Thursday , December 13 2018
Home / གསར་འགྱུར། / གཞོན་སྐྱེས་རྩོམ་པ་པོ་བསྟན་འཛིན་དགེ་ལེགས་ཀྱིས་ཁེར་རྐྱང་ཞི་རྒོལ་གནང་རྐྱེན་རྒྱ་གཞུང་གིས་ཁོང་འཛིན་བཟུང་གིས་གར་སོང་ཆ་མེད་བཟོས་འདུག

གཞོན་སྐྱེས་རྩོམ་པ་པོ་བསྟན་འཛིན་དགེ་ལེགས་ཀྱིས་ཁེར་རྐྱང་ཞི་རྒོལ་གནང་རྐྱེན་རྒྱ་གཞུང་གིས་ཁོང་འཛིན་བཟུང་གིས་གར་སོང་ཆ་མེད་བཟོས་འདུག

བསྟན་འཛིན་དགེ་ལེགས།

རྒྱ་གཞུང་གིས་རྔ་བའི་རྫོང་ཐོག་ཏུ་བོད་རང་དབང་གི་སྐད་འབོད་གནང་མཁན་གཞོན་སྐྱེས་རྩོམ་པ་པོ་གྲྭ་བསྟན་འཛིན་དགེ་ལེགས་འཛིན་བཟུང་གིས་གར་ཁྲིད་ཅི་བྱས་ཀྱི་གནས་ཚུལ་ཤེས་རྟོགས་ཐུབ་མེད་འདུག

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་གསལ་ལྟར་ན། ཟླ་འདིའི་ཕྱི་ཚེས་༦ ཉིན་རྔ་བ་ཀིརྟི་དགོན་གྱི་དགེ་འདུན་པ་དང་གཞོན་སྐྱེས་རྩོམ་པ་པོ་བསྟན་འཛིན་དགེ་ལེགས་ཞུ་བ་ཞིག་གིས་རྔ་བའི་རྫོང་ཐོག་ཏུ་བོད་རང་དབང་གི་སྐད་འབོད་གནང་ཡོད་པ་དང་། དེ་མ་ཐག་ཉེན་རྟོག་པ་ཐོན་ནས་ཁོང་འཛིན་བཟུང་བཙན་ཁྲིད་ཀྱིས་བཀག་ཉར་བྱས་ཡོད་ཅིང་། རྒྱ་གཞུང་གིས་བོད་ཕྱི་ནང་གི་འབྲེལ་ལམ་གཙོ་བོ་ལག་འཁྱེར་ཁ་པར་དང་འཕྲིན་ཕྲན་སོགས་ལ་ཞིབ་བཤེར་དང་སྟངས་འཛིན་ཤུགས་ཆེན་བྱས་པའི་རྐྱེན་གྱིས། ད་ལྟ་དགེ་འདུན་པ་བསྟན་འཛིན་དགེ་ལེགས་ས་གནས་གང་དུ་བཀག་ཉར་བྱས་ཡོད་པ་དང་། ཁོང་གི་གནས་སྟངས་ཅི་འདྲ་ཡིན་པ་སོགས་ཞིབ་ཕྲའི་གནས་ཚུལ་ལ་རྒྱུས་ལོན་བྱུང་ཐུབ་མེད་པ་རེད།

ཁོང་གི་སྙན་རྩོམ།

གནས་ཚུལ་མཁོ་སྤྲོད་པས་བརྗོད་དོན་ལྟར་ན། དགེ་འདུན་པ་བསྟན་འཛིན་དགེ་ལེགས་འཇུ་བཟུང་བཙན་ཁྲིད་མ་བྱས་པའི་སྔོན་ལ་ཁོང་གིས་འཕྲིན་ཕྲན་རྒྱལ་ལྗོངས་སུ་<<ཁྱེད་ཅག་གིས་བལྟས་ན་ང་རང་འདུག་བཟོད་དམ་>>ཞེས་དང་<<རྒྱ་ནག་ཀྲུང་གོར་ལབ་པ་>>ཞེས་པའི་སྙན་རྩོམ་གཉིས་སྔ་རྗེས་སུ་སྤེལ་ཡོད་པ་དང་། ཁོང་ནམ་རྒྱུན་ས་རིན་ཞེས་པའི་སྨྱུག་མིང་སྤྱད་དེ་རྩོམ་ཡིག་མང་པོ་འབྲི་མཁན་ཞིག་ཡིན་འདུག། ཁོང་གི་ཕ་ཡུལ་རྔ་བ་རྨེའུ་རུ་མ་རུ་ཆེན་གཉིས་པའི་ཡོ་ཚང་སྡེ་ནས་ཡིན་ཞིང་། ཁོང་གི་ཕ་མིང་ལ་མ་ཉོ་དང་མ་མིང་ལ་དཀོན་སྒྲོལ་ཞུ་བ་དང་། ད་ལྟ་རང་ལོ་༡༨ ཡིན་པའི་བསྟན་འཛིན་དགེ་ལེགས་ནི་རྔ་བ་ཀིརྟི་དགོན་གྱི་གྲྭ་བ་ཡིན་པ་རེད།

ཁོང་གི་སྙན་རྩོམ།

རྒྱ་གཞུང་གིས་མེས་རྒྱལ་བརྟན་སྲུང་དང་ཁ་བྲལ་ལ་ངོ་རྒོལ་སོགས་ཀྱི་མིང་བྱང་སྣ་ཚོགས་འོག་ཏུ་བོད་མིའི་སྤྱི་ཚོགས་བརྒྱུད་ལམ་ཁག་དང་། དམིགས་བསལ་ཁ་པར་དྲ་ལམ་ལ་ཞིབ་བཤེར་དམ་དྲག་ཤུགས་ཆེར་བཏང་སྟེ། སྒེར་དབང་ཐོབ་ཐང་ལ་རྡོག་རོལ་ཚབ་ཆེན་བཏང་བས། བོད་མི་ཚོས་གྲོགས་ཉེ་འབྲེལ་ཕན་ཚུན་བར་ཁ་བརྡ་དང་བསམ་ཚུལ་བརྗེ་རེས་ཙམ་ཡང་བྱེད་དབང་མེད་པའི་གནས་སྟངས་ཤིག་ཆགས་ཡོད་ལ། ལྷག་པར་དུ་ད་ལོ་ནས་རྒྱ་གཞུང་གིས་ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་ཟེར་བ་དང་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས་ཟེར་བ་སོགས་ཁྲིམས་སྒྲིག་འདྲ་མིན་སྣ་ཚོགས་གཏན་འབེབས་དང་ལག་བསྟར་ཤུགས་ཆེར་བཏང་སྟེ་བོད་མི་ཚོའི་ཉིན་རེའི་འགྲོ་འདུག་བསམ་སྤྱོད་ལ་དོགས་ཟོན་མྱུལ་ཞིབ་དང་ཉེས་འཛུགས་ཁྲིམས་ཆད་བཙན་འགེལ་བྱེད་བཞིན་པའི་རྐྱེན་གྱིས། སྔར་ལོ་དང་བསྡུར་ན་ད་ལོ་ནས་བོད་ནང་གི་དངོས་ཡོད་གནས་སྟངས་ལ་ཞིབ་འཇུག་རྒྱུས་ལོན་བྱེད་རྒྱུ་ཧ་ཅང་ཁག་པོ་ཆགས་ཡོད།

འདི་ག་ལྟེ་གནས་ཁང་གི་ངོས་ནས། རྒྱ་གཞུང་གིས་བསྟན་འཛིན་དགེ་ལེགས་འཛིན་བཟུང་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་བཟོས་པར་བློ་འཚབ་བྱེད་ཀྱིན་ཡོད་ལ། རྒྱ་ནག་དམར་ཤོག་གཞུང་གིས་ངེས་པར་དུ་བསྟན་འཛིན་དགེ་ལེགས་ཀྱི་ནང་མིར་ཁོང་ས་གནས་གང་དུ་བཀག་ཉར་བྱས་ཡོད་པ་དང་ཁོང་གི་གནས་སྟངས་ཅི་འདྲ་ཡིན་པའི་གནས་ཚུལ་གསལ་བཤད་ཀྱིས། ཆ་རྐྱེན་ཅི་ཡང་མེད་པའི་ཐོག་ནས་ཁོང་མྱུར་དུ་གློད་གྲོལ་གཏོང་དགོས་ལ། རྒྱ་གཞུང་གིས་ཁོང་ལ་མི་སྤྱོད་ལས་འདས་པའི་གདུག་རྩུབ་དང་སྡུག་སྦྱོང་མནར་གཅོད་ཀྱིས་འཁོན་ལན་མི་སློག་པར། རང་དབང་གི་སྒོ་ནས་ཁོང་ལ་སོ་སོའི་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་འཇུག་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུ་བཞིན་ཡོད།

About Tibetan Section TCHRD

Check Also

གཞུང་འབྲེལ་མིན་པའི་ཚོགས་པའི་ངོས་ནས་རྒྱལ་ཚོགས་ཀྱི་རྒྱ་གཞུང་དུས་བཀག་བསྐྱར་ཞིབ་ཐོག་ཞུ་གཏུག་སྙན་ཐོ་ཕུལ་ཡོད།

ཕྱི་ལོ་༢༠༡༨ ཟླ་༡༡ ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡོངས་ཁྱབ་དུས་བཀག་བསྐྱར་ཞིབ་འཚོགས་འཆར་ཡོད་པ་ལྟར། འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐོང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ངོས་ནས། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དུས་བཀག་བསྐྱར་ཞིབ་ཐེངས་གསུམ་པའི་ཐོག་ཞུ་གཏུག་སྙན་ཐོ་ཕུལ་ཡོད། ཞུ་གཏུག་སྙན་ཐོ་དེ་ཕྱི་ལོ་༢༠༡༨ ཟླ་༣ ཚེས་༢༩ ཉིན་ཕུལ་ཡོད་ལ། སྙན་ཐོའི་ནང་དུ་དམིགས་བསལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་གང་བྱུང་བཀག་ཉར། སྡུག་སྦྱོང་མནར་གཅོད། སྨྲ་བརྗོད་རང་དབང་། ཆོས་ལུགས་དད་མོས་རང་དབང་། སྒེར་དབང་ཐོབ་ཐང་སོགས་ཀྱི་དངོས་ཡོད་གནས་སྟངས་ཞུས་ཡོད། རྒྱ་གཞུང་གི་དུས་བཀག་སྐྱར་ཞིབ་ཐེངས་གསུམ་པའི་ཉན་ཞིབ་དོགས་འདྲིའི་སྐབས་སུ། …

Leave a Reply

Your email address will not be published. Required fields are marked *