Sunday , September 22 2019
Home / གསར་འགྱུར། / བོད་མིའི་མང་གཙོ་རྒྱུན་སྤྱོད་ལག་དེབ།

བོད་མིའི་མང་གཙོ་རྒྱུན་སྤྱོད་ལག་དེབ།

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བོད་ཀྱི་སྔར་སྲོལ་ཆབ་སྲིད་ལམ་ལུགས་དེ་བཞིན་དེང་རབས་མང་གཙོའི་ལམ་སྲོལ་བཟང་བོར་བསྒྱུར་གནང་བའི་རླབས་ཆེན་གྱི་ཐུགས་དགོངས་འོག་ཏུ། ཕྱི་ལོ་༡༩༦༠ ཟླ་༩ ཚེས་༢ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་དང་པོའི་སྤྱི་འཐུས་རྣམས་ཀྱིས་ལས་འཁུར་དམ་འབུལ་ཞུས་པ་ནས་བཟུང་། བཙན་བྱོལ་གཞུང་མང་གཉིས་ནས་ཉིན་མོ་དེ་ནི་བོད་མིའི་མང་གཙོའི་ལམ་སྲོལ་བཟང་པོ་དབུ་བརྙེས་པའི་ཉིན་མོར་གཏན་འཁེལ་བྱུང་བ་ལྟར། འདི་ལོར་བོད་མིའི་མང་གཙོའི་ལམ་སྲོལ་དབུ་བརྙེས་ནས་མི་ལོ་ཧྲིལ་བོ་༥༨ འཁོར་བའི་དུས་དྲན་ཁྱད་པར་ཅན་སྲུང་བརྩིའི་སྐབས་དང་བསྟུན་ནས། འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་<<བོད་མིའི་མང་གཙོ་རྒྱུན་སྤྱོད་ལག་དེབ་>>ཅེས་པ་འགྲེམ་སྤེལ་བྱས་ཡོད།

ཁྱོན་དོན་ཚན་༡༤ དང་ཤོག་ངོས་༥༢ གྱིས་གྲུབ་པའི་<<བོད་མིའི་མང་གཙོ་རྒྱུན་སྤྱོད་ལག་དེབ་>>འདིའི་ནང་དུ། དེང་རབས་མང་གཙོའི་ལམ་ལུགས་ངོ་སྤྲོད་སྙིང་བསྡུས་བྱས་པ་བརྒྱུད་དེ། འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ལམ་ལུགས་བར་གྱི་འབྲེལ་བ་དང་། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་སྤྱི་གཉིས་ཀྱི་སྒྲོམ་གཞི་དང་དབང་ཚད། བོད་མིའི་བཅའ་ཁྲིམས་ནང་གསལ་གྱི་གཞི་རྩའི་རང་དབང་དང་ཐོབ་ཐང་ཁག བོད་མིའི་གཞི་རྩའི་ཐོབ་ཐང་དང་ལས་འགན་བར་གྱི་འབྲེལ་བ། རང་དབང་དང་དྲང་བདེན་གྱི་སྒོ་ནས་རྒྱ་ཆེའི་མི་མང་མང་གཙོའི་ལམ་ལུགས་ནང་མཉམ་ཞུགས་གནང་དགོས་པའི་གལ་ཆེའི་རང་བཞིན། དེ་བཞིན་མང་གཙོའི་འོས་བསྡུ་དང་ནོར་འཛོལ་ཞུ་གཏུག་གི་ཐབས་ལམ་བཅས་ཁ་གསལ་གོ་བདེར་བཏོན་ཡོད།

འདི་ག་ལྟེ་གནས་ཁང་གི་རེ་འདུན་ནི། <<བོད་མིའི་མང་གཙོ་རྒྱུན་སྤྱོད་ལག་དེབ་>>འདི་ལ་བརྟེན་ནས། རང་ཅག་བཙན་བྱོལ་བོད་མི་རྣམས་ཀྱིས་འཛམ་གླིང་སྒང་གི་དེང་རབས་མང་གཙོའི་རྒྱལ་ཁབ་དང་སྔོན་ཐོན་མི་རིགས་གཞན་དག་ནང་བཞིན། སོ་སོའི་རང་དབང་དང་ཐོབ་ཐང་ཁག་ཤེས་རྟོགས་ཡོང་རྒྱུ་མ་ཟད། ལྷག་པར་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བོད་མི་མང་ལ་གསོལ་རས་སུ་བསྩལ་གནང་བའི་མང་གཙོའི་ལམ་སྲོལ་བཟང་བོ་འདི་བཞིན་ད་ཡོད་ལས་ལྷག་པའི་སྲ་བརྟན་རང་བཞིན། ནུས་སྟོབས་དང་ལྡན་པ། འགན་འཁྲི་རང་བཞིན་དང་ཕྱི་གསལ་ནང་གསལ་བཅས་ཡོང་ཐབས་ཀྱི་གོ་རྟོགས་དང་ལས་འགན་ཁུར་དུ་བླངས་ཏེ། སོ་སོའི་རང་དབང་ཐོབ་ཐང་ཁག་ཚུལ་བཞིན་དུ་ལོངས་སུ་སྤྱོད་ཐུབ་རྒྱུ་དེ་ཡིན། དེར་རྟེན། རྒྱ་ཆེའི་མི་མང་ནས་དོ་སྣང་དང་ཕན་ཚུན་རོགས་རེས་མཉམ་ཞུགས་གནང་བའི་རེ་སྐུལ་ཞུ་བཞིན་ཡོད།

ཕྱི་ལོ་༢༠༡༨ ཟླ་༩ ཚེས་༢ ཉིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས།

ལག་དེབ་འདི་ནས་ཕབ་ལེན་བྱོས། 

 

Check Also

རྒྱ་གཞུང་གིས་ཆབ་སྲིད་ཀྱི་མནར་གཅོད་མཚམས་བཞག་སྟེ་གར་སོང་ཆ་མེད་བཟོས་པའི་དགེ་འདུན་པ་ཚོའི་དངོས་ཡོད་གནས་ཚུལ་གསལ་བཤད་བྱེད་དགོས།

འདི་ག་ལྟེ་གནས་ཁང་གི་ངོས་ནས། རྒྱ་གཞུང་གིས་ཟི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་གྱི་དགེ་འདུན་པ་གསུམ་གང་བྱུང་བཀག་ཉར་བྱས་པ་དང་བཙན་གྱིས་གར་སོང་ཆ་མེད་བཟོས་པ། དྲང་བདེན་མ་ཡིན་པའི་ཁྲིམས་ཐག་བཅད་པའི་གནས་ཚུལ་ངེས་པར་དུ་གསལ་བཤད་བྱེད་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུ་བཞིན་ཡོད་ལ། འདི་ག་ལྟེ་གནས་ཁང་གིས། རྒྱ་གཞུང་ནས་ཆོས་དད་དང་ཆབ་སྲིད་ཀྱི་ཉེས་འཛུགས་འོག་ཏུ་དགེ་འདུན་པ་དེ་དག་ལ་སྡུག་སྦྱོང་མནར་གཅོད་བཏང་བ་དང་། གང་བྱུང་བཀག་བསྐྱིལ་བཙོན་འཇུག་བྱས་པ་དེ་ནི། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་གཞི་དང་རྩ་འཛིན་ཁག་རྩིས་མེད་རྡོག་རོལ་བཏང་བར་ཡིད་ཆེས་བྱེད་ཀྱིན་ཡོད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆིངས་གནས་རྒྱལ་ཁབ་ཡིན་པའི་ཆ་ནས། རྒྱ་ནག་དམར་ཤོག་སྲིད་གཞུང་ལ་རྒྱལ་སྤྱིའི་ཁྲིམས་གཞི་རྩ་འཛིན་དེ་དག་ལ་བརྩི་འཇོག་དང་སྲུང་སྐྱོབ། ལག་བསྟར་བྱེད་པའི་འགན་ཡོད། འདི་ལོའི་ཕྱི་ཟླ་༧ ཚེས་༣༠ ཉིན་རང་ལོ་༣༧ ཡིན་པའི་དགེ་འདུན་པ་བློ་བཟང་ཐབས་མཁས་ལ་མི་ལོ་༤ ཡི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་དང་། …