Sunday , August 19 2018
Home / གསར་འགྱུར། / རྒྱ་གཞུང་གིས་རྒྱལ་སྤྱིའི་རང་དབང་ལྡན་པའི་ཞིབ་འཇུག་ཚོགས་པ་བརྒྱུད་ནས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་དངོས་ཡོད་གནས་སྟངས་ལ་རྒྱུས་ལོན་བྱེད་དུ་འཇུག་དགོས།

རྒྱ་གཞུང་གིས་རྒྱལ་སྤྱིའི་རང་དབང་ལྡན་པའི་ཞིབ་འཇུག་ཚོགས་པ་བརྒྱུད་ནས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་དངོས་ཡོད་གནས་སྟངས་ལ་རྒྱུས་ལོན་བྱེད་དུ་འཇུག་དགོས།

དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་བཟོས་ཏེ་མི་ལོ་ཧྲིལ་བོ་༢༣ ཕྱིན་པའི་རྗེས་དྲན་ཉིན་མོ་འདིར། འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་རྒྱལ་སྤྱིའི་སྤྱི་ཚོགས་དང་ཕྱར་བ་གྲུ་འདེགས་ཀྱིས་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་རྒྱལ་སྤྱིའི་རང་དབང་ལྡན་པའི་ཞིབ་འཇུག་ཚོགས་པར་ལྟ་རྟོག་དང་མྱུལ་ཞིབ་གང་ཡང་མེད་པའི་ཐོག་ནས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་དངོས་ཡོད་གནས་སྟངས་ལ་ཞིབ་འཇུག་རྒྱུས་ལོན་དང་བདེན་དཔང་ར་སྤྲོད་བྱེད་དུ་འཇུག་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད།

སྤྱི་ནོར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དགེ་འདུན་ཆོས་ཀྱི་ཉི་མ་ནི་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་རྗེ་བཙུན་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་ཡང་སྲིད་དུ་ངོས་འཛིན་གནང་ནས་ཉིན་གསུམ་གྱི་རྗེས་ཏེ། ཕྱི་ལོ་༡༩༩༥ ཟླ་༥ ཚེས་༡༧ ཉིན་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་དགུང་ལོ་༦ ལ་གསོན་མ་ཐག་པའི་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཁོང་གི་ཡབ་ཡུམ་སྐུ་འཁོར་དང་བཅས་པ་བཙན་གྱིས་གར་སོང་ཆ་མེད་བཟོས་ཡོད་ལ། བོད་མིའི་ཆོས་དད་རང་དབང་བརྩིས་མེད་རྡོག་རོལ་བཏང་སྟེ་ཕྱི་ལོ་༡༩༩༥ ཟླ་༡༡ ནང་རྒྱ་ནག་དམར་ཤོག་གཞུང་གིས་རྒྱལ་མཚན་ནོར་བུ་ཟེར་བའི་བོད་རིགས་བྱིས་པ་ཞིག་པཎ་ཆེན་ཨིར་ཏི་ནི་ཆོས་ཀྱི་རྒྱལ་མཚན་མཆོག་གི་ཡང་སྲིད་ལ་ཐད་བསྐོས་བྱས་པ་རེད།

འདས་པའི་མི་ལོ་༢༣ རིང་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་པཎ་ཆེན་རིན་པོ་ཆེ་གར་ཡོད་ཅི་བྱས་ཀྱི་དངོས་ཡོད་གནས་སྟངས་ལ་བདེན་དཔང་མེད་པ་དང་གསལ་ཁ་མེད་པ་བཟོས་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ལ་རྐང་བཙུགས་ནས་མགོ་གཡོག་མགོ་སྐོར་བཏང་བ་དང་། ཟླ་འདིའི་ཟླ་འགོར་བོད་རང་སྐྱོང་ལྗོངས་ཀྱི་སྐུ་ཚབ་ཚོགས་པ་ཞིག་ཁེ་ན་ཊར་ཕྱིན་སྐབས། བོད་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས་ཟེར་བས་ཡུལ་དེའི་གྲོས་ཚོགས་འཐུས་མི་ཚོར། དགེ་འདུན་ཆོས་ཀྱི་ཉི་མ་ནི་བོད་ལྗོངས་ཀྱི་མི་སེར་དཀྱུས་མ་ཞིག་ཡིན་རབས་དང་། ཁོང་གིས་སྤྱི་དམངས་དཀྱུས་མ་ཞིག་གི་མི་ཚེ་སྐྱེལ་ཏེ་དེང་དུས་ཀྱི་ཤེས་ཡོན་སློབ་གསོ་མྱངས་ནས་ད་ལྟ་ཕལ་ཆེར་སློབ་ཆེན་མཐར་ཕྱིན་ཡོད་ཚུལ། ཁོང་གིས་འཚོ་བ་ཧ་ཅང་ཡག་པོ་སྐྱེལ་གྱི་ཡོད་ལུགས། ཁོང་དང་ཁོང་གི་ཁྱིམ་མི་རྣམས་ལ་ཕྱི་ཕྱོགས་ནས་བར་ཆད་བཟོ་བར་འདོད་པ་མེད་རབས་སོགས་བཤད་ཀྱང་། དོན་དངོས་སུ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ས་གནས་གང་དུ་འཚོ་བཞུགས་དང་དངོས་ཡོད་གནས་སྟངས་ཅི་འདྲ་ཡིན་པའི་བདེན་དཔང་ཅི་ཡང་ར་སྤྲོད་བྱས་མེད་པས། རྒྱ་གཞུང་གིས་པཎ་ཆེན་རིན་པོ་ཆེ་མཆོག་སྐུ་ཁམས་བདེ་ཐང་ངང་སྐུ་འཚོ་བཞུགས་གནང་ཡོད་ལུགས་བཤད་པ་དེ་ལ་དོགས་པ་སྐྱེ་གཞི་ཞིག་ཆགས་ཡོད།

རྒྱ་ནག་དམར་ཤོག་གཞུང་གི་མཁྲེགས་འཛིན་དང་གཡོ་ཐབས་ལ་མ་བལྟས་པར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་རྒྱ་གཞུང་གིས་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བཙན་དབང་གིས་གར་སོང་ཆ་མེད་བཟོས་པའི་གནད་དོན་དེ་དུས་ནམ་ཡང་བརྗེད་སྲིད་པ་མ་རེད་ལ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་ཚོགས་གཙོ་གཙོས་པའི་རྒྱལ་སྤྱིའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་རང་དབང་ཚོགས་སྡེ་ཁག་ནས་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་ནམ་ཞར་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་སྐུ་ཁམས་བདེ་ཐང་ཡིན་རབས་བཤད་པ་དེའི་བདེན་དཔང་ར་སྤྲོད་བྱེད་དགོས་པའི་འབོད་སྐུལ་དང་གནོན་ཤུགས་མུ་མཐུད་སྤྲོད་ངེས་ཡིན། ཕྱི་ལོ་༢༠༡༧ ཟླ་༡༡ ནང་ཁེ་ན་ཊའི་ཕྱི་སྲིད་བློན་ཆེན་ལྕམ་ཁི་རེ་སི་ཊེ་ཡ་ཧྥི་རེ་ལན་ཌི་ཡིས་རྒྱ་གཞུང་ལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་ཚོགས་གཙོ་དང་། རྒྱལ་ཚོགས་ཀྱི་ཆོས་དད་རང་དབང་སྲུང་སྐྱོབ་ལྷན་ཁང་གི་དམིགས་བསལ་སྐུ་ཚབ་ནས་པཎ་ཆེན་རིན་པོ་ཆེའི་དངོས་ཡོད་གནས་སྟངས་ཤེས་རྟོགས་ཡོང་ཆེད་བཀག་ཉར་ལྟེ་གནས་སུ་ཁོང་དང་མཇལ་འཕྲད་བྱེད་དུ་འཇུག་དགོས་པའི་འབོད་སྐུལ་ཤུགས་ཆེན་ཞུས་ཡོད།

རྒྱ་ནག་དམར་ཤོག་སྲིད་གཞུང་གིས་ཆ་རྐྱེན་ཅི་ཡང་མེད་པར་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བཙན་དབང་གིས་གར་སོང་ཆ་མེད་བཟོ་བཞིན་པ་མྱུར་དུ་མཚམས་བཞག་སྟེ། ཁོང་གི་འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་ཆེས་མཐོང་ལ་བརྩི་བཀུར་བྱས་ནས་ཁོང་ལ་རང་དབང་གི་འཚོ་བ་རོལ་དུ་འཇུག་དགོས།

ཕྱི་ལོ་༡༩༩༥ ཟླ་༡༡ ནང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཧྲུན་གོ་ཧྥང་ཟེར་བས། ཏཱ་ལའི་བླ་མས་ངོས་འཛིན་གནང་བའི་བྱིས་པ་དེ་གར་ཡོད་ང་ཚོས་གསལ་བོར་མ་ཤེས་ཟེར་ནས། དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཁོང་གི་ཡབ་ཡུམ་གཉིས་བཙན་ཁྲིད་ཀྱིས་འདས་པའི་ཟླ་ཤས་རིང་ཁྲིམས་འགལ་བཀག་ཉར་བྱས་ཡོད་པ་ཁས་མ་བླངས་པར། ཁོང་བཙོན་འཇུགས་བྱས་མེད་ལུགས་དང་། ཁོང་གར་སོང་ཆ་མེད་དུ་གྱུར་མེད་རབས། ཁོང་སོ་སོའི་ཕ་ཡུལ་དུ་ཡོད་སྲིད་ལུགས་བཤད་ཅིང་། ཕྱི་ལོ་༡༩༩༦ ཟླ་༥ ཚེས་༢༨ ཉིན་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་ཐོག་དང་པོར་དགེ་འདུན་ཆོས་ཀྱི་ཉི་མ་དང་ཁོང་གི་ཡབ་ཡུམ་གཉིས་གསང་བའི་ས་གནས་ཤིག་ཏུ་བཀག་ཉར་བྱས་ཡོད་པ་ཁས་ལེན་བྱེད་དགོས་བྱུང་ཞིང་། དེ་ནི་རྒྱལ་ཚོགས་ཀྱི་བྱིས་པའི་ཐོབ་ཐང་ཚན་པ་ནས་རྒྱ་གཞུང་གིས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་གར་ཡོད་ཅི་བྱས་སྐོར་གསལ་བཤད་དགོས་པའི་འབོད་སྐུལ་ཞུས་པ་བརྒྱུད་ནས་བྱུང་བ་ཞིག་སྟེ། རྒྱལ་ཚོགས་ཀྱི་རྒྱ་ནག་གཞུང་ཚབ་ཝུ་ཅིན་མིན་ཟེར་བས། དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཁོང་གི་ཡབ་ཡུམ་གྱི་རེ་འདུན་ལྟར། རྒྱ་ནག་གཞུང་གིས་ཁོང་ལ་སྲུང་སྐྱོབ་བྱས་ཡོད་རབས་བཤད་ཀྱང་། ཁོང་ས་གནས་གང་དུ་ཡོད་མེད་གསལ་བཤད་བྱས་མེད། སྐབས་དེར་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་དུ་ཁ་བྲལ་རིང་ལུགས་པས་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྐུ་འཁྲིད་བྱ་སྲིད་པས། ཁོང་གི་བདེ་འཇགས་ལ་ཉེན་ཁ་ཆེ་རབས་དྲིལ་སྒྲོག་བྱས་ཡོད་པ་རེད།

ཕྱི་ལོ་༡༩༩༧ ལོར་ཨོ་སི་ཊོ་རེ་ཡའི་ཕྱི་སྲིད་བློན་ཆེན་ཝོལ་ཧྥི་ཤཱུ་སིལ་དང་ཨ་རིའི་ཆོས་ལུགས་གསུམ་གྱི་ཆོས་ཚོགས་ཀྱི་དབུ་ཁྲིད་བཅས་སྐུ་ཚབ་ཚོགས་པ་གཉིས་བོད་དུ་ཕྱིན་སྐབས། སྔ་ཕྱི་ཐོད་མི་ཐུག་པའི་བརྡ་ལན་གཉིས་སྤྲད་འདུག་སྟེ། བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་གཞོན་པ་ཡཱང་ཁྲུན་ཐང་ཟེར་བས། ཨོ་སི་ཊོ་རེ་ཡའི་སྐུ་ཚབ་ཚོགས་པར་དགེ་འདུན་ཆོས་ཀྱི་ཉི་མ་ཁོང་གི་འཁྲུངས་ཡུལ་ལྷ་རི་རྫོང་དུ་ཡོད་ལུགས་དང་། ཡང་ཨ་རིའི་ཆོས་ཚོགས་ཀྱི་སྐུ་ཚབ་ཚོགས་པར་ཁོང་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཡོད་རབས་བཤད་འདུག

ཕྱི་ལོ་༢༠༠༠ ཟླ་༡༠ ནང་གྲོང་ཁྱེར་ལོན་ཊོན་ནང་ཚོགས་པའི་དབྱིན་ཇི་དང་རྒྱ་ནག་ཕྱོགས་གཉིས་ཀྱི་འགྲོ་བ་མིིའི་ཐོབ་ཐང་སྐོར་གྱི་གྲོས་མོལ་སྐབས་སུ། དབྱིན་ཇིའི་གཞུང་གི་ཚོགས་ཞུགས་འགོ་ཁྲིད་ཚོས་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནང་སྟངས་གླེང་སློང་བྱས་པ་བརྒྱུད་ནས། དབྱིན་ཇིའི་ཕྱི་སྲིད་བློན་ཆེན་གྱིས་དབྱིན་ཇིའི་གྲོས་ཚོགས་ལ་སྙན་ཐོ་ཞིག་ཕུལ་ཡོད་པའི་ནང་དུ། ང་ཚོས་རྒྱ་ནག་གཞུང་ལ་རྒྱལ་སྤྱིའི་རང་དབང་ལྡན་པའི་ཞིབ་འཇུག་ཚོགས་པ་ཞིག་དགེ་འདུན་ཆོས་ཀྱི་ཉི་མར་མཇལ་འཕྲད་བྱེད་དུ་བཅུག་ནས་ཁོང་གི་དངོས་ཡོད་གནས་སྟངས་དང་ཁོང་བདེ་འཇགས་ཡིན་པའི་བདེན་དཔང་ར་སྤྲོད་བྱེད་དུ་འཇུག་པའི་གནོན་ཤུགས་སྤྲོད་དགོས། རྒྱ་ནག་གཞུང་གིས་དགེ་འདུན་ཆོས་ཀྱི་ཉི་མ་སྐུ་གཟུགས་བདེ་ཐང་ཡིན་རབས་དང་ཁོང་སློབ་གྲྭར་ཕེབས་ཀྱི་ཡོད་ལུགས། ཁོང་གི་ཡབ་ཡུམ་གཉིས་ཀྱིས་ཕྱི་མི་དང་བརྒྱུད་ལམ་ཁག་ནས་ཁོང་གི་མི་ཚེར་ཐེ་བྱུས་བྱེད་དུ་འཇུག་འདོད་མེད་ཚུལ། དེ་བཞིན་བྱིས་པ་ཞིག་གི་འདྲ་པར་གཉིས་བསྟན་པ་ལས་གཅིག་ནི་བྱིས་པ་ཞིག་གིས་ནག་པང་སྟེང་ལ་ཡི་གེ་འབྲི་བཞིན་པའི་འདྲ་པར་ཞིག་དང་། གཞན་པ་དེ་ནི་བྱིས་པ་ཞིག་གིས་པང་སྤོལ་རྩེ་བཞིན་པའི་འདྲ་པར་ཞིག་རེད་ལ། འདྲ་པར་དེ་གཉིས་སྟེང་གི་བྱིས་པ་དེའི་ལོ་ཚད་ཧ་ལམ་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་དང་འདྲ་བོ་ཡིན་པ་ཙམ་མ་གཏོགས། འདྲ་པར་དེ་གཉིས་སྟེང་གི་བྱིས་པ་དེ་ཁོང་ཉིད་ཡིན་མིན་ངོ་རྟགས་མི་ཆོད་པར་མ་ཟད། ཁོང་གི་བཞུགས་གནས་ལའང་གསལ་ཁ་མི་འདུག་ཅེས་བརྗོད་ཡོད།

ཕྱི་ལོ་༢༠༠༡ ཟླ་༨ ནང་ཕོ་ལན་རྒྱལ་ཁབ་ཀྱི་གྲོས་ཚོགས་སྐུ་ཚབ་ཚོགས་ཆུང་ཞིག་ལྷ་སར་གཟིགས་སྐོར་དུ་ཕྱིན་སྐབས་ཀྱང་། རྒྱ་གཞུང་གིས་བསྐྱར་དུ་ཁོང་ཚོར་དགེ་འདུན་ཆོས་ཀྱི་ཉི་མ་དང་ཁོང་གི་ཡབ་ཡུམ་གཉིས་སྲུང་སྐྱོབ་བྱས་ཡོད་རབས་དང་། ཁོང་ཚོ་བདེ་ཐང་ཡིན་ལུགས་བཤད་ནས། ཁོ་ཚོར་ཡང་བྱིས་པ་ཞིག་གི་འདྲ་པར་གཉིས་བསྟན་ནས། དེ་ནི་གཟའ་འཁོར་༦ ཙམ་གྱི་སྔོན་ལ་བླངས་པའི་དགེ་འདུན་ཆོས་ཀྱི་ཉི་མའི་སྐུ་པར་ཡིན་ཚུལ་བཤད་ཀྱང་། འདྲ་པར་དེ་སྐུ་ཚབ་ཚོགས་པར་སྤྲད་མི་འདུག་ལ། ཕྱིས་སུ་ཕོ་ལན་ཌི་གཞུང་ལ་ཡུལ་དེའི་རྒྱལ་ས་ཝར་སོ་ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་ནས་ཡི་གེ་ཞིག་འབྱོར་བའི་ནང་དུ། དགེ་འདུན་ཆོས་ཀྱི་ཉི་མ་དང་ཁོང་གི་ཡབ་ཡུམ་གཉིས་ཕྱི་མིར་ཐུག་འཕྲད་བྱས་ནས་བདེ་འཇགས་ཀྱི་འཚོ་བར་བར་ཆད་གཏོང་དུ་འཇུག་འདོད་མེད་རབས་དང་རྒྱ་ནག་གཞུང་གིས་སྤྱི་དམངས་ཀྱི་འདམ་གའི་རང་དབང་ལ་བརྩི་བཀུར་བྱེད་དགོས་ཀྱི་ཡོད་ཚུལ། ཕོ་ལན་ཊིའི་མི་མང་གིས་གནས་སྟངས་དེ་ལ་བསམ་ཤེས་གནང་བའི་རེ་བ་ཡོད་ལུགས་སོགས་བཤད་འདུག

གཞན་ཡང་ཕྱི་ལོ་༢༠༠༢ ཟླ་༡༠ ནང་རྒྱ་གཞུང་གིས་ཨོ་སི་ཊོར་ལེ་ཡའི་སྐུ་ཚབ་ཚོགས་པར། དགེ་འདུན་ཆོས་ཀྱི་ཉི་མའི་ཡབ་ཡུམ་གཉིས་ནས་ཕྱིའི་སྐུ་ཚབ་མི་སྣ་ཁོང་ལ་མཇལ་འཕྲད་བྱེད་དུ་འཇུག་འདོད་མེད་རབས་བཤད་འདུག རྒྱ་གཞུང་གི་གཡོ་ཐབས་ལ་གཞིགས་ན། པཎ་ཆེན་རིན་པོ་ཆེའི་ཡབ་ཡུམ་གཉིས་ནས་སོ་སོའི་སྒེར་དབང་ཐོབ་ཐང་གི་དགོས་འདུན་འདོན་གྱི་ཡོད་པ་དང་། དམིགས་བསམ་ཁོང་རྣམ་པ་གཉིས་ནས་ཕྱིའི་མི་སྣ་པཎ་ཆེན་རིན་པོ་ཆེར་མཇལ་འཕྲད་བྱེད་དུ་བཅུག་ནས་ཁོང་ལ་སུན་པོ་བཟོ་འདོད་མེད་པར། ཁོང་ལ་རྒྱུན་ལྡན་གྱི་འཚོ་བ་རོལ་དུ་འཇུག་འདོད་ཡོད་བཟོ་འདུག

ཕྱི་ལོ་༡༩༩༥ ཟླ་༣ ནང་བོད་རང་སྐྱོང་ལྗོངས་ཟེར་བའི་སྐུ་ཚབ་ཚོགས་པ་ཞིག་ཡུ་རོབ་གྲོས་ཚོགས་ཀྱི་སྐུ་ཚབ་མི་སྣར་ཐུག་འཕྲད་ཀྱིས་ཡང་བསྐྱར་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཕྱི་མིར་མཇལ་འཕྲད་ཀྱིས་བར་ཆད་བཟོ་རུ་འཇུག་འདོད་མེད་རབས་བཤད་ནས། དེ་སྔོན་ཕོ་ལན་ཊིའི་སྐུ་ཚབ་ཚོགས་པར་བསྟན་པའི་འདྲ་པར་དེ་གཉིས་སྐོར་གྱི་དོགས་འདྲི་ལ་ལན་འདེབས་བྱས་མེད་པ་རེད།

ཕྱི་ལོ་༡༩༩༥ ཟླ་༥ ཚེས་༡༤ ཉིན་སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དགེ་འདུན་ཆོས་ཀྱི་ཉི་མ་ནི་༧ཀུན་གཟིགས་པན་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་འཛིན་གནང་ཞིང་། ཕྱི་ཟླ་༥ ཚེས་༡༥ རྒྱ་ནག་དམར་ཤོག་སྲིད་གཞུང་གིས་གསལ་བསྒྲགས་ཤིག་སྤེལ་ཏེ་༧གོང་ས་མཆོག་གིས་ངོས་འཛིན་གནང་བར་མོས་མཐུན་མ་བྱས་པར། ཕྱི་ཚེས་༡༧ ཉིན་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་དང་ཁོང་གི་ཡབ་ཡུམ་སྐུ་འཁོར་དང་བཅས་པ་བཞུགས་ཡུལ་ནག་ཆུ་ཁུལ་ལྷ་རི་རྫོང་ནས་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་དུ་བཏང་བ་དང་། སྐབས་དེ་ནས་བཟུང་ད་བར་དུ་ཁོང་རྣམ་པའི་དངོས་ཡོད་གནས་སྟངས་གོ་མེད་ཚོར་མེད་བཟོས་ཡོད་ལ། ཆབ་སྲིད་ཀྱི་དགོས་མཁོར་དམིགས་ནས་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་ལོ་དེའི་ཕྱི་ཟླ་༡༡ ཚེས་༢༩ ཉིན་རྒྱལ་མཚན་ནོར་བུ་ཟེར་བའི་བོད་རིགས་བྱིས་པ་ཞིག་པཎ་ཆེན་སྐུ་ཕྲེང་བཅུ་བའི་ཡང་སྲིད་དུ་ཐད་བསྐོས་བྱས་ཡོད་པ་རེད།

རྒྱ་གཞུང་གིས་རྒྱལ་མཚན་ནོར་བུ་ཟེར་བ་ཐད་བསྐོས་ཀྱིས་༧གོང་ས་མཆོག་ནས་ངོས་འཛིན་གནང་བའི་པཎ་ཆེན་ཆུང་སྲིད་རིན་པོ་ཆེར་ངོས་ལེན་བྱེད་ཀྱི་མེད་ཅིང་། བོད་ཕྱི་ནང་གི་བོད་མི་ཚོས་རྒྱ་ནག་གཞུང་ནས་༧གོང་ས་མཆོག་གིས་ངོས་འཛིན་གནང་བའི་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་མྱུར་དུ་གློད་གྲོལ་གཏོང་དགོས་པའི་ཞི་རྒོལ་དང་སྐད་འབོད་མུ་མཐུད་གནང་མུས་ཡིན་པ་རེད།

རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གནོན་ཤུགས་ལ་བརྟེན་ནས་རྒྱ་ནག་དམར་ཤོག་གཞུང་གིས་ཕྱི་ལོ་༡༩༩༦ ཟླ་༥ ཚེས་༡༤ ཉིན་བོད་རིགས་དཀྱུས་པ་ཞིག་ཡིན་རབས་ཀྱི་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཁ་བྲལ་རིང་ལུགས་པས་རྐུ་འཁྲིད་བྱ་སྲིད་པའི་དོགས་གཞིའི་འོག་ཏུ་སྲུང་སྐྱོབ་བྱས་ཡོད་ལུགས་གསལ་བཤད་བྱེད་དགོས་བྱུང་བ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་རྒྱ་ནག་དམར་ཤོག་གཞུང་གིས་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཁོང་གི་ཡབ་ཡུམ་གཉིས་གར་ཡོད་ཅི་བྱས་ཀྱི་དངོས་ཡོད་གནས་སྟངས་གསལ་བཤད་དགོས་པའི་འབོད་སྐུལ་ཞུ་མུས་ཡིན་ནའང་། རྒྱ་གཞུང་གིས་པཎ་ཆེན་རིན་པོ་ཆེ་དང་ཁོང་གི་ཡབ་ཡུམ་གཉིས་སྐུ་འཚོ་བཞུགས་དང་བདེ་ཐང་ཡིན་པའི་དཔང་རྟགས་ཅི་ཡང་ར་སྤྲོད་བྱས་མེད།

སྤྱིར་བོད་ཀྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ནི་གསེར་བུམ་དཀྲུག་འདོན་དང་ཆོ་ག་ཕྱག་ལེན། ལོ་རྒྱུས་ངེས་སྲོལ་སོགས་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ལམ་ལུགས་གཞིར་འཛིན་དགོས་པ་མ་གཏོགས། ཆབ་སྲིད་ཀྱི་དགོས་མཁོར་བལྟས་ནས་ཐད་བསྐོས་དང་འོས་འདེམས། ཡང་ན་གང་འདོད་དུ་མིང་འདོན་དང་མཚན་གནས་བསྐོ་བཞག་བྱས་ཆོག་གི་མེད་ཅིང་། རྒྱ་ནག་དམར་ཤོག་སྲིད་གཞུང་གིས་བོད་ཀྱི་སྤྲུལ་སྐུའི་ཡང་སྲིད་ལམ་ལུགས་དེ་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱད་དང་སྟངས་འཛིན་བྱས་པ་དེས། བོད་མིའི་ཆོས་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས་དང་བཅས་པར་གཏོར་བརླག་བཏང་སྟེ། བོད་མིའི་ཕ་མེས་ཡང་མེས་རང་ནས་དར་ཁྱབ་དང་བརྒྱུད་འཛིན་བྱེད་བཞིན་པའི་ཆོས་ལུགས་ཆོ་ག་དང་བྱེད་སྒོ་ཁག་རྩ་མེད་དང་བོད་མི་རིགས་ཀྱི་ངོ་བོ་ཉམས་ཉེས་ཀྱི་ཉེན་ཁ་ཆེན་པོ་བཟོ་བཞིན་ཡོད།

About Tibetan Section TCHRD

Check Also

དམག་དཔུང་འབོར་ཆེན་འགྲེམ་འཇོག་གིས་བོད་མིའི་འཐུང་ཆུ་ཁ་བསྒྱུར་ལས་གཞི་བཙན་གྱིས་སྤེལ་བ།  

  རྒྱ་གཞུང་གིས་མཚོ་སྔོན་ཞིང་ཆེན་མཚོ་ཤར་ཁུལ་བ་ཡན་ནམ་དཔའ་ལུང་ཧེ་རིགས་རང་སྐྱོང་རྫོང་ཆུ་མ་ཞང་དུ་རྒྱུག་ཆུ་ཁ་བསྒྱུར་ལས་གཞི་བཙན་གྱིས་སྤེལ་གྱིན་པ་དེས། ས་གནས་སོ་ནམ་བོད་མིའི་ཞིང་ཁར་ཆུ་འདྲེན་དང་སྒོ་ཕྱུགས་ཀྱི་རྩྭ་ཆུར་གནོད་སྐྱོན་བཟོ་བཞིན་འདུག ཟླ་འདིའི་ཟླ་འགོར་སྤེལ་འགོ་བཙུགས་པའི་དཔའ་ལུང་རྫོང་ཆུ་མ་ཞང་གི་ཆག་ཆུ་གྲམ་པ་ཁ་བསྒྱུར་གྱི་ལས་གཞི་དེས། ཆག་ཆུ་ས་ཆའི་སྐྲ་སེང་སྡེ་བ་དང་གྲོ་སྡེ་བ། མགོན་པོ་རྒྱུ། ཨ་མཆོག་དང་ཨ་སྡེ་བཅས་ཞིང་ལས་གཙོ་གཉེར་གྱི་བོད་རིགས་སྡེ་བ་ལྔ་ཡི་འཚོ་གནས་ལ་གནོད་པ་བཟོས་ཡོད་པ་དང་། ས་གནས་བོད་མི་ཚོས་རྒྱ་གཞུང་གིས་ཆག་ཆུ་གྲམ་པ་ཁ་བསྒྱུར་བྱས་པ་ཡིན་ན། ཁོ་ཚོའི་ཞིང་ཁར་ཆུ་འདྲེན་དང་སྒོ་ཕྱུགས་ལ་རྩྭ་ཆུས་མི་འདང་བའི་སེམས་ཁུར་དང་། ལས་གཞི་དེས་ས་གནས་འབྱུང་ཁམས་ཁོར་ཡུག་ལ་ཡང་གནོད་སྐྱོན་ཐེབས་ཀྱི་ཡིན་པར་སེམས་འཚབ་གནང་གི་ཡོད་ཅིང་། རྒྱ་གཞུང་གིས་ཆག་ཆུ་གྲམ་པ་ཁ་བསྒྱུར་གྱི་ཡུར་བ་རྐོ་སྐབས། ལོ་ཏོག་སྐྱེས་པའི་ས་ཞིང་བསྔོགས་ཏེ་ཡུལ་མི་ཚོར་ཁ་གསབ་ཙམ་ཡང་སྤྲད་མི་འདུག འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། རྒྱ་གཞུང་གིས་རྒྱུག་ཆུ་ཁ་བསྒྱུར་གྱི་ལས་གཞི་དེ་མ་སྤེལ་སྔོན་ལ། ས་གནས་བོད་མི་ཚོར་འདོད་མོས་ཡོད་མེད་ལ་གོ་བསྡུར་དང་བརྡ་ལན་ཅི་ཡང་སྤྲད་མེད་པ་དང་། …

Leave a Reply

Your email address will not be published. Required fields are marked *