Tuesday , October 23 2018
Home / གསར་འགྱུར། / རྒྱལ་ཚོགས་ཀྱི་ལས་འཛིན་ཚོགས་ཆུང་ནས་རྒྱ་གཞུང་ལ་རིགས་རུས་དབྱེ་འབྱེད་འགོག་པའི་སྐོར་གྱི་གནས་ཚུལ་སྙན་གསང་ཞུ་དགོས་སྐོར་བརྗོད་ཡོད།

རྒྱལ་ཚོགས་ཀྱི་ལས་འཛིན་ཚོགས་ཆུང་ནས་རྒྱ་གཞུང་ལ་རིགས་རུས་དབྱེ་འབྱེད་འགོག་པའི་སྐོར་གྱི་གནས་ཚུལ་སྙན་གསང་ཞུ་དགོས་སྐོར་བརྗོད་ཡོད།

 

ཕྱི་ལོ་༢༠༡༨ ཟླ་༧ ཚེས་༡༣ ཉིན་གྱི་ཡིག་ཆ་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་སྒང་གི་རིགས་རུས་དབྱེ་འབྱེད་ཀྱི་རྣམ་པ་མཐའ་དག་འགོག་པའི་ལས་འཛིན་ཚོགས་ཆུང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཞུང་ལ་རྒྱ་ནང་གི་རིགས་རུས་དབྱེ་འབྱེད་ཀྱི་རྣམ་པ་མཐའ་དག་འགོག་པའི་སྐོར་གྱི་གནས་ཚུལ་སྙན་གསང་ཞུ་དགོས་པའི་བརྡ་ལེན་སྤྲད་འདུགདེ་ཡང་ལས་འཛིན་ཚོགས་ཆུང་༼ཚོགས་ཆུང་འདིས་རིགས་རུས་དབྱེད་འབྱེ་ཀྱི་རྣམ་པ་མཐའ་དག་འགོག་པའི་རྒྱལ་སྤྱིའི་སྤྱི་ཆིངས་ལག་བསྟར་ཐད་ལ་ལྟ་རྟོག་གནང་གི་ཡོད།༽གིས་དེ་སྔོན་ཚོགས་ཆེན་ཐེངས་༩༦ སྟེང་སྤྲད་པའི་རྒྱ་གཞུང་གི་ལོ་འཁོར་སྙན་ཐོར་བསྐྱར་ཞིབ་བྱས་རྗེས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཞུང་ལ་རྒྱ་ནང་གི་རིགས་རུས་དབྱེ་འབྱེད་ཀྱི་རྣམ་པ་མཐའ་དག་འགོག་པའི་སྐོར་གྱི་གནས་ཚུལ་སྙན་གསང་ཞུ་དགོས་པའི་བརྡ་ལེན་སྤྲད་པ་ཞིག་རེད་ལ། ཕྱི་ལོ་༢༠༡༨ ཟླ་༨ ཚེས་༡༠ ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐུ་ཚབ་མི་སྣ་རྒྱལ་ཚོགས་ཀྱི་རིགས་རུས་དབྱེ་འབྱེད་ཀྱི་རྣམ་པ་མཐའ་དག་འགོག་པའི་ལས་འཛིན་ཚོགས་ཆུང་གི་མདུད་དུ་འགྲོ་འཆར་ཡོད་པ་དང་། ཚོགས་འདུ་དེ་རྒྱལ་ཚོགས་ཀྱི་བརྒྱུད་ལམ་ནས་ཐད་གཏོང་བྱ་རྒྱུ་རེད།

ཚོགས་ཆུང་དེའི་དྲི་བ་མང་པོ་ཞིག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རིགས་རུས་དབྱེད་འབྱེ་ཀྱི་རྣམ་པ་མཐའ་དག་འགོག་པའི་རྒྱལ་སྤྱིའི་སྤྱི་ཆིངས་ལག་ལེན་བསྟར་མིན་ཐད་ཀྱི་དེ་སྔའི་དྲི་བ་༼དྲི་གཞིའི་ལས་རིམ་ནང་འཁོད་ཀྱི།༽ཁག་ཅིག་བསྐྱར་འདྲི་བྱ་རྒྱུ་མ་གཏོགས་དྲི་གཞི་གསར་བ་གང་ཡང་མེད་འདུག་ལ། དེ་ནི་བོད་ནང་དུ་བྱུང་བའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་བའི་གནད་དོན་ལྟ་བུ་རེད། དཔེར་ན། ཚོགས་ཆུང་དེས་སྔོན་ཆད་བོད་དང་ནང་སོག ཡུ་གུར་གྲངས་ཉུང་མི་རིགས་ཀྱི་སྤྱི་དམངས་དང་ཆབ་སྲིད་ཐོབ་ཐང་སྲུང་སྐྱོབ་སྐོར་གྱི་གནས་ཚུལ་དང་། དམིགས་བསལ་ཞིབ་འཇུག་ལག་བསྟར་ཡིག་ཆ་ཚུད་པའི་མནར་གཅོད་དང་མི་རིགས་དབྱེ་འབྱེད་སྲུང་སྐྱོབ། དེ་བཞིན་རྒྱ་གཞུང་གིས་ཁག་ཐེག་བྱས་པའི་འགྲོ་འདུག་རང་དབང་ཚུད་པའི་ཆོས་ལུགས་དད་མོས་རང་དབང་དང་། ཚོགས་འབྲེལ་རང་དབང་། ཞི་བའི་འདུ་འཛོམ་རང་དབང་། སྨྲ་བརྗོད་རང་དབང་། འགྲོ་འདུག་རང་དབང་བཅས་ལ་བརྩི་དཀུར་དགོས་པའི་གནས་ཚུལ་སྐོར་ནས་འདྲི་བ་བཏོན་པ་རེད།

ཡིག་ཆ་དེའི་དྲི་གཞིའི་ལས་རིམ་ནང་གི་དྲི་བ་གཞན་དག་ནི་སྤྱི་དམངས་ཀྱི་ས་ཆ་གཞུང་བཞེས་བཏང་བ་དེས་གྲངས་ཉུང་མི་རིགས་ཁག་ལ་གནད་སྐྱོན་ག་རེ་ཐེབས་མིན་དང་། ལྗོངས་དང་ས་ཁུལ་རིམ་པའི་སྐད་ཡིག་དང་སྲོལ་རྒྱུན་རིང་གཞུང་ལ་བརྩི་བཀུར་དང་དར་སྤེལ་བཏང་མིན། གྲངས་ཉུང་མི་རིགས་ས་ཁུལ་གྱི་སྐད་གཉིས་སློབ་གསོ། གྲངས་ཉུང་མི་རིགས་བཙོན་འཇུག་བྱེད་ས་ཉེན་རྟོག་བཀག་ཉར་ཁང་དང་བཙོན་ཁང་ནང་རྐྱེན་འདས་སུ་གྱུར་བའི་མི་སྒེར་དང་། སྨྱོ་འགོག་ལྟེ་གནས། བཙོན་ཁང་། བཀག་བསྐྱིལ་ལྟེ་གནས་སོགས་ཀྱི་གྲངས་འབོར་རྩིས་སྤྲོད་རྒྱུ་བཅས་ཡིན་འདུག

ཚོགས་ཆུང་དེས་ད་དུང་བོད་དང་ཡུ་གུར་མི་རིགས་ནང་ལག་སྟར་བྱེད་པའི་དབུལ་ཐར་མཁྲེགས་གཏོར་ལས་གཞི། རྒྱ་རིགས་མི་མང་བྱིངས་དང་འདྲ་བར་གྲངས་ཉུང་མི་རིགས་ཁག་གི་ཆོས་ལུགས་རང་དབང་ལོངས་སྤྱོད་ཀྱི་ཁག་ཐེག་ལག་བསྟར་བྱས་མིན་གྱི་གནས་ཚུལ་དང་། ཉེ་ཆར་ཆོས་ལུགས་ལས་དོན་གྱི་སྲོལ་ཡིག་བཟོ་བཅོས་བྱས་པ་དེས་གྲངས་ཉུང་མི་རིགས་ཀྱི་ཆོས་ལུགས་ལ་ཐེབས་པའི་ཤུགས་རྐྱེན་སོགས་ཀྱི་གནས་ཚུལ་སྙན་གསང་ཞུ་དགོས་སྐོར་བརྗོད་ཡོད་པ་རེད།

འདི་ག་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ནས། རྒྱ་གཞུང་གིས་ད་ལན་གྲངས་ཉུང་མི་རིགས་ཁག་ལ་འཛིན་པའི་བྱ་སྤྱོད་སྐོར་གྱི་དྲི་བར་ལན་འདེབས་འཆར་ཡོད་པ་དེ་ནི་བློ་འཚབ་ཆེན་པོ་ཡིན་པར་ཡིད་ཆོས་བྱེད་ཀྱི་ཡོད། རྒྱུ་མཚན་ནི་འདས་པའི་ལོ་ངོ་བཅུ་ཕྲག་མང་པོར་རྒྱ་གཞུང་གིས་ཚོགས་ཆུང་གི་དྲི་གཞི་མར་པོ་དང་ལེན་བྱས་མེད་པ་རེད། ཅེས་དང་། རྒྱ་གཞུང་གིས་རིགས་རུས་དབྱེད་འབྱེ་ཀྱི་རྣམ་པ་མཐའ་དག་འགོག་པའི་རྒྱལ་སྤྱིའི་སྤྱི་ཆིངས་ལ་ངོས་ལེན་བྱས་ཡོད་པའི་ཆ་ནས། སྤྱི་ཆིངས་གཞིར་བཟུང་རིགས་རུས་དབྱེ་འབྱེད་ཀྱི་རྣམ་པ་མཐའ་དག་འགོག་པའི་ལས་འཛིན་ཚོགས་ཆུང་ལ་དངོས་ཡོད་གནས་ཚུལ་སྙན་གསང་ཞུ་བའི་འགན་ཡོད་པར་མ་ཟད། དེ་ལ་བརྩི་བཀུར་དང་སྲུང་སྐྱོབ་བྱེད་པའི་ཡིད་ཆོས་དངོས་རྙེད་ར་སྤྲོད་བྱ་དགོས་ཀྱི་ཡོད་པ་རེད། ཅེས་བརྗོད་ཡོད། རྒྱ་ནག་དམར་ཤོག་གཞུང་གིས་དྲི་གཞི་འདི་དག་ལ་ཡིག་ཐོག་ནས་ལན་འདེབས་བྱས་མེད་ཅིང་། རྒྱ་གཞུང་གི་སྐུ་ཚབ་མི་སྣས་༼ནམ་རྒྱུན་རྒྱ་གཞུང་གི་སྐུ་ཚབ་མི་སྣ་༢༠ ལྷག་མཉམ་ཞུགས་བྱེད་ཀྱི་ཡོད་པ་རེད།༽ཚོགས་ཆུང་གི་དྲི་གཞིར་ལེན་འདེབས་མིན་ཁོ་རང་ཚོར་རག་ལས་པ་རེད།

ཉི་ཧོང་ནང་རྟེན་གཞི་བྱས་པའི་ཨེ་ཤ་ཡའི་རང་དབང་མང་གཙོའི་ཆིག་སྒྲིལ་ལྷན་ཁང་ཚུད་པའི་སྤྱི་དམངས་ཚོགས་སྡེ་ཁག་གིས་བོད་མིར་འཕྲད་པའི་དཀའ་སྡུག་གི་གནང་སྟངས་རྒྱལ་ཚོགས་ཀྱི་ལས་འཛིན་ཚོགས་ཆུང་དེ་ལ་སྙན་གསང་ཞུས་ཡོད་ཅིང་། ལྷན་ཁང་དེའི་སྙན་ཐོའི་ནང་དུ། རྒྱ་ནག་གཞུང་གིས་བོད་དང་ནང་སོག ཡུ་གུར་གྲངས་ཉུང་མི་རིགས་ཁག་ལ་རིགས་རུས་དབྱེ་འབྱེད་ཀྱི་སྲིད་ཇུས་སྣ་ཚོགས་ལག་བསྟར་བྱས་ཏེ། གྲངས་ཉུང་མི་རིགས་སོ་སོའི་སྲོལ་རྒྱུན་རིག་གཞུང་དང་། ཡུལ་སྲོལ་འཚོ་གནས། སྐད་ཡིག་བཅས་ལ་ངོས་ལེན་མི་བྱེད་པར། རྒྱ་ནག་དམར་ཤོག་གཞུང་གི་དམར་ཤོག་རིང་ལུགས་ཀྱི་རིན་ཐང་ལྟ་བ་བཙན་འགེལ་བྱས་ཡོད་པ་འཁོད་ཡོད།

འདི་ག་ལྟེ་གནས་ཁང་ནས་ཕུལ་བའི་སྙན་གསང་ནང་དུ་རྒྱ་གཞུང་གིས་བོད་མིའི་རྩྭ་ས་དོ་དམ་གྱི་སྲིད་ཇུས་གསར་བ་ལག་ལེན་བསྟར་སྐབས། ངེས་པར་དུ་རྩྭ་ས་བདག་གཉེར་གནང་མཁན་བོད་མི་དང་མཉམ་དུ་མང་དོན་མཚུངས་པའི་གོ་བསྡུར་བྱེད་དགོས་པ་དང་། ད་ལྟའི་ཚུལ་མིན་དང་ནོར་འཁྲུལ། ཕན་ནུས་མེད་པའི་རྩྭ་ས་དོ་དམ་སྲིད་ཇུས་ལ་བསྐྱར་ཞིབ་བྱེད་དགོས་པའི་སྐུལ་འདེབས་བྱས་ཡོད།

འདི་ག་ལྟེ་གནས་ཁང་གི་ངོས་ནས། གོང་ཞུས་ལས་འཛིན་ཚོགས་ཆུང་ལ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་ཚུད་པའི་བོད་མི་བདུན་རྒྱ་ནག་གི་བཀག་ཉར་ཁང་དུ་རྐྱེན་འདས་སུ་གྱུར་བའི་གནས་ཚུལ་ཞུས་ཡོད།

རྒྱ་གཞུང་གིས་འགོ་ཁྲིད་བྱེད་པའི་གཞུང་འབྲེལ་མིན་པའི་སྒྲིག་འཛུགས་བཞིས་རྒྱལ་ཚོགས་ཀྱི་ལས་འཛིན་ཚོགས་ཆུང་ལ་རྒྱ་གཞུང་གི་སྲིད་ཇུས་ཁག་ལ་རྒྱབ་སྐྱོར་ཡོང་ཐབས་ཀྱི་གནས་ཚུལ་སྙན་གསང་ཞུས་པར་དོ་སྣང་བྱུང་ཡོད་ལ། སྒྲིག་འཛུགས་དེ་དག་གི་གྲས་སུ་བོད་ཀྱི་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་མཐུན་ཚོགས་ཟེར་བ་དང་། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ཕྱི་ཕྱོགས་སྤེལ་རེས་ལྷན་ཚོགས། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཁང་། ཀྲུང་གོའི་མིའི་རིགས་རིག་པ་དང་མི་རིགས་ཞིབ་འཇུག་ཁང་ཟེར་བ་བཅས་ཡོད་པ་རེད།

ཕྱི་ལོ་༢༠༠༩ ལོར་རྒྱ་ནག་དམར་ཤོག་གཞུང་རྒྱལ་ཚོགས་ཀྱི་རིགས་རུས་དབྱེ་འབྱེད་ཀྱི་རྣམ་པ་མཐའ་དག་འགོག་པའི་ལས་འཛིན་ཚོགས་ཆུང་གི་མདུན་དུ་བཅར་བ་དང་། སྐབས་དེའི་རྟོག་ཞིབ་མཇུག་བསྡོམས་ནང་དུ། ལས་འཛིན་ཚོགས་ཆུང་གི་ངོས་ནས་ས་གནས་མི་རིགས་རང་སྐྱོང་གི་མི་འབོར་ལ་འགྱུར་བ་ཤུགས་ཆེན་བཏང་བའི་སྐུལ་འདེད་དང་སྲིད་ཇུས་ཁག་ལ་བསྐྱར་ཞིབ་བྱེད་དགོས་སྐོར་བརྗོད་ཅིང་། དུས་ཡུན་རིང་བོར་ཚོགས་ཆུང་གི་ངོས་ནས་རྒྱ་གཞུང་གིས་དབུལ་ཐར་མཁྲེགས་གཏོར་ལས་གཞི་དང་དཔལ་འབྱོར་འཕེལ་རྒྱས་སོགས་མིང་བྱང་སྣ་ཚོགས་འོག་བོད་ནང་དུ་རྒྱ་རིགས་འབོར་ཆེན་གནས་སྤོར་གཏོང་བཞིན་པར་བློ་འཚབ་ཆེ་སྐོར་བརྗོད་ཡོད།

About Tibetan Section TCHRD

Check Also

གཞོན་སྐྱེས་རྩོམ་པ་པོ་བསྟན་འཛིན་དགེ་ལེགས་ཀྱིས་ཁེར་རྐྱང་ཞི་རྒོལ་གནང་རྐྱེན་རྒྱ་གཞུང་གིས་ཁོང་འཛིན་བཟུང་གིས་གར་སོང་ཆ་མེད་བཟོས་འདུག

རྒྱ་གཞུང་གིས་རྔ་བའི་རྫོང་ཐོག་ཏུ་བོད་རང་དབང་གི་སྐད་འབོད་གནང་མཁན་གཞོན་སྐྱེས་རྩོམ་པ་པོ་གྲྭ་བསྟན་འཛིན་དགེ་ལེགས་འཛིན་བཟུང་གིས་གར་ཁྲིད་ཅི་བྱས་ཀྱི་གནས་ཚུལ་ཤེས་རྟོགས་ཐུབ་མེད་འདུག འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་གསལ་ལྟར་ན། ཟླ་འདིའི་ཕྱི་ཚེས་༦ ཉིན་རྔ་བ་ཀིརྟི་དགོན་གྱི་དགེ་འདུན་པ་དང་གཞོན་སྐྱེས་རྩོམ་པ་པོ་བསྟན་འཛིན་དགེ་ལེགས་ཞུ་བ་ཞིག་གིས་རྔ་བའི་རྫོང་ཐོག་ཏུ་བོད་རང་དབང་གི་སྐད་འབོད་གནང་ཡོད་པ་དང་། དེ་མ་ཐག་ཉེན་རྟོག་པ་ཐོན་ནས་ཁོང་འཛིན་བཟུང་བཙན་ཁྲིད་ཀྱིས་བཀག་ཉར་བྱས་ཡོད་ཅིང་། རྒྱ་གཞུང་གིས་བོད་ཕྱི་ནང་གི་འབྲེལ་ལམ་གཙོ་བོ་ལག་འཁྱེར་ཁ་པར་དང་འཕྲིན་ཕྲན་སོགས་ལ་ཞིབ་བཤེར་དང་སྟངས་འཛིན་ཤུགས་ཆེན་བྱས་པའི་རྐྱེན་གྱིས། ད་ལྟ་དགེ་འདུན་པ་བསྟན་འཛིན་དགེ་ལེགས་ས་གནས་གང་དུ་བཀག་ཉར་བྱས་ཡོད་པ་དང་། ཁོང་གི་གནས་སྟངས་ཅི་འདྲ་ཡིན་པ་སོགས་ཞིབ་ཕྲའི་གནས་ཚུལ་ལ་རྒྱུས་ལོན་བྱུང་ཐུབ་མེད་པ་རེད། གནས་ཚུལ་མཁོ་སྤྲོད་པས་བརྗོད་དོན་ལྟར་ན། དགེ་འདུན་པ་བསྟན་འཛིན་དགེ་ལེགས་འཇུ་བཟུང་བཙན་ཁྲིད་མ་བྱས་པའི་སྔོན་ལ་ཁོང་གིས་འཕྲིན་ཕྲན་རྒྱལ་ལྗོངས་སུ་<<ཁྱེད་ཅག་གིས་བལྟས་ན་ང་རང་འདུག་བཟོད་དམ་>>ཞེས་དང་<<རྒྱ་ནག་ཀྲུང་གོར་ལབ་པ་>>ཞེས་པའི་སྙན་རྩོམ་གཉིས་སྔ་རྗེས་སུ་སྤེལ་ཡོད་པ་དང་། ཁོང་ནམ་རྒྱུན་ས་རིན་ཞེས་པའི་སྨྱུག་མིང་སྤྱད་དེ་རྩོམ་ཡིག་མང་པོ་འབྲི་མཁན་ཞིག་ཡིན་འདུག། ཁོང་གི་ཕ་ཡུལ་རྔ་བ་རྨེའུ་རུ་མ་རུ་ཆེན་གཉིས་པའི་ཡོ་ཚང་སྡེ་ནས་ཡིན་ཞིང་། ཁོང་གི་ཕ་མིང་ལ་མ་ཉོ་དང་མ་མིང་ལ་དཀོན་སྒྲོལ་ཞུ་བ་དང་། ད་ལྟ་རང་ལོ་༡༨ ཡིན་པའི་བསྟན་འཛིན་དགེ་ལེགས་ནི་རྔ་བ་ཀིརྟི་དགོན་གྱི་གྲྭ་བ་ཡིན་པ་རེད། རྒྱ་གཞུང་གིས་མེས་རྒྱལ་བརྟན་སྲུང་དང་ཁ་བྲལ་ལ་ངོ་རྒོལ་སོགས་ཀྱི་མིང་བྱང་སྣ་ཚོགས་འོག་ཏུ་བོད་མིའི་སྤྱི་ཚོགས་བརྒྱུད་ལམ་ཁག་དང་། …

Leave a Reply

Your email address will not be published. Required fields are marked *