Friday , September 21 2018
Home / Uncategorized / རྒྱ་གཞུང་གིས་དོགས་ཡོད་བོད་མི་སུམ་བཅུ་ཙམ་གང་བྱུང་བཀག་ཉར་བྱས།

རྒྱ་གཞུང་གིས་དོགས་ཡོད་བོད་མི་སུམ་བཅུ་ཙམ་གང་བྱུང་བཀག་ཉར་བྱས།

ཟླ་སྔོན་མའི་ཚེས་གཉིས་ཡས་མས་ཤིག་ལ་འབྲི་རུ་རྫོང་ཤག་ཆུ་གྲོང་རྡལ་ས་གནས་མང་ཚོགས་ཀྱིས་ཡུལ་དེའི་གནས་རི་སེབ་ཁྲ་རྫ་རྒན་གྱི་གཏེར་ཁ་སྔོག་འདོན་ལས་གཞིར་ཞི་རྒོལ་གནང་བར་བརྟེན་ནས། རྒྱ་གཞུང་གིས་དོགས་ཡོད་ཡུལ་མི་སུམ་བཅུ་ཙམ་གང་བྱུང་བཀག་ཉར་བྱས་འདུག

ཤག་ཆུ་གྲོང་རྡལ་དུ་ཛ་དྲག་གི་ཚོགས་འདུ་བསྡུས།

ཟླ་སྔོན་མའི་ཕྱི་ཚེས་༢ ཡས་མས་ཤིག་ལ་རྒྱ་གཞུང་གིས་ནག་ཆུ་ཁུལ་འབྲི་རུ་རྫོང་ཤག་ཆུ་གྲོང་རྡུལ་གྱི་དམར་སྐོར་གྲོང་ཚོ་དང་ཝ་ཐང་གྲོང་ཚོ། སྒོ་ཆུ་གྲོང་ཚོ་བཅས་ཀྱི་ཡུལ་མི་༣༠ ཙམ་གང་བྱུང་བཀག་ཉར་བྱས་ཡོད་པ་དང་། ཁོ་ཚོ་གང་བྱུང་བཀག་ཉར་བྱེད་དོན་ནི། ཕྱི་ཟླ་༢ པའི་ཟླ་མཇུག་ཙམ་ནས་ས་གནས་སྲིད་གཞུང་གིས་ཡུལ་མི་ཚོར་མོས་མཐུན་ཡོད་མེད་ལ་མ་བལྟས་པར་བཙན་གྱིས་སེབ་ཁྲ་རྫ་རྒན་གྱི་གཏེར་ཁ་སྔོག་འདོན་བྱེད་པའི་ལས་གཞིར་མོས་མཐུན་ཀྱི་མིང་རྟགས་བཀོད་དུ་བཅུག་པ་དང་། སྐབས་དེར་ཤག་ཆུ་གྲོང་རྡལ་དམར་སྐོར་གྲོང་ཚོའི་ལས་བྱེད་ཀརྨ་ཞུ་བ་ཞིག་གིས་གནས་རི་དེ་རྩ་ཆེན་ཞིག་ཡིན་པས། བོད་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་དབང་འཛིན་དཔོན་རིགས་བསྟན་འཛིན་རྣམ་རྒྱལ་དང་རག་སྡིས་གཉིས་མོས་མཐུན་ཡོད་པའི་མིང་རྟགས་འཁྱེར་ཡོང་ན་མ་གཏོགས་མོས་མཐུན་བྱ་རྒྱུ་མིན་སྐོར་བརྗོད་པར་བརྟེན། ས་གནས་ཉེན་རྟོག་པས་ཁོང་གང་བྱུང་འཛིན་བཟུང་བཀག་ཉར་བྱས་པའི་གནས་ཚུལ་དེ་ཕྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་པ་དང་འབྲེལ་ཏེ། ས་གནས་སྲིད་གཞུང་གིས་ཛ་དྲག་གི་ཚོགས་འདུ་བསྡུས་ནས་དོགས་ཡོད་ཡུལ་མི་ཚོ་བཙན་གྱིས་འབོད་འགུག་གིས་གང་བྱུང་བཀག་ཉར་བྱས་པ་ཞིག་རེད། 

༡༽མཁྱེན་རབ། ༢༽ཚུལ་ཁྲིམས་མགོན་པོ། ༣༽རིན་ཆེན་རྣམ་གྲོལ། ༤༽བྱང་ཆུང་དངོས་གྲུབ། ༥༽དོན་རྒྱས། ༦༽མིང་མ་ཤེས་པའི་བུ་མོ་གཉིས། ༧༽སོག་རུ་ཨ་བུ། ༨༽རྣམ་སྲས།

 རྒྱ་ནག་ས་གནས་སྲིད་གཞུང་གིས་གང་བྱུང་བཀག་ཉར་བྱས་ཡོད་པའི་ཡུལ་མིའི་གྲས་སུ་ད་ལྟ་རང་ལོ་༣༦ ཡིན་པའི་འབྲི་རུ་རྫོང་ཤག་ཆུ་གྲོང་རྡལ་གྱི་ལས་བྱེད་མཁྱེན་རབ་དང་། ཝ་ཐང་འབྲོང་ངུར་དགོན་གྱི་རང་ལོ་༥༠ ཡིན་པའི་དགེ་འདུན་པ་ཚུལ་ཁྲིམས་མགོན་པོ་དང་རང་ལོ་༣༩ ཡིན་པའི་དགེ་འདུན་པ་རིན་ཆེན་རྣམ་གྲོལ། རང་ལོ་༦༠ ཡིན་པའི་དམར་སྐོར་གྲོང་ཚོའི་བྱང་ཆུབ་དངོས་གྲུབ། རང་ལོ་༥༡ ཡིན་པའི་སྒོ་ཆུ་གྲོང་ཚོའི་དོན་རྒྱས། ངོ་རྟགས་མ་ཆོད་པའི་བོད་རིགས་བུ་མོ་ཆུང་ཆུང་གཉིས་༼བུ་མོ་གཅིག་གི་ཕ་མིང་ལ་གཙང་ཚ་ལམ་བཟང་ཟེར༽རང་ལོ་༣༨ ཡིན་པའི་ལྷས་རྒན་གྲོང་ཚོའི་སྨན་པ་སོག་རུ་ཨ་བུ། དེ་བཞིན་རང་ལོ་༣༨ ཡིན་པའི་བྲག་ར་གྲོང་ཚོའི་རྣམ་སྲས་བཅས་སོགས་ཡོད་ཅིང་། ཤག་ཆུ་གྲོང་རྡལ་གྱི་ལས་བྱེད་མཁྱེན་རབ་ཀྱིས་ཡུལ་མི་ཚོར་རང་བྱུང་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་པའི་ཁ་ཏ་སློབ་གསོ་བཏང་བར་བརྟེན་ནས། དམར་ཤོག་སྲིད་གཞུང་གིས་ཁོང་ལ་ཁ་བྲལ་གྱི་ཉེས་མིང་གཡོགས་ཏེ་གང་བྱུང་གཅར་རྡུང་གིས་འདྲི་གཅོད་བཏང་བ་དང་། ད་ལྟའི་གནས་སྟངས་ཤེས་རྟོགས་ཐུབ་མེད་ཅིང་། དེ་སྔ་ཕྱི་ལོ་༢༠༡༥ ལོར་རྒྱ་གཞུང་གིས་ཁོང་ལ་ཁ་བྲལ་དང་འབྲེལ་བ་ཡོད་པའི་ཉེས་འཛུགས་འོག་ཟླ་༦ རིང་གང་བྱུང་བཀག་ཉར་བྱས་མྱོང་ཡོད་འདུག དགེ་འདུན་པ་རིན་ཆེན་རྣམ་གྲོལ་དང་ཚུལ་ཁྲིམས་མགོན་པོ་གཉིས་ཀྱང་ཕྱི་ལོ་༢༠༡༥ ལོར་ཁ་བྲལ་བའི་ཉེས་འཛུགས་འོག་ཏུ་མི་ལོ་༡ རིང་གང་བྱུང་བཀག་ཉར་བྱས་ཡོད་པ་དང་། དེ་བཞིན་ངོ་རྟགས་མ་ཆོད་པའི་བོད་རིགས་བུ་མོ་ཆུང་ཆུང་དེ་གཉིས་ ༼མིང་ཤེས་རྟོགས་ཐུབ་མེད།༽ ཀྱིས་ཕྱི་ལོ་༢༠༡༤ ལོར་རྒྱ་ནག་གི་རྒྱལ་དར་མེར་བསྲེགས་པའི་དོགས་གཞིའི་འོག་འཛིན་བཟུང་བཙོན་འཇུག་བྱས་འདུག གཞན་ཡང་སྨན་པ་སོག་རུ་ཨ་བུ་ཕྱི་ལོ་༢༠༠༩ ལོར་རྒྱལ་ཁབ་ཁ་བྲལ་གྱི་ཉེས་འཛུགས་འོག་ནག་ཆུའི་བཙོན་ཁང་ཞིག་ཏུ་མི་ལོ་༢ རིང་བཙོན་འཇུག་བྱས་ཡོད་པ་དང་། བྲག་ར་གྲོང་ཚོའི་རྣམ་སྲས་ཕྱི་ལོ་༢༠༠༠ ལོར་ཁ་བྲལ་གྱི་སྙོན་འཛུགས་འོག་འབྲི་རུ་རྫོང་གི་བཙོན་ཁང་ཞིག་ཏུ་བཙོན་འཇུག་བྱས་མྱོང་ཡོད་པར་མ་ཟད།  ཕྱི་ལོ་༢༠༡༤ ལོར་རྒྱ་གཞུང་གིས་ཝ་ཐང་འབྲོང་ངུར་དགོན་གྱི་དགེ་འདུན་པ་༦ ༼མིང་དང་གནས་སྟངས་ཤེས་རྟོགས་ཐུབ་མེད།༽ གིས་དགོན་པའི་ཁང་ཐོག་ཏུ་བསྒྲེངས་པའི་རྒྱ་ནག་གི་རྒྱལ་དར་མར་ཕབ་ནས་མེར་སྲེག་བཏང་བར་བརྟེན་འཇུ་བཟུང་བྱས་རྗེས། འབྲོང་ངུར་དགོན་པར་དམ་དྲག་གིས་ཆོས་ལུགས་བྱེད་སྒོ་ཁག་ལ་བཀག་སྡོམ་བྱས་ཤིང་། སྐབས་དེར་དགོན་བདག་བླ་མ་རས་ཆུང་རིན་པོ་ཆེར་ཡང་འདྲི་གཅོད་ཐེངས་འགར་བྱས་འདུག དེར་མ་ཟད། གཉེན་ཉེ་དང་སྤུན་མཆེད་ཕྱི་ཕྱོགས་སུ་ཡོད་པའི་ཡུལ་མི་ཚོར་འདྲི་གཅོད་དང་བཀག་ཉར་གྱི་དཀའ་ངལ་ཕྲད་ཡོད་ཀྱང་། ཉེ་ལམ་ནས་འབྲི་རུ་རྫོང་ཁོངས་ཀྱི་དྲ་ལམ་དང་ཁ་པར་ལ་སྟངས་འཛིན་དང་དམ་དྲག་ཤུགས་ཆེར་བཏང་ཡོད་པའི་རྐྱེན་གྱིས། ད་ལྟ་འབྲི་རུ་རྫོང་ཤག་ཆུ་གྲོང་རྡོལ་གྱི་གནས་སྟངས་ལ་རྒྱུས་ལོན་བྱེད་རྒྱུ་ཁག་པོ་དང་ཉེན་ཁ་ཆེན་པོ་ཆགས་འདུག

ཕྱི་ལོ་༢༠༡༧ ལོའི་ལོ་སྨད་ཙམ་ནས་རྒྱ་གཞུང་གིས་འབྲི་རུ་རྫོང་ཤག་ཆུ་གྲོང་རྡལ་གྱི་སེབ་ཁྲ་རྫ་རྒན་ནས་གཏེར་ཁ་༼བརྒྱུད་ལམ་ཁག་ཏུ་གཏེར་ཁ་ཞེས་འཁོད་འདུག་མོད། གནས་ཚུལ་ལ་གཞིགས་ན་ཕལ་ཆེར་ས་ཁུལ་དེའི་གནའ་རྫས་རྩ་ཆེན་རིགས་སྔོག་འདོན་བྱེད་ཀྱི་ཡོད་པ་འདྲ།༽ སྔོག་འདོན་བྱེད་པའི་འཆར་གཞི་འཐེན་ཏེ། རི་འདབས་སུ་རྒྱ་ལམ་བཟོ་འགོ་བཙུགས་ཡོད་པར་མ་ཟད། ཤག་ཆུ་གྲོང་རྡལ་གྱི་དམར་སྐོར་གྲོང་ཚོ་དང་། ཝ་ཐང་གྲོང་ཚོ། སྒོ་ཆུ་གྲོང་ཚོ་བཅས་ཀྱི་ཡུལ་མི་ཚོར་མོས་མཐུན་ཡོད་མེད་ལ་མ་བལྟས་པར་བཙན་གྱིས་གཏེར་ཁ་སྔོག་འདོན་གྱི་ཡིག་ཆར་མིང་རྟགས་བཀོད་དུ་བཅུག་པ་དང་། གལ་ཏེ་མིང་རྟགས་མ་བཀོད་པ་ཡིན་ན་ཁ་བྲལ་བའི་ཉེས་མིང་གཡོག་རྒྱུ་ཡིན་པའི་འཇིགས་སྐུལ་བྱས་ཡོད་པ་རེད།

ཕྱི་ཟླ་༣ པའི་གནས་ཚུལ་ལྟར་ན།  གཏེར་ཁ་སྔོག་འདོན་གྱི་ལས་གཞི་དེ་ནི་རྒྱ་ནག་དམར་ཤོག་དབུས་གཞུང་ནས་བཀོད་ཁྱབ་བཏང་བ་ཞིག་ཡིན་མིན་གསལ་བོར་མི་ཤེས་ནའང་། ས་ཁུལ་དེར་རྒྱ་ལམ་འཛུགས་སྐྲུན་གྱི་ལམ་ཐིག་རྒྱག་མཁན་གྱི་གྲས་སུ་འབྲི་རུ་རྫོང་གི་གནད་ཡོད་མི་སྣ་ཡོད་ཅིང་། ཕྱི་ཟླ་༣ ཚེས་༥ ཙམ་ནས་ལས་བཟོ་བའི་སྡོད་གནས་འཛུགས་སྐྲུན་བྱེད་ཆེད། ས་ཁུལ་དེའི་རི་ཐང་གང་སར་དར་དམར་ཆུང་ཆུང་མང་པོ་བཙུགས་ཡོད་པ་དང་། ཡུལ་མི་ཚོས་གལ་ཏེ་གནས་རི་དེའི་གཏེར་ཁ་སྔོག་འདོན་བྱས་ན། གནས་རིའི་རི་དྭགས་གནའ་བ་དང་རྒོ་བ་སོགས་རི་སྐྱེས་སྲོག་ཆགས་ལ་གནོད་པ་དང་། གནས་རི་དེའི་གཡས་ཀྱི་བྲག་དཀར་རྫ་རི་ཉིལ་བའི་ཉེན་ཁ་ཡོད་པ། དེ་བཞིན་རི་ཉིལ་ན་ཆུ་བཀག་ནས་ས་ཁུལ་དེར་གནོད་སྐྱོན་ཆེན་པོ་ཡོང་རྒྱུ་ཡིན་པར་སེམས་ཁྲལ་བྱེད་ཀྱིན་འདུག  

དེ་དང་ཕྱོགས་མཚུངས་ཕྱི་ལོ་༢༠༡༣ ཟླ་༥ ཚེས་༢༤ ཉིན་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་འབྲི་རུ་རྫོང་སེབ་ཁྲ་རྫ་རྒན་གྱི་རི་རྒྱུད་དང་འབྲེལ་བའི་གནས་རི་གྲགས་ཅན་ནགས་ལྷ་ཛམ་བྷ་ནས་གཏེར་ཁ་སྔོག་འདོན་གྱི་ལས་གཞི་འགོ་བརྩམས་སྐབས། ས་གནས་ཡུལ་མི་༤༥༠༠ ལྷག་འདུ་འཛོམས་གྱིས་ཞི་རྒོལ་གནང་བ་དང་། ས་གནས་སྲིད་གཞུང་གི་དྲག་ཆས་དམག་མི་འབོར་ཆེན་ཆེད་གཏོང་གིས་ཡུལ་མིའི་ཞི་རྒོལ་ལ་དྲག་གནོན་བྱེད་རྩིས་བྱས་ཀྱང་། ས་གནས་མང་ཚོགས་ཀྱིས་ནགས་ལྷའི་ཕྱོགས་ནས་གཏེར་ཁ་སྔོག་འདོན་མི་ཆོག་པའི་ཁར། རྒྱ་ལམ་བཟོ་བ་དང་། གློག་འཕྲིན་གཏོང་ལེན་གྱི་ལྕགས་སྡོང་འཛུགས་པ། གློག་བསྒྱུར་ས་ཚིགས་བསྐྲུན་པ་སོགས་མི་བྱེད་པའི་རེ་བ་ཞུས་པར་བརྟེན་ནས། འབྲི་རུ་རྫོང་གིས་གཏེར་ཁ་སྔོག་འདོན་གྱི་ལས་གཞི་དེ་གནས་སྐབས་སུ་ཕྱིར་འཐེན་བྱེད་དགོས་བྱུང་བ་རེད།

སེབ་ཁྲ་རྫ་རྒན་གྱི་རང་བྱུང་གཏེར་ཁ་སྔོག་པའི་ཡུལ་ངོས།

སེབ་ཁྲ་རྫ་རྒན་ནི་དེང་གི་ནག་ཆུ་ཁུལ་ནགས་ཤོད་འབྲི་རུ་རྫོང་གི་བྱང་ཕྱོགས་ཀྱི་ཤག་ཆུ་གྲོང་རྡལ་གྱི་རྒྱབ་རི་ཆགས་བསྡད་ཡོད་པ་དང་། གནས་རི་དེའི་གཡས་སུ་ཤར་ཆུ་དང་གཡོན་དུ་ཁེ་ཆུ་ཡོད་ཅིང་། ས་ཁུལ་དེའི་གནས་རི་རྩ་ཆེན་ཞིག་ཡིན་འདུག གནས་རི་དེ་ནི་འབྲོང་ངུར་ཆོས་རྗེའི་གསང་བ་གསུམ་གྱི་གནས་མཆོག་ཏུ་གྲགས་པའི་གནས་ཆེན་གསུམ་གྱི་ཡ་གྱལ་ཞིག་ཡིན་པ་དང་། གནས་རི་དེ་གར་བན་བོན་གཉིས་ཀྱི་ཆོས་ལུགས་དང་འབྲེལ་བའི་ལོ་རྒྱུས་མང་པོའི་གནའ་ཤུལ་དང་། རྩ་ཆེའི་རི་སྐྱེས་སྲོག་ཆགས་མང་པོ་འཚོ་སྡོད་བྱེད་པའི་གནས་ཆེན་ཞིག་ཡིན་ཞིང་། རིག་གསར་རྗེས་ཀྱི་ཕྱི་ལོ་༡༩༦༩ ཙམ་ནས་ཡུལ་མི་ཚོ་གནས་སྐོར་ལ་འགྲོ་བའི་འགོ་ཚུགས་ཡོད་པ་རེད།  

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་དོན་ཚན་༥༣ ཚན་པ་༡ ནང་དུ། སྤྱི་དམངས་དང་ཁྲིམས། གང་ཟག་སྒེར་དང་རྩ་འཛུགས་ཚོགས་པ་ཁག་གཞན་ལ་ཁོར་ཡུག་གི་ཆ་འཕྲིན་རྒྱུས་ལོན་བྱེད་པའི་ཐོབ་ཐང་ཡོད་པར་མ་ཟད། ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་ནང་དུ་མཉམ་ཞུགས་བྱེད་པ་དང་། ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་ལ་ལྟ་རྟོག་སྐུལ་འདེད་བྱེད་པའི་ཐོབ་ཐང་ཡོད་ཅེས་འཁོད་ཅིང་། དོན་དངོས་སུ་དམར་ཤོག་སྲིད་གཞུང་གིས་དབུལ་ཐར་དམག་འཐབ་དང་ཡར་རྒྱས་འཛུགས་སྐྲུན་ལ་ཁ་གཡར་ནས་བོད་ཡུལ་མཐོ་སྒང་གི་རང་བྱུང་ཐོན་ཁུངས་བཟང་བའི་ས་ཁུལ་ཁག་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དང་རང་བྱུང་སྲུང་སྐྱོབ་ས་གནས་ཀྱི་མིང་བྱང་འོག་ཏུ་བཅུག་ནས། ས་གནས་མང་ཚོགས་ཀྱི་འཚོ་རྟེན་དང་དཀའ་ཁག་ལ་བསམ་བློ་ཙམ་ཡང་མི་གཏོང་བར། གང་འདོད་དུ་རང་བྱུང་སྐྱེ་ཁམས་དང་ཐོན་ཁུངས་སྔོག་འདོན་གྱིས་རྩ་ཆེའི་གཏེར་རྫས་མང་པོ་རྒྱ་ནང་དུ་སྐྱེལ་འདྲེན་བྱེད་ཀྱི་ཡོད་པར་མ་ཟད། གཏེར་ཁ་སྔོག་འདོན་བྱེད་སའི་ཁོར་ཡུག་ལ་གཏོར་སྐྱོན་ཚབས་ཆེན་བཟོ་ཡོད་ནའང་། ས་གནས་མང་ཚོགས་ལ་རྩྭ་སའི་ཁ་གསབ་སྤྲོད་རྒྱུ་ཕར་ཞོག ད་དུང་རྒྱལ་ཁབ་ཀྱི་འཛུགས་སྐྲུན་ལས་གཞིར་གཏོར་བརླག་བྱས་པའི་ཉེས་འཛུགས་སྣ་ཚོགས་འོག་ཏུ་རང་བྱུང་ཁོར་ཡུག་སྲུང་སྐྱོབ་གནང་མཁན་ཡུལ་མི་ཚོར་བཙན་གནོན་འཇིགས་སྐུལ་དང་གང་བྱུང་བཀག་ཉར་བྱེད་བཞིན་པ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་མིག་མཐོང་ལག་ཟིན་ཆགས་ཡོད།

 འདི་ག་ལྟེ་གནས་ཁང་གི་ངོས་ནས་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་མགོ་བདེ་དྲན་འཕྲུལ་གྱི་ཆབ་སྲིད་དྲིལ་སྒྲོག་ལ་བརྟེན་ནས། ཞིང་འབྲོག་མང་ཚོགས་ཀྱི་འཚོ་རྟེན་གཙོ་བོ་རྩྭ་ས་ཁག་གཞུང་བཞེས་བཏང་བའི་ཤུལ་དུ་རྒྱ་རིགས་མི་མང་གནས་སྤོར་དང་སྲིད་གཞུང་གི་ཁེ་བཟང་གཉེར་བཞིན་པ་ངེས་པར་དུ་མཚམས་བཞག་སྟེ། ས་གནས་མང་ཚོགས་ལ་སོ་སོའི་འཚོ་རྟེན་རྩྭ་ས་སྲུང་སྐྱོབ་བྱེད་དུ་འཇུག་དགོས་པ་དང་། དེ་བཞིན་རྒྱ་གཞུང་གིས་ཁ་བྲལ་དང་འབྲེལ་བའི་ཉེས་འཛུགས་འོག་ཏུ་འབྲི་རུ་རྫོང་ཤག་ཆུ་གྲོང་རྡལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་གནང་མཁན་ཡུལ་མི་ཚོ་གང་བྱུང་བཀག་ཉར་བྱས་ཡོད་པ་རྣམས་ཆ་རྐྱེན་ཅི་ཡང་མེད་པའི་ཐོག་ནས་མྱུར་དུ་གློད་གྲོལ་གཏོང་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུ་ཡི་ཡོད།

About Tibetan Section TCHRD

Check Also

རྒྱལ་ཚོགས་ཀྱི་ལས་འཛིན་ཚོགས་ཆུང་ནས་རྒྱ་གཞུང་ལ་རིགས་རུས་དབྱེ་འབྱེད་འགོག་པའི་སྐོར་གྱི་གནས་ཚུལ་སྙན་གསང་ཞུ་དགོས་སྐོར་བརྗོད་ཡོད།

  ཕྱི་ལོ་༢༠༡༨ ཟླ་༧ ཚེས་༡༣ ཉིན་གྱི་ཡིག་ཆ་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་སྒང་གི་རིགས་རུས་དབྱེ་འབྱེད་ཀྱི་རྣམ་པ་མཐའ་དག་འགོག་པའི་ལས་འཛིན་ཚོགས་ཆུང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཞུང་ལ་རྒྱ་ནང་གི་རིགས་རུས་དབྱེ་འབྱེད་ཀྱི་རྣམ་པ་མཐའ་དག་འགོག་པའི་སྐོར་གྱི་གནས་ཚུལ་སྙན་གསང་ཞུ་དགོས་པའི་བརྡ་ལེན་སྤྲད་འདུགདེ་ཡང་ལས་འཛིན་ཚོགས་ཆུང་༼ཚོགས་ཆུང་འདིས་རིགས་རུས་དབྱེད་འབྱེ་ཀྱི་རྣམ་པ་མཐའ་དག་འགོག་པའི་རྒྱལ་སྤྱིའི་སྤྱི་ཆིངས་ལག་བསྟར་ཐད་ལ་ལྟ་རྟོག་གནང་གི་ཡོད།༽གིས་དེ་སྔོན་ཚོགས་ཆེན་ཐེངས་༩༦ སྟེང་སྤྲད་པའི་རྒྱ་གཞུང་གི་ལོ་འཁོར་སྙན་ཐོར་བསྐྱར་ཞིབ་བྱས་རྗེས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཞུང་ལ་རྒྱ་ནང་གི་རིགས་རུས་དབྱེ་འབྱེད་ཀྱི་རྣམ་པ་མཐའ་དག་འགོག་པའི་སྐོར་གྱི་གནས་ཚུལ་སྙན་གསང་ཞུ་དགོས་པའི་བརྡ་ལེན་སྤྲད་པ་ཞིག་རེད་ལ། ཕྱི་ལོ་༢༠༡༨ ཟླ་༨ ཚེས་༡༠ ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐུ་ཚབ་མི་སྣ་རྒྱལ་ཚོགས་ཀྱི་རིགས་རུས་དབྱེ་འབྱེད་ཀྱི་རྣམ་པ་མཐའ་དག་འགོག་པའི་ལས་འཛིན་ཚོགས་ཆུང་གི་མདུད་དུ་འགྲོ་འཆར་ཡོད་པ་དང་། ཚོགས་འདུ་དེ་རྒྱལ་ཚོགས་ཀྱི་བརྒྱུད་ལམ་ནས་ཐད་གཏོང་བྱ་རྒྱུ་རེད། ཚོགས་ཆུང་དེའི་དྲི་བ་མང་པོ་ཞིག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རིགས་རུས་དབྱེད་འབྱེ་ཀྱི་རྣམ་པ་མཐའ་དག་འགོག་པའི་རྒྱལ་སྤྱིའི་སྤྱི་ཆིངས་ལག་ལེན་བསྟར་མིན་ཐད་ཀྱི་དེ་སྔའི་དྲི་བ་༼དྲི་གཞིའི་ལས་རིམ་ནང་འཁོད་ཀྱི།༽ཁག་ཅིག་བསྐྱར་འདྲི་བྱ་རྒྱུ་མ་གཏོགས་དྲི་གཞི་གསར་བ་གང་ཡང་མེད་འདུག་ལ། དེ་ནི་བོད་ནང་དུ་བྱུང་བའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་བའི་གནད་དོན་ལྟ་བུ་རེད། …

Leave a Reply

Your email address will not be published. Required fields are marked *