒྱུད། མི་རིགས། ངོ་བོ། ཆོས་ལུགས་བཅས་ཀྱི་དབྱེ་བ་མེད་པར་དྲང་བདེན་གྱིས་ལག་བསྟར་བྱེད་དགོས།

ཚོགས་ཆུང་གི་ངོས་ནས་ད་དུང་རྒྱ་གཞུང་ལ་ཐེངས་རྗེས་མའི་སྙན་ཞུ་འབུལ་སྐབས། གྲངས་ཉུང་མི་རིགས་ཁག་གི་དུས་བཙོན་དང་ཉེས་འཛུགས། ཁྲིམས་གཏུག དེ་བཞིན་ཐལ་སྤྱོད་རིང་ལུགས་དང་འཇིགས་སྐུལ་རིང་ལུགས། ཁ་བྲལ་རིང་ལུགས་སོགས་འབྲེལ་ཡོད་ཉེས་དོན་གཞན་དག་ལག་བསྟར་བྱས་པའི་གྲངས་ཚད་གསལ་བོར་འཁོད་དགོས་པ་བརྗོད་ཡོད།

མནར་གཅོད་དང་བཙོན་ཁང་དུ་འདས་གྲོངས་ཕྱིན་པ།

རྒྱ་གཞུང་གིས་མི་སྤྱོད་ལས་འདས་པའི་གདུག་རྩུབ་དང་མནར་གཅོད་བཏང་བར་ངོས་ལེན་བྱས་མེད་ཀྱང་། ཚོགས་ཆུང་གི་ངོས་ནས་བོད་དང་ཡུ་གུར་སོགས་གྲངས་ཉུང་མི་རིགས་ཁག་དང་། དེ་བཞིན་ཞི་བའི་ལས་འགུལ་སྤེལ་མཁན། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་སོགས་ལ་ཐེབས་པའི་མི་སྤྱོད་ལས་འདས་པའི་གདུག་རྩུབ་དང་མནར་གཅོད་ཐད་ལ་བློ་འཚབ་ཀྱིས། རྒྱ་གཞུང་ལ་ཞུས་པའི་འབོད་སྐུལ་གཤམ་གསལ།

༡༽ གྲངས་ཉུང་མི་རིགས་ཁག་ལ་ཐེབས་པའི་མི་སྤྱོད་ལས་འདས་པའི་གདུག་རྩུབ་དང་གནར་གཅོད་འགོག་ཐབས་ཤུགས་ཆེར་གཏོང་དགོས་པ་དང་། ཁྲིམས་རྩོད་ཀྱི་ཐོབ་ཐང་ཡར་རྒྱས་གཏོང་དགོས།

༢༽ ཉེས་འཛུགས་མནར་གཅོད་དང་སུན་གཙེར། མི་སྤྱོད་ལས་འདས་པའི་གདུག་རྩུབ། བཙོན་ཁང་དུ་འདས་གྲོངས་ཕྱིན་པ་སོགས་ངེས་བརྟན་བཟོས་ནས། བཙན་ཤེས་ཀྱིས་འཛིན་བཟུང་བཀག་ཉར་བྱས་པའི་གྲངས་ཉུང་མི་རིགས་ཁག་ལ་རང་དབང་ཚོགས་ཆུང་བརྒྱུད་ནས་ཉེ་རིང་ཕྱོགས་རུས་མེད་པར་དུས་ཐོག་ཏུ་ནུས་པ་ལྡན་པའི་རྟོག་ཞིབ་བྱས་ཏེ། ཉེས་ཅན་ལ་དྲང་བདེན་གྱི་ཁྲིམས་བཤེར་ཐོབ་ཐང་སྤྲོད་དགོས།

༣༽ བཙོན་ཁང་ནང་འདས་གྲོངས་ཕྱིན་པའི་གྲངས་ཉུང་མི་རིགས་ཁག་ལ་རང་དབང་གི་ཆེད་ལས་མི་སྣར་རྟོག་ཞིབ་བྱེད་དུ་འཇུག་དགོས།

༤༽ ཕྱི་ལོ་༢༠༡༥ ལོར་མནར་གཅོད་འགོག་ཐབས་ཚོགས་ཆུང་ནས་རྒྱ་གཞུང་ལ་བཏོན་པའི་འབོད་སྐུལ་དོན་ཚན་༤༡ ཆ་ཚང་ལག་བསྟར་བྱེད་དགོས།

༥༽ འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་དང་སྲུང་སྐྱོབ་གནང་མཁན་རྣམས་ལ་སྲུང་སྐྱོབ་ཡོང་ཆེད་བདེ་འཇགས་ཀྱི་ཁོར་ཡུག་བསྐྲུན་ཐབས་བྱེད་དགོས།

འཕྲོད་བསྟེན་གནས་སྟངས་ཀྱི་ཁྱད་པར།  

རྒྱ་གཞུང་གི་སྙན་ཐོའི་ནང་དུ་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་ནང་འཕྲོད་བསྟེན་ལྟ་སྐྱོང་དང་ཞབས་ཞུའི་མཐུན་འགྱུར་ཡར་རྒྱས་བཏང་ཡོད་རབས་འཁོད་ཀྱང་། ཚོགས་ཆུང་གི་ངོས་ནས་སྦྲུལ་མའི་འཕྲོད་བསྟེན་ལྟ་སྐྱོང་ཚུད་པའི་འཕྲོད་བསྟེན་ལྟ་སྐྱོང་གི་གནས་སྟངས་སྐྱོ་བོ་ཡིན་པ་གསལ་འདོན་བྱས་ཏེ། རྒྱ་གཞུང་ལ་དམིགས་བསལ་གྲངས་ཉུང་མི་རིགས་ཁག་ལ་ཐེབས་པའི་འཕྲོད་བསྟེན་ལྟ་སྐྱོང་དབྱེ་འབྱེད་ཀྱི་གནོད་རྐྱེན་དང་འཕྲོད་བསྟེན་ལྟ་སྐྱོང་གི་འགྲོ་གྲོན་ཐད་ཀྱི་འགོག་རྐྱེན་སོགས་གླེང་སློང་དང་འབད་བརྩོན་ཤུགས་ཆེར་གཏོང་དགོས་པ་དང་། ཡུལ་མཐའ་འཁོབ་ཀྱི་ས་གནས་མི་མང་ལ་འཕྲད་པའི་འཕྲོད་བསྟེན་ལྟ་སྐྱོང་གི་དཀའ་ཁག་ལ་མནོ་བསམ་གཏོང་དགོས་པའི་འབོད་སྐུལ་ཞུས་ཡོད་པར་མ་ཟད། ཚོགས་ཆུང་གིས་ད་དུང་རྒྱ་གཞུང་ལ་སྐབས་རྗེས་མའི་སྙན་སེང་སྐབས་སུ། གྲངས་ཉུང་མི་རིགས་ཁག་གི་འཕྲོད་བསྟེན་གནས་སྟངས་དང་མིའི་ཚེ་ཚད་བཅས་ཀྱི་གྲངས་ཚད་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་ཡོད།

འདི་ག་ལྟེ་གནས་ཁང་ནས་ཕྱི་ལོ་༢༠༡༥ ལོར་བཏོན་པའི་ཨ་མ་དང་ཕྲུ་གུའི་གནས་སྟངས་སྐོར་གྱི་དམིགས་བསལ་སྙན་ཐོའི་ནང་དུ། བོད་ཁུལ་གྱི་ས་གནས་དང་ཡུལ་མཐའ་འཁོབ། ལྷག་པར་དུ་བོད་རང་སྐྱོང་ལྗོངས་ནང་དུ་ཨ་མ་དང་ཕྲུ་གུའི་འཕྲོད་བསྟེན་ལྟ་སྐྱོང་གི་གནས་སྟངས་ཧ་ཅང་སྐྱོ་བོ་ཡིན་པ་དང་། དེ་རྒྱ་རིགས་དང་བསྡུར་བ་ཡིན་ན་ཁྱད་པར་ཆེན་པོ་ཤོར་ཡོད་བརྗོད་ཅིང་། ཕྱི་ལོ་༢༠༠༩ ལོར་རྒྱ་རིགས་དང་བསྡུར་ན་བོད་རང་སྐྱོང་ལྗོངས་ནང་བྱིས་པའི་ཨ་མ་འདས་གྲོངས་ཕྱིན་ཚད་ལྡབ་གྲངས་༨ དང་བྱིས་པ་འདས་གྲོངས་ཕྱིན་ཚད་ལྡབ་གྲངས་༣ གྱིས་མཐོ་བ་དང་། ཟས་བཅུད་ཀྱིས་མ་འདང་པའི་བྱིས་པ་གྲོངས་ཚད་ལྡབ་གྲངས་༢ ཀྱིས་མཐོ་བ་ཟིན་ཞིང་། ཕྱི་ལོ་༢༠༡༢ ལོར་བོད་རང་སྐྱོང་ལྗོངས་ནང་བོད་མིའི་ཚེ་ཚད་རྒྱ་རིགས་མི་མང་དང་བསྡུར་ན་ལྡབ་གྲངས་༨.༥ ཐུང་བ་གསལ་ཡོད།

བཙན་གྱིས་འབྲོག་རུ་ཕྱིར་ཕུད་དང་གནས་སྤོར།

མི་རིགས་དབྱེ་འབྱེད་འགོག་ཐབས་ཚོགས་ཆུང་གི་ངོས་ནས་རྒྱ་གཞུང་གི་དབུལ་ཐར་མཁྲེགས་གཏོར་དང་། སྣོད་བཅུད་བསྐྱར་གསོ། གནས་སྤོར་འཆར་འགོད་སོགས་བཙན་ཤེད་ཀྱིས་ཡར་རྒྱས་འཛུགས་སྐྲུན་ལ་བརྟེན་ནས་ཞིང་འབྲོག་མང་ཚོགས་ཀྱི་འཚོ་ཐབས་དང་སྔར་སྲོལ་འཚོ་གནས་ཤོར་བའི་གནས་སྟངས་ལ་བློ་འཚབ་གནང་བ་དང་སྦྲགས། ཚོགས་ཆུང་གི་ངོས་ནས་རྒྱ་གཞུང་གིས་བཙན་གྱིས་འབྲོག་རུ་ཕྱིར་ཕུད་དང་གནས་སྤོར། དེ་བཞིན་ཕྱི་ལོ་༢༠༡༤ ལོར་དཔལ་འབྱོར་དང་སྤྱི་ཚོགས། རིག་གཞུང་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་སྤྱི་ཆིངས་ལག་བསྟར་ཚོགས་ཆུང་ནས་འབྲོག་རུ་གནས་སྤོར་དང་ཡུལ་མི་བཙན་གྱིས་ཕྱིར་ཕུད་གཏོང་བའི་བཞིན་པའི་སྐོར་ལ་རྟོགས་ཞིབ་སྙན་ཐོའི་༼ས་བཅད་༣༠ དང་༣༡ ལ་གཟིགས་རོགས།༽ནང་དུ་དམིགས་བསལ་འབོད་སྐུལ་ཚན་གཉིས་བཏོན་ཏེ། གྲངས་ཉུང་མི་རིགས་ས་ཁུལ་ཁག་ནང་ཡུལ་མི་གནས་སྤོར་གཏོང་བཞིན་པའི་ཐད་ལ་རྒྱ་ནག་དམར་ཤོག་གཞུང་གིས་ས་གནས་སྲིད་གཞུང་གི་ལས་བྱེད་དང་མང་ཚོགས་དང་མཉམ་དུ་ཕྱི་གསལ་ནང་གསལ་དང་ཕན་ནུས་ལྡན་པའི་ཐོག་ནས་ལས་དོན་སྒྲུབ་དགོས་པ་དང་། འཚོ་བའི་ཁ་གསབ་རོགས་དངུལ་སྤྲད་ནས་ཡུལ་མིའི་འཚོ་གནས་ངེས་བརྟན་དང་འཚོ་ཐབས་བསྐྱར་གསོ། སྐད་ཡིག་དང་རིག་གཞུང་དར་སྤེལ་གྱི་མཐུན་འགྱུར་སྤྲོད་དགོས་པའི་འབོད་སྐུལ་ཞུས་འདུག

ཡར་རྒྱས་དང་དབུལ་ཐར།

ཚོགས་ཆུང་གི་ངོས་ནས་མི་རིགས་འདྲ་མཉམ་མིན་པའི་དབུལ་ཕོངས་ཀྱི་གནས་བབ་དང་། རྒྱ་ནག་དམར་ཤོག་གཞུང་གིས་གྲངས་ཉུང་མི་རིགས་ཁག་གི་དབུལ་ཕོངས་ཀྱི་གྲངས་འབོར་གསལ་བཤད་བྱས་མེད་པ་བཅས་ལ་བློ་འཚབ་ཆེ་བར་བརྗོད་དེ། རྒྱ་ནག་དམར་ཤོག་གཞུང་གིས་ཐེངས་རྗེས་མའི་སྙན་ཐོའི་ནང་དུ་གྲངས་ཉུང་མི་རིགས་ཀྱི་དབུལ་ཕོངས་ཀྱི་གྲངས་འབོར་དང་། གྲངས་ཉུང་མི་རིགས་ཁག་གི་གནས་སྟངས་གཞན་དག་སྟེ། དཔལ་འབྱོར་དང་སྤྱི་ཚོགས། རིག་གཞུང་གི་ཐོབ་ཐང་ཁག་ལོངས་སུ་སྤྱོད་ཐུབ་ཡོད་མེད་ཀྱི་དངོས་ཡོད་གནས་སྟངས་གསལ་སྟོན། དེ་བཞིན་ཕྱི་ལོ་༢༠༡༦ ནས་༢༠༢ བར་གྱི་རྒྱལ་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་ལས་འཆར་ལག་བསྟར་བྱས་མིན་དང་དེའི་ཕན་ནུས་ཐོན་མིན་གསལ་སྟོན་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད། རྒྱ་ནག་དམར་ཤོག་གཞུང་གིས་མི་མང་དཀྱིལ་སྙིང་དུ་འཛིན་པའི་ཡར་རྒྱས་འཛུགས་སྐྲུན་འཆར་འགོད་ཐད་ལ་ཚོགས་ཆུང་གི་ངོས་ནས་རྒྱ་ནག་དམར་ཤོག་གཞུང་གི་མི་མང་དཀྱིལ་སྙིང་དུ་འཛིན་པའི་ཡར་རྒྱས་འཛུགས་སྐྲུན་ཁྲོད་དུ་འགྲོ་བ་མིའི་ཐོབ་ཐང་ངེས་བརྟན་བཟོ་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུས་ཡོད་པ་རེད།

སྤྱི་མང་ལ་དྲག་གནོན།

ཉེ་བའི་ལོ་ཤས་རིང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་རྒྱ་གཞུང་གིས་སྤྱི་མང་ལ་འཆར་གཞི་ལྡན་པའི་དྲག་གནོན་ཤུགས་ཆེར་བཏང་བ་ཤེས་རྟོགས་བྱུང་བ་ལྟར། ཚོགས་ཆུང་གི་ངོས་ནས་རྒྱ་གཞུང་གིས་གཞུང་འབྲེལ་མིན་པའི་སྒྲིག་འཛུགས་ཁག་དང་སྤྱི་མང་གི་ཚོགས་སྡེ་གཞན་དག་ལ་རྒྱ་ནག་སྐམ་ས་ཆེན་མོའི་ནང་ལོགས་ཀྱི་ཕྱིའི་གཞུང་འབྲེལ་མིན་པའི་ཚོགས་པ་སྒྲིག་འཛུགས་ཁག་གི་ལས་འགུལ་ལ་དོ་དམ་བཅའ་ཁྲིམས་དང་ཐེབས་རྩའི་བཅའ་ཁྲིམས་སོགས་ལོག་སྤྱོད་ཀྱི་ཁྲིམས་སྒྲིག་འདྲ་མིན་སྣ་ཚོགས་ལག་བསྟར་བྱས་པར་བློ་འཚབ་གནང་ཡོད། ཚོགས་ཆུང་གི་ངོས་ནས་གཞུང་འབྲེལ་མིན་པའི་སྤྱི་མང་གིས་མི་རིགས་དབྱེ་འབྱེད་འགོག་ཐབས་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་གལ་ཆེའི་ལས་དོན་བསྒྲུབས་པ་གླེང་སློང་བྱས་ནས། རྒྱ་ནག་དམར་ཤོག་གཞུང་ལ་མི་རིགས་དབྱེ་འབྱེད་ཀྱི་དཀའ་རྙོག་སེལ་ཐབས་ཀྱི་ཕྱག་ལས་གནང་མཁན་སྤྱི་མང་དང་དམིགས་བསལ་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་ཐོག་འཛིན་པའི་ཁྲིམས་སྒྲིག་ལྷོད་ཡངས་གཏོང་དགོས་པ་དང་། རྒྱལ་སྤྱིའི་གཞུང་འབྲེལ་མིན་པའི་སྒྲིག་འཛུགས་ཀྱི་འགྲོ་ལུགས་འགྲོ་སྟངས་ཕྱི་གསལ་ནང་གསལ་གྱིས་ཡར་རྒྱས་གཏོང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།

ཚོགས་ཆུང་གི་ངོས་ནས་རྒྱ་གཞུང་གིས་རང་རྒྱལ་གྱི་བཅའ་ཁྲིམས་ནང་དུ་ཁ་བྲལ་རིང་ལུགས་དང་འཇིགས་སྐུལ་རིང་ལུགས། མི་རིགས་དབྱེ་འབྱེད་བཅས་ཀྱི་འགྲེལ་བརྗོད་ལ་ཁ་གསལ་ཞིབ་ཕྲ་ཅི་ཡང་མེད་པར་རྟོགས་ཞིབ་བྱེད་དགོས་པ་དང་། རྒྱ་ནག་དམར་ཤོག་གཞུང་གིས་མི་སྤྱོད་ལས་འདས་པའི་གདུག་རྩུབ་དང་མནར་གཅོད་བཅས་ཀྱི་ཐད་ལ་བསམ་བློ་གཏོང་རྒྱུ་གལ་འགངས་ཆེན་པོ་ཡིན་པ་བརྗོད་ཡོད།

ཕྱི་ལོ་༨ ཚེས་༡༣ ཉིན་གྲོས་ཞིབ་སྐབས་སུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་ནག་དམར་ཤོག་གཞུང་གི་སྐུ་ཚབ་ཡུ་ཅིན་ཧྭ་ཡིས། གྲངས་ཉུང་མི་རིགས་ཆིག་སྒྲིལ་དང་འདྲ་མཉམ་ཡོང་ཆེད་ལ་དམིགས་ནས་ཕྱི་ལོ་༢༠༡༨ ཟླ་༣ ནང་རྒྱ་ནག་གི་རྩ་ཁྲིམས་ལ་བསྐྱར་བཅོས་བྱས་རབས་དང་། དེ་ཡང་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་གཞིར་བཟུང་ནས་གྲངས་ཉུང་མི་རིགས་ཀྱི་ཁྲིམས་མཐུན་སྒྲོམ་གཞི་བཟོས་ཡོད་རབས་བཤད་ཀྱང་། རྒྱ་གཞུང་གིས་རྩ་ཁྲིམས་བཟོ་བཅོས་བྱས་པ་དེ་ནི་སྔར་ལས་ལྷག་པར་ཁྲིམས་མེད་ལུགས་མེད་དང་ཞི་ཅིན་ཕིན་གྱི་དབང་འཛིན་ལས་ཡུན་ལ་ཚད་བཀག་མེད་པ་བཟོ་ཐབས་སུ་དམིགས་པ་ཞིག་ཡིན་པ་རེད། དཔེར་ན། རྒྱ་གཞུང་གི་རྩ་ཁྲིམས་བཟོ་བཅོས་ཀྱི་དོན་ཚན་དང་པོའི་ནང་གསེས་གཉིས་པར་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་འཁྲིད་ནི་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་ཁྱད་ཆོས་ཡིན་ཞེས་དང་། རྩ་ཁྲིམས་བཟོ་བཅོས་ཀྱི་དོན་ཚན་གཞན་ཞིག་གི་ནང་དུ་སྲིད་འཛིན་དང་སྲིད་བློན་གཉིས་ཀྱི་དབང་འཛིན་ལས་ཡུན་གྱི་གཏན་འབེབས་དེ་མེད་པ་བཟོས་ཡོད་པ་རེད།

About Tibetan Section TCHRD

Check Also

རྒྱ་གཞུང་གིས་བཙན་བྱོལ་དུ་ཡོད་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཞིག་གི་ནང་མི་ཚོར་ཁོང་རྩིས་སྤྲོད་དགོས་རབས་ཀྱི་ཉེན་བརྡ་བཏང་།

རྒྱ་གར་ནང་སྐྱབས་བཅོལ་དུ་འབྱོར་བའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཞིག་རྩིས་སྤྲོད་དགོས་རབས་བཤད་ནས་རྒྱ་ནག་དམར་ཤོག་གཞུང་གིས་མཚོ་སྔོན་མགོ་ལོག་ཁུལ་པདྨ་རྗོང་དུ་ཡོད་པའི་ཁོང་གི་ཨ་མ་གཙོས་པའི་ནང་མི་ཚོར་གང་བྱུང་ཉེས་ཆད་བཏང་འདུག རང་ལོ་༣༥ ཡིན་པའི་བསྟན་འཛིན་འོད་ཟེར་གྱིས་འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་གསལ་བཤད་གནང་བ་ལྟར་ན། ས་གནས་སྤྱི་བདེ་ཉེན་རྟོག་པས་དགུང་ལོ་༦༩ ཡིན་པའི་ཁོང་གི་ཨ་མ་སྨོན་ལམ་སྐྱིད་ཕྱི་ཟླ་༥ ཚེས་༢༣ ནས་ཕྱི་ཟླ་༦ ཚེས་༦ ཉིན་བར་གང་བྱུང་བཀག་ཉར་བྱས་ཡོད་པ་དང་། འདས་པའི་བདུན་ཕྲག་གཉིས་རིང་ས་གནས་སྤྱི་བདེ་ཉེན་རྟོག་པས་ཁོང་མོ་གསལ་ཁ་མེད་པའི་ས་ཆ་ཞིག་ཏུ་བཀག་ཉར་གྱིས་བུ་བསྟན་འཛིན་འོད་ཟེར་གར་ཡོད་ཅི་བྱེད་སྐོར་ལ་འདྲི་གཅོད་བྱས་ཤིང་། གློད་གྲོལ་བཏང་རྗེས་ཁོང་མོ་རྒྱུན་ལྡན་མིན་པ་ལྟ་བུ་ཆགས་ཡོད་པར་གཞིག་ན། བཀག་ཉར་ཁང་དུ་ཉེན་རྟོག་པས་ཁོང་མོར་འདྲི་གཅོད་བྱས་ཡོད་པར་སྣང་། དེ་ཡང་བསྟན་འཛིན་འོད་ཟེར་གྱིས་འདི་ག་ལྟེ་གནས་ཁང་ལ། ད་ཆར་ངའི་ཨ་མས་སྐད་ཆ་འབྲེལ་མི་ཆགས་པ་ལྟ་བུ་གསུང་གི་འདུག་པས། ང་ཁོང་མོའི་བདེ་ཐང་ལ་ཧ་ཅང་སེམས་ཁྲལ་སྐྱེ་ཡི་འདུག …

Leave a Reply

Your email address will not be published. Required fields are marked *