Sunday , June 24 2018
Home / གསར་འགྱུར། / རྒྱ་གཞུང་གི་ཆབ་སྲིད་སློབ་གསོའི་ལྟེ་གནས་ཁང་དུ་བོད་མི་ཚོར་བཙན་གཡེམ་དང་མནར་གཅོད་གཏོང་བཞིན་འདུག

རྒྱ་གཞུང་གི་ཆབ་སྲིད་སློབ་གསོའི་ལྟེ་གནས་ཁང་དུ་བོད་མི་ཚོར་བཙན་གཡེམ་དང་མནར་གཅོད་གཏོང་བཞིན་འདུག

བཀག་ཉར་ཐེབས་པའི་ཡུལ་མི་ཞིག་གིས། རྒྱ་ནག་དམར་ཤོག་གཞུང་ནས་བོད་ནང་དུ་སློབ་གསོའི་མིང་ཐོག་ནས་སློབ་གསོ་ཡོ་བསྲང་ལྟེ་གནས་མང་པོ་བཙུགས་ཏེ་བོད་མི་ཚོར་འཇིགས་སྐུལ་མནར་གཅོད་གཏོང་བའི་དངོས་ཡོད་གནས་ཚུལ་སྐོར་ཉིན་ཐོར་བྲིས་ཏེ་གསལ་སྟོན་གནང་ཡོད་པ་རེད།རང་མིང་བརྗོད་བདེ་མེད་པའི་དགེ་འདུན་པ་ཞིག་གིས་འདི་ག་ལྟེ་གནས་ཁང་ལ་བོད་ནང་གི་དངོས་ཡོད་གནས་སྟངས་བྲིས་པའི་ཁོང་གི་ཉིན་ཐོ་བརྒྱུད་སྤྲོད་གནང་བ་དེས། ཉེ་བའི་ལོ་ཤས་ནང་རྒྱ་གཞུང་གིས་བོད་ནང་དུ་ཁྲིམས་མེད་ལུགས་མེད་ཀྱི་ལྟེ་གནས་ཁང་མང་པོ་རྩ་འཛུགས་བྱས་ཡོད་པའི་གནས་ཚུལ་དང་གནས་སྟངས་བདེན་དཔང་ར་སྤྲོད་བྱས་ཡོད། དེ་ཡང་དཔེར་ན། གངས་སྐྱེས་སྒྲུབ་པ་སྐྱབས་ཕྱི་ལོ་༢༠༡༦ ལོར་གློད་གྲོལ་བཏང་རྗེས་ཉིན་གྲངས་༡༥ རིང་བཙན་གྱིས་ཆབ་སྲིད་སློབ་གསོའི་འཛིན་གྲྭར་བཅུག་ཡོད་པ་དང་། དེ་བཞིན་ཆབ་སྲིད་བཙོན་ཟུར་གཞན་ཞིག་གིས། རྒྱ་གཞུང་གི་དབང་འཛིན་དཔོན་རིགས་ཚོས་བོད་རང་སྐྱོང་ལྗོངས་ཕྱི་ལོགས་ཀྱི་བོད་ཁུལ་དགོན་སྡེ་ཁག་ཏུ་སློབ་གཉེར་ལ་ཕེབས་མཁན་གྲྭ་བཙུན་ཚོ་དགོན་སྡེ་ཁག་ནས་ཕྱིར་ཕུད་བཏང་བ་ལ་ཞི་རྒོལ་གནང་བར་བརྟེན་ནས། རྒྱ་གཞུང་གིས་ཁོང་ཟླ་བ་གཉིས་ཙམ་རིང་ཆབ་སྲིད་སློབ་གསོའི་ལྟེ་གནས་ཁང་དུ་བཀག་ཉར་བྱས་ཡོད་པ་རེད།

གོང་ཞུས་དགེ་འདུན་པ་དེས་བོད་ལྗོངས་ནག་ཆུ་ཁུལ་སོག་རྫོང་ནང་རྩ་འཛུགས་བྱས་པའི་ཆབ་སྲིད་སློབ་གསོའི་ལྟེ་གནས་ཁང་དུ་འདས་པའི་ཟླ་བ་བཞི་ཙམ་རིང་ཆབ་སྲིད་སློབ་གསོ་སྤྲད་པའི་མྱོང་བ་དངོས་ཉིན་ཐོར་བྲིས་ཡོད་པ་དང་། ཁོང་གི་ཉིན་ཐོའི་ནང་དུ་ལྟེ་གནས་ཁང་དེའི་མིང་ལ་སློབ་གསོ་ཡོ་བསྲང་ལྟེ་གནས་ཞེས་འཁོད་ཅིང་། ཁོང་བཙོན་འཇུག་བྱེད་སའི་སློབ་གསོ་ཡོ་བསྲང་ལྟེ་གནས་ཁང་དུ་མི་སྐྱ་གཉིས་གསུམ་ཞིག་མ་གཏོགས་གཞན་ཚང་མ་གྲྭ་བཙུན་ཡིན་པ་དང་། དགེ་འདུན་པ་ཁོང་ནི་འདས་པའི་ལོ་ཤས་ནང་བོད་ཁུལ་གྱི་དགེན་སྡེ་གཞན་ནང་སློབ་གཉེར་ལ་ཕེབས་མཁན་གྲྭ་བཙུན་ཚོ་ངེས་པར་དུ་ཕྱིར་སོ་སོའི་རང་ཡུལ་ལ་ལོག་དགོས་པ་དང་། བོད་རང་སྐྱོང་ལྗོངས་ཕྱི་ལོགས་ཀྱི་བོད་ཁུལ་དགོན་སྡེ་ཁག་ཏུ་སློབ་གཉེར་བྱས་མི་ཆོག་པའི་བཀོད་ཁྱབ་བཏང་བའི་གྲས་ཀྱི་གཅིག་ཡིན་འདུག དགེ་འདུན་པ་ཁོང་མཚོ་སྔོན་དུ་སློབ་གཉེར་ལ་ཕེབས་སྐབས་རྒྱ་གཞུང་གིས་ཁོང་བཙན་གྱིས་ཕྱིར་སོག་རྫོང་ལ་ལོག་ཡོང་དགོས་པ་དང་། གལ་ཏེ་ཕྱིར་མ་ཡོང་ན་མཇུག་འབྲས་ཚབས་ཆེན་ཡིན་པའི་བཙན་བཀའ་བཏང་ཡོད་འདུག

དགེ་འདུན་པ་ཁོང་ཕྱིར་སོག་རྫོང་ལ་ཐོན་སྐབས། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་ལས་བྱེད་ཅིག་གིས་ཁོང་གསར་དུ་བཙུགས་པའི་སློབ་གསོ་ཡོ་བསྲང་ལྟེ་གནས་ཁང་དུ་བཙན་ཁྲིད་བྱས་ཤིང་། ཁོང་ལ་གྱོན་པ་དང་ལག་རས། སོ་འཁྲུད་ཙམ་མ་གཏོགས་བཅའ་དངོས་གཞན་འཁྱེར་དུ་བཅུག་མེད་པ་རེད།

ཡུན་རིང་མ་འགོར་བར་དགེ་འདུན་པ་ཁོང་གིས་སློབ་གསོ་ཡོ་བསྲང་ལྟེ་གནས་ཟེར་བ་དེ་དོན་དངོས་སུ་བཙོན་ཁང་ཞིག་ཡིན་པ་གསལ་བོར་ཤེས་པ་དང་། ཁོང་ལ་སྤྲད་པའི་སློབ་གསོ་ནི་སྤྱི་ནོར་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་ལ་འཛིན་པའི་ཡིད་ཆེས་དང་དད་འདུན་མེད་པ་བཟོ་ཐབས་ཤིག་ཡིན་འདུག

ཆབ་སྲིད་སློབ་གསོའི་འཛིན་གྲྭ་ཚང་མ་རྒྱ་ཡིག་རྒྱ་སྐད་ཀྱིས་འཁྲིད་ཀྱི་ཡོད་པ་དང་། དེའི་ནང་དུ་ཕྱི་ལོ་༡༩༥༩ ལོའི་དུས་ཟིང་དང་རིག་གསར་སྐབས་ཀྱི་འཐབ་རྩོད་དང་འདྲ་བར་རང་ཉིད་ལ་དག་ཐེར་སྐྱོན་བརྗོད་བྱེད་རྒྱུ་སོགས་ཡིན་འདུག

བཙུན་མ་ཚོ་དམིགས་འབེན་དུ་བཟུང་ནས་རྒྱ་གཞུང་གི་སློབ་གསོ་ཡོ་བསྲང་ལྟེ་གནས་ཁང་དུ་མངོན་གསལ་དོད་པོར་བཙུན་མ་ཚོར་ལོག་གཡེམ་གཏོང་བ་ཁྱབ་གདལ་དུ་ཕྱིན་ཡོད་པ་གཤམ་གསལ།

སློབ་གསོ་ཡོ་བསྲང་ལྟེ་གནས་ཁང་དུ་བཙོན་པ་ཚོས་དམག་ལྭ་གྱོན་དགོས་པར་མ་ཟད། དེའི་རིན་པ་ཡང་བཙོན་པ་སོ་སོས་སྤྲོད་དགོས་ཤིང་། དམག་ལྭའི་རིན་པར་རྒྱ་སྒོར་༡༥༠ ལེན་གྱི་ཡོད་འདུག དགེ་འདུན་པ་ཁོང་གི་སྙན་ཐོའི་ནང་དུ་ད་དུང་ཁོ་ཚོར་རྒྱ་གཞས་དང་ཚེ་བརྟན་སྒྲོལ་མའི་གུང་ཁྲན་བསྟོད་གླུ་སོགས་ལེན་བཅུག་ཡོད་པ་དང་། གནས་ཚུལ་དེས་ཕྱི་ལོ་༢༠༡༦ ལོར་རྒྱ་གཞུང་གིས་བཙུན་མ་ཚོར་དམག་ལྭ་གྱོན་དུ་བཅུག་ནས་ཚེ་བརྟན་སྒྲོལ་མས་བཏང་བའི་གུང་ཁྲན་བསྟོད་གླུ་དེ་ལེན་དུ་བཅུག་པའི་བརྙན་ཐུང་ཞིག་སྤྱི་ཚོགས་བརྒྱུད་ལམ་དུ་ཐོན་པ་དེ་དངོས་གནས་ཡིན་པ་བདེན་དཔང་བྱས་འདུག

བཙུན་མ་ཚོར་དམག་ལྭ་གྱོན་དུ་བཅུག་ནས་ཚེ་བརྟན་སྒྲོལ་མས་བཏང་བའི་གུང་ཁྲན་བསྟོད་གླུ་ལེན་དུ་བཅུག་པའི་བརྙན་ཐུང་དེ་ནི་རྒྱ་གཞུང་གི་བཀག་ཉར་ལྟེ་གནས་ཁང་གི་ཆབ་སྲིད་སློབ་གསོའི་གྲུབ་ཆ་གལ་ཆེན་ཞིག་ཡིན་འདུག

བཙོན་པ་ཚོར་ད་དུང་གཅར་རྡུང་དང་དུས་ཡུན་རིང་བོར་གྱང་རྩར་ལངས་སུ་འཇུག་པ། གཉིད་གཅོག་པ། ཟ་མ་འཕྲོག་པ་སོགས་གདུག་རྩུབ་ཆེ་བའི་མནར་གཅོད་དང་དམའ་འབེབས་ཀྱི་སྦྱོར་བ་སྣ་ཚོགས་ལག་བསྟར་བྱེད་ཀྱིན་ཡོད་འདུག

བཙོན་པ་ཚོ་གློད་གྲོལ་བཏང་རྗེས་ཀྱང་དྲག་གནོན་མཚམས་བཞག་མེད་པར་ཁོ་ཚོ་ཕྱིར་སོ་སོའི་རང་ཡུལ་ལ་སླེབས་ཐུབ་པ་བྱུང་སྐབས། བཙོན་ཟུར་ཚང་མས་ས་གནས་སོ་སོའི་ཉེན་རྟོག་ཁང་ལ་སྙན་སེང་ཞུ་དགོས་པ་དང་། ས་ཁུལ་རེ་འགར་བཙོན་པ་ཚོས་ཉིན་རེར་ཉེན་རྟོག་ཁང་ལ་འབྲེལ་གཏུག་སྙན་སེང་འབུལ་དགོས་ཤིང་། ས་ཁུལ་ལ་ལར་ཉིན་གསུམ་རེའམ་གཟའ་འཁོར་གཅིག་རེའི་ནང་སྙན་སེང་ཞུ་དགོས་ཀྱི་ཡོད་པ་རེད།

དགེ་འདུན་པ་ཁོང་གི་ཉིན་ཐོའི་ནང་དུ་རྒྱ་གཞུང་གིས་བོད་ཁུལ་དུ་ལག་བསྟར་བྱེད་པའི་དྲག་གནོན་སྲིད་ཇུས་སྐོར་འཁོད་པའི་ནང་དུ། ཁོང་གིས་རྒྱ་ནག་དམར་ཤོག་སྲིད་གཞུང་ནས་༧གོང་ས་མཆོག་གིས་བཏོན་གནང་བའི་དབུ་མའི་ལམ་བརྒྱུད་ནས་བོད་རྒྱ་འབྲེལ་མོལ་གྱིས་བོད་ཀྱི་གནད་དོན་སེལ་དགོས་པའི་འབོད་སྐུལ་ཡང་ཞུས་འདུག

ཕྱི་ལོ་༢༠༡༢ ལོ་ནས་རྒྱ་གཞུང་གིས་ཨ་མདོ་མཚོ་སྔོན་དང་ཟི་ཁྲོན་གྱི་ཁམས་ཕྱོགས་སུ་སློབ་གཉེར་ལ་ཕེབས་མཁན་གྲྭ་བཙུན་ཚོ་ཕྱིར་བོད་རང་སྐྱོང་ལྗོངས་ཀྱི་སོ་སོའི་རང་ཡུལ་དུ་ལོག་ཡོང་དགོས་པའི་བཀོད་ཁྱབ་གཏོང་འགོ་བཙུགས་ཡོད་པ་དང་། དྲག་པོའི་སྲིད་ཇུས་དེ་ནི་བོད་ཀྱི་དགོན་སྡེ་ཁག་གི་གྲྭ་བཙུན་གྱི་གྲངས་འབོར་ལ་ཚོད་འཛིན་དང་དགོན་སྡེར་དོ་དམ་བྱེད་ཐབས་ཤིག་ཡིན་པ་རེད། ཉེ་བའི་ལོ་ཤས་ནང་རྒྱ་ནག་དམར་ཤོག་གཞུང་གིས་གསེར་རྟ་བླ་རུང་ཆོས་སྒར་གྱི་གྲྭ་བཙུན་མང་པོ་ཕྱིར་ཕུད་དང་གྲྭ་ཤག་གཏོར་བཤིག་བཏང་སྟེ། ནག་ཆུ་ཁུལ་གྱི་གྲྭ་བཙུན་ཚོ་ཕྱིར་བོད་རང་སྐྱོང་ལྗོངས་ནང་ལོག་ཡོང་དགོས་པའི་བཀོད་ཁྱབ་བཏང་བ་དང་། གྲྭ་བཙུན་ཚོ་ཕྱིར་སོ་སོའི་རང་ཡུལ་ལ་ལོག་བཅུག་ནས་ཁྲིམས་ཀྱི་གོ་རིམ་གང་ཡང་མ་བརྒྱུད་པར་བཙན་དབང་གིས་གཟའ་འཁོར་དང་ཟླ་བ་མང་པོར་ཆབ་སྲིད་སློབ་གསོའི་ལྟེ་གནས་ཁག་ཏུ་བཀག་ཉར་བྱས་ཡོད། ད་ལྟ་ལག་ལེན་བསྟར་བཞིན་པའི་ཁྲིམས་འགལ་སློབ་གསོའི་ལྟེ་གནས་གྱི་གྲུབ་ཆ་གཞན་ཞིག་ནི། ངལ་རྩོལ་བསྒྱུར་བཀོད་ཟེར་བའི་འཇིངས་སྐུལ་ལམ་ལུགས་དེ་ཡིན་པ་དང་། ཕྱི་ལོ་༢༠༡༣ ལོར་རྒྱ་གཞུང་གིས་ལམ་ལུགས་དེ་མེད་པ་བཟོས་ཡོད་རབས་དྲིལ་སྒྲོག་བྱས་ཡོད་པ་རེད།

འདི་ག་ལྟེ་གནས་ཁང་གི་ངོས་ནས་རྒྱ་གཞུང་གིས་བོད་ཀྱི་གྲྭ་བཙུན་ཚོར་ཁྲིམས་འགལ་གྱི་ཆབ་སྲིད་སློབ་གསོ་སྤྲོད་རྒྱུ་མཚམས་འཇོག་དང་ཆ་རྐྱེན་ཅི་ཡང་མེད་པར་ཁོ་ཚོའི་ཐོབ་ཐང་ལག་ཁྱེར་ཕྱིར་སྤྲད་ནས་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་ཐེག་བྱེད་དགོས་པར་མ་ཟད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྒྲིག་གཞིར་བཟུང་ནས་བོད་མི་ཚོར་སོ་སོའི་འདམ་ག་ལྟར་བོད་ཁུལ་གྱི་དགོན་སྡེ་དང་སློབ་གཉེར་ཁང་གང་དུ་ཕྱིན་ཡང་དེ་གར་སོ་སོའི་ཆོས་དང་སྐད་ཡིག་རིག་གཞུང་སློབ་གཉེར་བྱེད་པའི་རང་དབང་དང་ཐོབ་ཐང་སྤྲོད་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད་ལ། རྒྱ་ནག་དམར་ཤོག་གཞུང་གིས་དངོས་ནས་རྒྱལ་ཁབ་ཁྲིམས་ཀྱིས་སྐྱོང་གི་ཡོད་ན། སྤྱི་དམངས་ཀྱི་རང་དབང་ཐོབ་ཐང་བཙན་འཕྲོག་གིས་སྲིད་གཞུང་གི་ཁེ་བཟང་གཉེར་ཐབས་ཀྱི་ཁྲིམས་སྒྲིག་དེ་དག་ཕྱིར་འཐེན་བྱེད་དགོས་པ་དང་། ལྷག་པར་དུ་རྒྱ་གཞུང་གིས་ད་ལྟ་ལག་ལེན་བསྟར་བཞིན་པའི་དྲག་གནོན་སྲིད་ཇུས་ཁག་མེད་པ་བཟོས་ནས། བོད་མི་ཚོའི་མངོན་འདོད་ངོ་མ་དེ་མ་བསྒྲུབས་པའི་རྐྱེན་གྱིས་ཞི་རྒོལ་གནང་བཞིན་པའི་རྩ་བའི་གནད་དོན་གླེང་སློང་དང་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད།

གསལ་བཤད། བདེ་འཇགས་ཀྱི་ཆེད་དུ་འདི་ག་ལྟེ་གནས་ཁང་གི་ངོས་ནས་དགེ་འདུན་པ་ཁོང་གི་ཉིན་ཐོ་ལས་ཚན་པ་ཁ་ཤས་ཙམ་མ་གཏོགས་ཉིན་ཐོ་ཆ་ཚང་་འདིར་འཁོད་ཐབས་མ་བྱུང་།

About Tibetan Section TCHRD

Check Also

རྒྱ་གཞུང་གིས་རྒྱལ་སྤྱིའི་རང་དབང་ལྡན་པའི་ཞིབ་འཇུག་ཚོགས་པ་བརྒྱུད་ནས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་དངོས་ཡོད་གནས་སྟངས་ལ་རྒྱུས་ལོན་བྱེད་དུ་འཇུག་དགོས།

དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་བཟོས་ཏེ་མི་ལོ་ཧྲིལ་བོ་༢༣ ཕྱིན་པའི་རྗེས་དྲན་ཉིན་མོ་འདིར། འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་རྒྱལ་སྤྱིའི་སྤྱི་ཚོགས་དང་ཕྱར་བ་གྲུ་འདེགས་ཀྱིས་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་རྒྱལ་སྤྱིའི་རང་དབང་ལྡན་པའི་ཞིབ་འཇུག་ཚོགས་པར་ལྟ་རྟོག་དང་མྱུལ་ཞིབ་གང་ཡང་མེད་པའི་ཐོག་ནས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་དངོས་ཡོད་གནས་སྟངས་ལ་ཞིབ་འཇུག་རྒྱུས་ལོན་དང་བདེན་དཔང་ར་སྤྲོད་བྱེད་དུ་འཇུག་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད། སྤྱི་ནོར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དགེ་འདུན་ཆོས་ཀྱི་ཉི་མ་ནི་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་རྗེ་བཙུན་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་ཡང་སྲིད་དུ་ངོས་འཛིན་གནང་ནས་ཉིན་གསུམ་གྱི་རྗེས་ཏེ། ཕྱི་ལོ་༡༩༩༥ ཟླ་༥ ཚེས་༡༧ ཉིན་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་དགུང་ལོ་༦ ལ་གསོན་མ་ཐག་པའི་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཁོང་གི་ཡབ་ཡུམ་སྐུ་འཁོར་དང་བཅས་པ་བཙན་གྱིས་གར་སོང་ཆ་མེད་བཟོས་ཡོད་ལ། བོད་མིའི་ཆོས་དད་རང་དབང་བརྩིས་མེད་རྡོག་རོལ་བཏང་སྟེ་ཕྱི་ལོ་༡༩༩༥ ཟླ་༡༡ ནང་རྒྱ་ནག་དམར་ཤོག་གཞུང་གིས་རྒྱལ་མཚན་ནོར་བུ་ཟེར་བའི་བོད་རིགས་བྱིས་པ་ཞིག་པཎ་ཆེན་ཨིར་ཏི་ནི་ཆོས་ཀྱི་རྒྱལ་མཚན་མཆོག་གི་ཡང་སྲིད་ལ་ཐད་བསྐོས་བྱས་པ་རེད། འདས་པའི་མི་ལོ་༢༣ རིང་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་པཎ་ཆེན་རིན་པོ་ཆེ་གར་ཡོད་ཅི་བྱས་ཀྱི་དངོས་ཡོད་གནས་སྟངས་ལ་བདེན་དཔང་མེད་པ་དང་གསལ་ཁ་མེད་པ་བཟོས་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ལ་རྐང་བཙུགས་ནས་མགོ་གཡོག་མགོ་སྐོར་བཏང་བ་དང་། ཟླ་འདིའི་ཟླ་འགོར་བོད་རང་སྐྱོང་ལྗོངས་ཀྱི་སྐུ་ཚབ་ཚོགས་པ་ཞིག་ཁེ་ན་ཊར་ཕྱིན་སྐབས། …

Leave a Reply

Your email address will not be published. Required fields are marked *