Tuesday , October 23 2018
Home / གསར་འགྱུར། / རྒྱ་རིགས་བོད་མིའི་ཁྲིམས་རྩོད་པའི་སྐོར་གྱི་དམིགས་བསལ་སྙན་ཐོ།

རྒྱ་རིགས་བོད་མིའི་ཁྲིམས་རྩོད་པའི་སྐོར་གྱི་དམིགས་བསལ་སྙན་ཐོ།

ཁ་སང་ཕྱི་ཚེས་༢༤ ཉིན་གྱི་ཞོགས་པའི་ཆུ་ཚོད་༡༠།༣༠ སྟེང་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ངོས་ནས། རྒྱ་རིགས་བོད་མིའི་ཁྲིམས་རྩོད་པའི་སྐོར་གྱི་དམིགས་བསལ་སྙན་ཐོ་འགྲེམ་སྤེལ་བྱས་ཤིང་། དམིགས་བསལ་སྐུ་མགྲོན་དུ་ཕྱི་སྡོད་རྒྱ་རིགས་རྩོམ་པ་པོ་ལྕམ་ཀྲུའུ་རཱེ་གདན་ཞུ་བྱས་ནས་ཞིབ་འཇུག་སྙན་ཐོ་དབུ་འབྱེད་གནང་ཡོད།

འདི་ག་ལྟེ་གནས་ཁང་གི་ངོས་ནས་ཕྱི་ལོ་༢༠༠༨ ལོར་བོད་ས་བྱིའི་ཞི་རྒོལ་ལས་འགུལ་བྱུང་ནས་མི་ལོ་ཧྲིལ་བོ་༡༠ འཁོར་བ་དང་། རྒྱ་རིགས་ཁྲིམས་རྩོད་པ་རྣམ་པས་བོད་མིའི་གྱོད་དོན་ཁྲིམས་རྩོད་ཐད་ལ་རོགས་རམ་གནང་རྒྱུའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཏེ་མི་ལོ་ཧྲིལ་བོ་༡༠ འཁོར་བའི་དུས་དྲན་དང་སྟབས་བསྟུན། རྒྱ་རིགས་བོད་མིའི་ཁྲིམས་རྩོད་པའི་སྐོར་གྱི་དམིགས་བསལ་སྙན་ཐོ་འདི་བཞིན་འགྲེམ་སྤེལ་བྱས་པ་ཡིན་ལ། ལྷག་པར་དུ་བོད་མིའི་དྲང་བདེན་ཁྲིམས་རྩོད་ཐད་ལ་རོགས་རམ་གནང་རྒྱུའི་ཡོངས་ཁྱབ་གསལ་བསྒྲགས་དེ་ལ་མཚན་རྟགས་བསྐྱོན་པ་རྒྱུ་མཚན་དུ་བསྙད་ནས། རྒྱ་གཞུང་གིས་འཁོན་ལན་ཉེ་ཆད་བཅད་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་བཀའ་དྲིན་རྗེས་དྲན་ཞུ་ཆེད་ཀྱང་ཡིན།

ཕྱི་ལོ་༢༠༠༨ ལོའི་བོད་ས་བྱིའི་ཞི་རྒོལ་སྐབས་སུ་རྒྱ་ནག་དམར་ཤོག་གཞུང་གིས་བོད་མིའི་ཞི་རྒོལ་ལ་དྲག་གནོན་བྱས་ཏེ་བོད་མི་སྟོང་ཕྲག་མང་པོ་འཛིན་བཟུང་བཙན་ཁྲིད་དང་། བོད་མི་མང་པོ་ཞིག་གར་སོང་ཆ་མེད་བཟོས་རྐྱེན། རྒྱ་རིགས་ཤེས་ཡོན་པ་དང་ཁྲིམས་རྩོད་པ་ཚོས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་སྲིད་ཇུས་ལ་སྐྱོན་བརྗོད་དང་། རྒྱ་ནག་རྒྱལ་ཁབ་ཀྱི་རྩ་ཁྲིམས་གཞིར་བཟུང་ནས་བོད་མིའི་གྱོད་དོན་ཐག་གཅོད་པའི་འབོད་སྐུལ་གནང་ཞིང་། ལྷག་པར་དུ་རྒྱ་རིགས་ཁྲིམས་རྩོད་པ་འགས་དང་བླངས་ཀྱི་ཐོག་ནས་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཏེ། རྒྱ་གཞུང་གི་བཀག་ཉར་འོག་གི་བོད་མི་ཚོར་དག་སེལ་ཁྲིམས་རྩོད་ཀྱི་ཐོབ་ཐང་དང་ཁོ་ཚོའི་སྒེར་དབང་ཐོབ་ཐང་སྲུང་སྐྱོབ་བྱེད་དུ་འཇུག་དགོས་པའི་འབོད་སྐུལ་ཤུགས་ཆེན་ཞུས་པར་མ་ཟད། རྒྱ་གཞུང་གི་བཅའ་ཁྲིམས་གཞིར་བཟུང་ནས་བོད་མིའི་གྱོད་དོན་ཁྲིམས་རྩོད་ལ་རོགས་རམ་བྱེད་རྒྱུ་ཡིན་པའི་གསལ་བསྒྲགས་ཁྱབ་སྤེལ་གནང་བ་བརྒྱུད། རྒྱ་རིགས་ཁྲིམས་རྩོད་༢༡ གིས་ཡོངས་ཁྱབ་གསལ་བསྒྲགས་དེ་ལ་མཚན་རྟགས་བསྐྱོན་ཡོད། རྒྱ་ནག་དམར་ཤོག་དབུས་གཞུང་གཙོས་པའི་རྒྱལ་ཞེན་རིང་ལུགས་པ་ཚོས་རྒྱ་རིགས་བོད་མིའི་ཁྲིམས་རྩོད་པ་ཚོར་སྐྱོན་བརྗོད་དང་འཁོན་ལན་བསློགས་མིན་ལ་མ་བལྟས་པར། ཁྲིམས་རྩོད་པ་མང་པོ་ཞིག་གིས་མུ་མཐུད་བོད་མིའི་གྱོད་དོན་ཁྲིམས་རྩོད་ཐད་ལ་རོགས་རམ་གང་ཐུབ་གནང་ཡང་། རྒྱ་གཞུང་གིས་ཁོང་ཚོར་འགོག་རྐྱེན་སྣ་ཚོགས་བཟོས་པའི་རྐྱེན་གྱིས་ཁྲིམས་རྩོད་པ་ཚོས་བོད་མིའི་གྱོད་དོན་ཁྲིམས་རྩོད་ཐད་ལ་རོགས་རམ་གནང་རྒྱུ་ཁག་པོ་བྱུང་ཡོད། བོད་མིའི་གྱོད་དོན་ཁྲིམས་རྩོད་ཀྱི་བརྒྱུད་རིམ་ཁྲོད་དུ་རྒྱ་རིགས་ཁྲིམས་རྩོད་པ་༤ མ་གཏོགས་ཁྲིམས་རར་བཅར་དུ་བཅུག་མེད་ཅིང་། གྱོད་དོན་༨ ཀྱི་ནང་དུ་རྒྱ་གཞུང་གིས་རྒྱ་རིགས་བོད་མིིའི་ཁྲིམས་རྩོད་པ་ཚོར་ངོས་ལེན་མ་བྱས་པའམ་ཡང་ན་གྱོད་དོན་ལ་ཐེ་གཏོགས་མི་ཆོག་པ་བཟོས་པར་མ་ཟད། ཁྲིམས་རྩོད་པ་ཁ་ཅིག་ལ་འགོག་རྐྱེན་མང་པོ་བཟོས་རྐྱེན་ཁྲིམས་རྩོད་པ་ཚོས་བོད་མིའི་གྱོད་དོན་དངོས་ལ་ཞིབ་འཇུག་དག་སེལ་གནང་ཐུབ་མེད། རྒྱ་གཞུང་གིས་རྒྱ་རིགས་བོད་མིའི་ཁྲིམས་རྩོད་པ་ཁག་ཅིག་གི་ཁྲིམས་རྩོད་པའི་ཐོབ་ཐང་ལག་འཁྱེར་དེབ་སྐྱེལ་མ་བྱས་པ་དང་། ཁྲིམས་རྩོད་པའི་ཐོབ་ཐང་ལག་འཁྱེར་ཕྱིར་བསྡུས་བྱས་པའི་གནས་ཚུལ་བྱུང་ཡོད། ཡིན་ནའང་རྒྱ་ནག་དམར་ཤོག་གཞུང་གི་བྱ་སྤྱོད་དེས་ཁྲིམས་རྩོད་པ་ཚོར་ལུག་བསད་ན་ར་འདར་བའི་འཇུགས་སྐུལ་གྱི་ནུས་པ་མ་ཐོན་པར། ཕྱི་ལོ་༢༠༡༦ ལོའི་བར་ཁོང་རྣམས་པས་མུ་མཐུད་བོད་མིའི་གྱོད་དོན་ཁྲིམས་རྩོད་ཐད་ལ་རོགས་སྐྱོར་གནང་ཡོད་པ་རེད།

སྙན་ཐོ་འདིའི་ནང་དུ་རྒྱ་རིགས་ཁྲིམས་རྩོད་པ་ཁག་ཅིག་གིས་དང་བླངས་ཀྱི་ཐོག་ནས་བོད་མིིའི་གྱོད་དོན་ཁྲིམས་རྩོད་ལ་རོགས་རམ་གནང་བར་རྒྱུས་ལོན་དང་། རྒྱ་རིགས་བོད་མིའི་ཁྲིམས་རྩོད་པ་ཚོ་ཅིའི་ཕྱིར་གྲགས་འགུལ་མི་ཐུབ་པར་གྱུར་བའི་གནས་སྟངས་ལ་ཞིབ་འཇུག རྒྱ་ནག་དམར་ཤོག་གཞུང་གིས་བོད་དོན་ཐོག་ཁས་བླངས་པའི་བོད་རང་བཙན་དང་། རང་ཐག་རང་གཅོད། མི་རིགས་ས་ཁོངས་རང་སྐྱོང་སྐོར་གླེང་སློང་བྱས་པའི་བརྒྱུད་རིམ། མཇུག་མཐར་མི་རིགས་ས་ཁོངས་རང་སྐྱོང་ཟེར་བ་དེ་ཡང་མིང་སྐམ་ཞིག་ལས་ངོས་ལེན་མ་བྱས་པར་བརྟེན། ད་ཆ་བོད་མིའི་སྒྲིག་འཛུགས་ནས་མིང་དོན་མཚུངས་པའི་རང་སྐྱོང་བརྩོན་ལེན་བྱེད་དགོས་བྱུང་སྐོར། དེ་བཞིན་རྒྱ་གུང་ཁྲན་བོད་དུ་སླེབས་པ་ནས་བཟུང་། རྒྱ་གཞུང་གིས་སོ་སོའི་རྩ་ཁྲིམས་བཅའ་ཁྲིམས་ཁག་ལའང་བརྩི་བཀུར་མི་བྱེད་པར་གང་འདོད་དུ་ཁྲིམས་མེད་ལུགས་ལྡོག་གི་སྦྱོར་བ་མང་པོ་ལག་བསྟར་བྱས་དང་བྱེད་བཞིན་པའི་སྐོར་འཁོད་ཡོད།

དེ་ཡང་རྒྱ་རིགས་ཁྲིམས་རྩོད་པ་༡༦ གིས་དང་བླངས་ཀྱི་སྒོ་ནས་བོད་མི་༡༥ ཡི་གྱོད་དོན་ཁྲིམས་རྩོད་ཐད་ལ་རོགས་སྐྱོར་གནང་བའི་གྲས་ནས། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་ཁྲིམས་རྩོད་པ་ཀྲང་སི་ཀྲི་དང་ཞ་ལིན། ཕྱི་ལོ་༢༠༠༩ ལོའི་ཕུར་བུ་ཚེ་རིང་རིན་པོ་ཆེའི་ཁྲིམས་རྩོད་པ་ཧྥང་ཕཱན་དང་ཅིང་ཐེན་ཡིམ། ཕྱི་ལོོ་༢༠༠༩།༢༠༡༢ ལོའི་འཇིགས་མེད་རྒྱ་མཚོའི་ཁྲིམས་རྩོད་པ་ལཱེ་ཧྥང་ཕཱན་དང་ཅིང་ཐེན་ཡིམ། ཕྱི་ལོ་༢༠༡༢ ལོའི་ཁྲིམས་རྩོད་པ་ཝང་ཡཱ་ཅིམ་དང་ཀྲང་ཁེད། ཕྱི་ལོ་༢༠༠༩ ལོའི་ཐབས་མཁས་དང་ཚུལ་ཁྲིམས་རྒྱ་མཚོ་གཉིས་ཀྱི་ཁྲིམས་རྩོད་པ་ལཱེ་ཧྥང་ཕཱན། ཕྱི་ལོ་༢༠༡༠ ལོའི་དོན་གྲུབ་དབང་ཆེན་གྱི་ཁྲིམས་རྩོད་པ་ལཱེ་གཱོ་ཡཱིན། ཕྱི་ལོ་༢༠༡༠ ལོའི་ཀརྨ་བསམ་འགྲུབ་ཀྱི་ཁྲིམས་རྩོད་པ་ཕཱ་ཀྲི་ཆང་དང་ལཱེ་ཧེ་ཆིན། ཕྱི་ལོ་༢༠༡༠ ལོའི་ཞོགས་དུང་གི་ཁྲིམས་རྩོད་པ་ལཱེ་ཧྥང་ཕཱན། ཕྱི་ལོ་༢༠༡༡ ལོའི་ཟླ་བའི་ཁྲིམས་རྩོད་པ་ཐིན་པོ་དང་ཀྲིན་ཆིན་ཝེ། ཕྱི་ལོ་༢༠༡༣ ལོར་བློ་གྲོས་རབ་སངས་དང་རྣམ་སངས་བསོད་ནམས། དོན་གྲུབ་རྒྱལ་མཚན་བཅས་ཀྱི་ཁྲིམས་རྩོད་པ་ཐཱང་ཐེན་ཧོད་དང་ཁྲིན་པན། རཱན་ཏན། ཕྱི་ལོ་༢༠༡༢ ལོའི་འཇམ་དབྱངས་ཡེ་ཤེས་དང་སྒྲུབ་བརྒྱུད་གཉིས་ཀྱི་ཁྲིམས་རྩོད་པ་ཐཱང་ཐེན་ཧོད་དང་ལིང་ཞི་ཅུན། ཝང་ཆིན་ཀྲང་། ཕྱི་ལོ་༢༠༡༣ ལོའི་མཁན་པོ་ཀརྨ་དབང་ཆེན་གྱི་ཁྲིམས་རྩོད་པ་ཐེན་ཧོད་དང་ལིང་ཞོ་ཅུན། ཕྱི་ལོ་༢༠༡༦ ལོའི་བཀྲ་ཤིས་དབང་ཕྱུག་གི་ཁྲིམས་རྩོད་པ་ལིན་ཞོ་ཅུན་དང་ལིན་ཆི་ལཱས་སོགས་ཀྱི་དངོས་ཡོད་གནས་སྟངས་འཁོད་ཅིང་། བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་ཁྲིམས་རྩོད་གྱོན་དོན་དེ་ཕྱི་ལོ་༢༠༠༢ ལོར་བྱུང་བ་ཞིག་ཡིན་ཡང་། གྱོན་དོན་དེ་ཚབས་ཆེན་རང་བཞིན་ཆགས་ཡོད་པས་སྙན་ཐོ་འདིའི་ནང་ཆེད་དུ་བཀོད་ཡོད།

འདྲ་པར་གྱི་ཡོང་ཁུངས་ནོར་ཝེ་རླུང་འཕྲིན་ཁང་ཡིན།

དམིགས་བསལ་སྐུ་མགྲོན་ལྕམ་ཀྲུའུ་རཱེ་ཡིས་ཐེངས་འདིའི་ཞིབ་འཇུག་སྙན་ཐོ་དབུ་འབྱེད་གནང་བ་དང་འབྲེལ་ཏེ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་བཤད་དུས། ངས་བོད་ནང་དུ་ཉིན་རེར་བོད་མི་འཛིན་བཟུང་དང་ཁྲིམས་ཐག་གཅོད་བཞན་པའི་སྐོར་བཤད་རྒྱུ་མིན། ངས་བཤད་འདོད་པ་ནི་ཕྱི་ལོ་༢༠༡༨ ཟླ་༤ བར་དུ་བོད་མི་༡༥༩ ཡིས་༼འདི་ག་ལྟེ་གནས་ཁང་གི་ལག་སོན་གྲངས་ཐོ་ལྟར་ན་བོད་ཕྱི་ནང་གཉིས་སུ་བོད་མི་༡༦༣ གྱིས་རྒྱ་གཞུང་གི་མི་སེར་སྤེལ་བའི་དབང་སྒྱུར་སྲིད་ཇུས་ལ་ཞི་རྒོལ་གྱིས་རང་ལུས་མེར་སྲེག་གནང་བ་གསལ་ཡོད།༽རང་ལུས་མེར་སྲེག་གནང་ཡོད་ཅིང་། འཛམ་གླིང་སྒང་འདིར་རྒྱལ་ཁབ་གཞན་གང་གི་ནང་དུ་ཡང་གནས་ཚུལ་དེ་འདྲ་བྱུང་འདུག་གམ་ཞེས་པ་དེ་ཡིན། ང་ཚོས་གསལ་བོར་ཤེས་གསལ་ལྟར། འཛམ་གླིང་རྒྱལ་ཁབ་གཞན་པར་གནས་ཚུལ་དེ་འདྲ་བྱུང་ཡོད་པ་མ་རེད། བོད་མི་༡༥༩ ཡིས་རང་ལུས་མེར་སྲེག་གནང་སྟེ་རྒྱ་ནག་གཞུང་གི་མི་སེར་སྤེལ་བའི་དབང་སྒྱུར་ལ་ཞི་རྒོལ་གནང་ཡོད་པ་རེད། དོན་དག་འདི་ལས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཅི་འདྲིའི་ཚབས་ཆེན་ཡིན་པ་གསལ་བོར་ཤེས་ཐུབ།

ཉིན་ཤས་སྔོན་ལ་ངས་གོ་ཐོས་ལྟར་ན། གནམ་ཐང་དུ་འགྲུལ་སྐྱོད་སྐབས་སུ་འགག་སྒོ་ནས་ཐོབ་ཐང་ལག་འཁྱེར་༼བྱང་བུ་༽བརྡར་དུས། བོད་མིའི་ཐོབ་ཐང་ལག་འཁྱེར་གྱི་སྒྲ་དང་རྒྱ་མིའི་ཐོབ་ཐང་ལག་འཁྱེར་གྱི་སྒྲ་གཉིས་གཅིག་པ་མ་རེད་ཟེར། དེ་བས་འགག་སྒོ་དང་ཞིབ་བཤེར་ས་ཚུགས་ཁག་ཏུ་ཁྱེད་རང་ཚོ་བོད་པ་ཡིན་པ་ཤེས་ཀྱི་ཡོད་པ་རེད། དེར་བརྟེན་ཆེད་དུ་ཞིབ་བཤེར་བྱེད་ཀྱི་ཡོད་པ་རེད། ལས་སྟངས་འདི་ནི་དོན་དངོས་སུ་མི་རིགས་དབྱེ་འབྱེད་བྱས་པ་རེད། འདི་ནི་དུས་རབས་ཉེར་གཅིག་པའི་ཞབས་འདྲེན་རེད་ལ་རྒྱ་ནག་གཞུང་གི་ཞབས་འདྲེན་ཡང་རེད་འདུག རྒྱ་ནག་གཞུང་གིས་ཅིའི་ཕྱིར་བོད་རྒྱ་མི་རིགས་གཉིས་དབར་དེ་འདྲའི་དབྱེ་འབྱེད་བྱེད་དགོས་པ་རེད་ཟེར་ན། དེ་ནི་དོན་དངོས་སུ་ལོ་རྒྱུས་ཐོག་ནས་བོད་རང་བཙན་རྒྱལ་ཁབ་ཅིག་ཡིན་པའི་དཔང་རྟགས་རེད། ཅེས་དང་། དགའ་འོས་པ་ཞིག་ལ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ཚོས་བོད་ལ་རྒྱལ་སྐྱོར་བྱེད་ཀྱི་ཡོད་པ་འདི་རེད། ངས་ཤེས་གསལ་ལ། རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ཚོས་ཀྱང་བོད་ཀྱི་རང་དབང་འཐབ་རྩོད་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་འདུག ཡིན་ནའང་དེ་ལ་གནད་དོན་ཞིག་འདུག་སྟེ། རྒྱ་མིས་རྒྱ་ནག་གཞུང་སྲིད་དབང་སྒེར་བདག་ཅན་ལ་ངོ་རྒོལ་བྱེད་དོན་ནི་རྒྱ་ནག་ལ་དམངས་གཙོ་འཛུགས་རྒྱུ་དེ་རེད། ང་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་དོན་ནི་མི་སེར་སྤེལ་ཡུལ་གྱི་དབང་སྒྱུར་སྲིད་ཇུས་མཇུག་སྒྲིལ་ནས་བོད་ལ་རང་དབང་འཐོབ་རྒྱུ་དེ་རེད། དེ་བས་དམིགས་ཡུལ་གཅིག་པ་མ་རེད། འོན་ཀྱང་མཉམ་འབྲེལ་བྱས་ཆོག་གི་རེད་དེ། དང་པོ་རྒྱ་ནག་དམངས་གཙོར་བསྒྱུར་རྒྱུ་དང་། དེ་ནས་བོད་ལ་རང་དབང་ཟེར་བའི་ཆ་རྐྱེན་དེ་འདྲ་རྩ་བ་ནས་འདོན་མི་ཆོག་པ་རེད། ཅེས་ཟེར།

ཡང་ཁོ་མོས། ངའི་བསམ་པར། བོད་ཀྱི་རང་དབང་འཐབ་རྩོད་ལ་རྒྱབ་སྐྱོར་བྱེད་སྐབས། གཞུང་དྲང་གི་སེམས་ཤིག་དགོས་པ་དང་། དེ་ནི་དང་པོ་བོད་ལོ་རྒྱུས་ཐོག་ནས་རང་བཙན་རྒྱལ་ཁབ་ཅིག་ཡིན་པའི་དོན་དངོས་དེ་ངོས་ལེན་བྱེད་དགོས་པ་དང་། གཉིས་པ་བོད་མིའི་རང་ཐག་རང་གཅོད་ལ་རྒྱབ་སྐྱོར་བྱེད་དགོས་སྙམ། ང་རང་སྒེར་ངོས་ནས་བོད་མིས་རང་བཙན་བརྩད་ན་འདྲ་ལ་དབུ་མའི་ལམ་བརྩད་ནའང་འདྲ་ཚང་མར་རྒྱབ་སྐྱོར་ཡོད། ངས་བོད་མིའི་རང་ཐག་རང་གཅོད་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། དེ་བས་ངའི་དེབ་བྲིས་པའི་བརྒྱུད་རིམ་ཁྲོད་དུ་ནམ་ཡིན་ཡང་རང་ཉིད་ལ་དྲི་བ་འདྲི་བཞིན་ཡོད་དེ། ངས་རང་ཉིད་ལ་ཁྱོད་ཀྱིས་རྩོམ་འབྲི་དོན་ནི་ཁེ་ཕན་གྱི་ཆེད་དུ་ཡིན་ནམ། ཁྱོད་རང་ལ་གཞུང་དྲང་གི་སེམས་ཤིག་ཡོད་དམ་ཞེས་དོགས་འདྲི་བྱེད་ཀྱིན་ཡོད། ཅེས་སོགས་བརྗོད་བྱུང་།

ལྕམ་ཀྲུའུ་རཱེ་ནི་རྒྱ་ནག་བྱང་ཤར་ས་ཁུལ་ནས་སྐྱེས་ཤིང་ཆབ་སྲིད་དང་འབྲེལ་བའི་རྒྱ་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་དང་རྩོམ་པ་པོ་བཅས་ཡིན། སྔ་རྗེས་སུ་ཁོ་མོས་སྒྲུང་རྩོམ་དང་འབོལ་རྩོམ། སྙན་ངག་སོགས་རྩོམ་དེབ་མང་པོ་བྲིས་ཡོད་པའི་གྲས་སུ། <<གནའ་བོའི་ལྷ་སར་སྡོད་སྐབས་ཀྱི་བདེ་སྐྱིད་>>ཅེས་པའི་རྩོམ་དེབ་དེ་ཕྱི་ལོ་༢༠༡༡ ལོར་པར་སྐྲུན་བྱས་འདུག ཁོ་མོ་ལོ་མང་རིང་བོད་ཁུལ་དུ་གནས་སྡོད་བྱས་མྱོང་ཡོད་ཅིང་། ད་ལྟ་བྱང་ཨ་རིའི་རྒྱལ་ཁབ་ཁེ་ན་ཊར་སྡོད་མུས་ཡིན་པ་རེད།

སྙན་ཐོའི་འབྲེལ་ཐག་འདིར་ནོན།

About Tibetan Section TCHRD

Check Also

གཞོན་སྐྱེས་རྩོམ་པ་པོ་བསྟན་འཛིན་དགེ་ལེགས་ཀྱིས་ཁེར་རྐྱང་ཞི་རྒོལ་གནང་རྐྱེན་རྒྱ་གཞུང་གིས་ཁོང་འཛིན་བཟུང་གིས་གར་སོང་ཆ་མེད་བཟོས་འདུག

རྒྱ་གཞུང་གིས་རྔ་བའི་རྫོང་ཐོག་ཏུ་བོད་རང་དབང་གི་སྐད་འབོད་གནང་མཁན་གཞོན་སྐྱེས་རྩོམ་པ་པོ་གྲྭ་བསྟན་འཛིན་དགེ་ལེགས་འཛིན་བཟུང་གིས་གར་ཁྲིད་ཅི་བྱས་ཀྱི་གནས་ཚུལ་ཤེས་རྟོགས་ཐུབ་མེད་འདུག འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་གསལ་ལྟར་ན། ཟླ་འདིའི་ཕྱི་ཚེས་༦ ཉིན་རྔ་བ་ཀིརྟི་དགོན་གྱི་དགེ་འདུན་པ་དང་གཞོན་སྐྱེས་རྩོམ་པ་པོ་བསྟན་འཛིན་དགེ་ལེགས་ཞུ་བ་ཞིག་གིས་རྔ་བའི་རྫོང་ཐོག་ཏུ་བོད་རང་དབང་གི་སྐད་འབོད་གནང་ཡོད་པ་དང་། དེ་མ་ཐག་ཉེན་རྟོག་པ་ཐོན་ནས་ཁོང་འཛིན་བཟུང་བཙན་ཁྲིད་ཀྱིས་བཀག་ཉར་བྱས་ཡོད་ཅིང་། རྒྱ་གཞུང་གིས་བོད་ཕྱི་ནང་གི་འབྲེལ་ལམ་གཙོ་བོ་ལག་འཁྱེར་ཁ་པར་དང་འཕྲིན་ཕྲན་སོགས་ལ་ཞིབ་བཤེར་དང་སྟངས་འཛིན་ཤུགས་ཆེན་བྱས་པའི་རྐྱེན་གྱིས། ད་ལྟ་དགེ་འདུན་པ་བསྟན་འཛིན་དགེ་ལེགས་ས་གནས་གང་དུ་བཀག་ཉར་བྱས་ཡོད་པ་དང་། ཁོང་གི་གནས་སྟངས་ཅི་འདྲ་ཡིན་པ་སོགས་ཞིབ་ཕྲའི་གནས་ཚུལ་ལ་རྒྱུས་ལོན་བྱུང་ཐུབ་མེད་པ་རེད། གནས་ཚུལ་མཁོ་སྤྲོད་པས་བརྗོད་དོན་ལྟར་ན། དགེ་འདུན་པ་བསྟན་འཛིན་དགེ་ལེགས་འཇུ་བཟུང་བཙན་ཁྲིད་མ་བྱས་པའི་སྔོན་ལ་ཁོང་གིས་འཕྲིན་ཕྲན་རྒྱལ་ལྗོངས་སུ་<<ཁྱེད་ཅག་གིས་བལྟས་ན་ང་རང་འདུག་བཟོད་དམ་>>ཞེས་དང་<<རྒྱ་ནག་ཀྲུང་གོར་ལབ་པ་>>ཞེས་པའི་སྙན་རྩོམ་གཉིས་སྔ་རྗེས་སུ་སྤེལ་ཡོད་པ་དང་། ཁོང་ནམ་རྒྱུན་ས་རིན་ཞེས་པའི་སྨྱུག་མིང་སྤྱད་དེ་རྩོམ་ཡིག་མང་པོ་འབྲི་མཁན་ཞིག་ཡིན་འདུག། ཁོང་གི་ཕ་ཡུལ་རྔ་བ་རྨེའུ་རུ་མ་རུ་ཆེན་གཉིས་པའི་ཡོ་ཚང་སྡེ་ནས་ཡིན་ཞིང་། ཁོང་གི་ཕ་མིང་ལ་མ་ཉོ་དང་མ་མིང་ལ་དཀོན་སྒྲོལ་ཞུ་བ་དང་། ད་ལྟ་རང་ལོ་༡༨ ཡིན་པའི་བསྟན་འཛིན་དགེ་ལེགས་ནི་རྔ་བ་ཀིརྟི་དགོན་གྱི་གྲྭ་བ་ཡིན་པ་རེད། རྒྱ་གཞུང་གིས་མེས་རྒྱལ་བརྟན་སྲུང་དང་ཁ་བྲལ་ལ་ངོ་རྒོལ་སོགས་ཀྱི་མིང་བྱང་སྣ་ཚོགས་འོག་ཏུ་བོད་མིའི་སྤྱི་ཚོགས་བརྒྱུད་ལམ་ཁག་དང་། …

Leave a Reply

Your email address will not be published. Required fields are marked *