Sunday , August 19 2018
Home / གསར་འགྱུར། / བོད་མིའི་གསུམ་བཅུའི་སྒེར་ལངས་ཉིན་མོར་ཐོན་ལ་ཉེ་སྐབས་ཕྲུ་གུ་གཉིས་ཀྱི་ཨ་ཕ་ཡིན་པའི་བོད་མི་ཚེ་ཁོས་རྒྱ་གཞུང་ལ་རང་ལུས་མེར་སྲེག་གིས་ཞི་རྒོལ་གནང་འདུག

བོད་མིའི་གསུམ་བཅུའི་སྒེར་ལངས་ཉིན་མོར་ཐོན་ལ་ཉེ་སྐབས་ཕྲུ་གུ་གཉིས་ཀྱི་ཨ་ཕ་ཡིན་པའི་བོད་མི་ཚེ་ཁོས་རྒྱ་གཞུང་ལ་རང་ལུས་མེར་སྲེག་གིས་ཞི་རྒོལ་གནང་འདུག

རེས་གཟའ་ལྷག་པའི་ཉིན་གྱི་ཕྱི་དྲོར་མདོ་སྨད་རྔ་བ་རྫོང་རྨེའུ་རུ་མ་ནས་ཡིན་པའི་བོད་མི་ཚེ་ཁོས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གནང་སྟེ་འདས་གྲོངས་སུ་གྱུར་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་༧ ཉིན་གྱི་བོད་ནང་གི་ཆུ་ཚོད་༣ དང་སྐར་མ་༣༠ ཡས་མས་ཤིག་ལ། མདོ་སྨད་རྔ་བ་རྫོང་རྨེའུ་རུ་མ་ཡུལ་ཚོའི་ཐོག ཕྲུ་གུ་གཉིས་ཀྱི་ཨ་ཕ་ཡིན་པའི་བོད་མི་ཚེ་ཁོའམ་ཡོངས་གྲགས་སུ་ཚེ་ཁོ་སྟུག་ཆག་གིས། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གནང་སྟེ་སྐུ་གྲོངས་ཡོད་པ་དང་། སྐབས་དེར་ཁོང་གིས་འབོད་སྒྲ་ཅི་བསྒྲགས་ཡོད་མེད་ཤེས་རྟོགས་ཐུབ་མེད་ཅིང་། འདི་ནི་ཕྱི་ལོ་༢༠༡༨ ལོར་ཕྱི་ཕྱོགས་སུ་འབྱོར་བའི་རང་ལུས་མེར་སྲེག་གི་གནས་ཚུལ་ཐེངས་དང་པོ་དེ་ཆགས་ཡོད།

ད་ལྟ་འཚོགས་བཞིན་པའི་རྒྱ་ནག་གི་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོ་དང་། ལྷག་པར་དུ་བོད་མིའི་གསུམ་བཅུའི་དུས་དྲན་གྱི་ཉིན་མོར་ཐོན་ལ་ཉེ་བའི་སྐབས་འདིར། རྒྱ་གཞུང་གིས་མངོན་ལྐོག་གཉིས་ནས་བོད་ས་ཁྱོན་ཡོངས་སུ་མྱུལ་ཞིབ་དང་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་ཀྱང་། བོད་མི་ཚོས་མུ་མཐུད་རང་ལུས་མེར་སྲེག་གིས་ཞི་བའི་ངོ་རྒོལ་གནང་བཞིན་པ་འདིས། རྒྱ་ནག་གིས་བོད་ཐོག་འཛིན་པའི་དབང་སྒྱུར་སྲིད་ཇུས་དང་དྲག་གནོན་ཁྲིམས་སྒྲིག་འོག བོད་མི་ཚོས་ཐབས་ཟད་འུ་ཐུག་པའི་གནས་སྟངས་གསལ་བོར་བསྟན་ཡོད།

ད་ལྟ་རང་ལོ་༤༤ ཡིན་པའི་ཚེ་ཁོ་ལགས་ནི་མདོ་སྨད་རྔ་བ་རྫོང་རྨེའུ་རུ་མའི་རུ་ཆེན་བཞི་བ་གནམ་མཚོ་མ་སྡེ་བ་ནས་ཡིན་ཞིང་། ཁོང་གི་མ་སྐྱིད་ལྷ་དང་ཕ་ཀ་དག་གཉིས་སྔོན་ནས་གྲོངས་ཟིན་པ་དང་། ད་ལྟ་ཁྱིམ་དུ་ཁོང་གི་བཟའ་ཟླ་དང་ཕྲུ་གུ་བུ་མོ་གཉིས་ཡོད་ཀྱང་། ཁོང་ཚོའི་མིང་དང་ད་ལྟའི་གནས་སྟངས་ཞིབ་ཕྲ་ཤེས་རྟོགས་ཐུབ་མེད། ཚེ་ཁོ་ལགས་ཆུང་དུས་གནམ་མཚོ་དགོན་པར་གྲྭ་བ་བྱས་པ་དང་། ཕྱིས་སུ་གྲྭ་བ་ལོག་ནས་ཁྱིམ་ཐབ་བཟུང་ཡོད་འདུག་ལ། ཁོང་ནི་བོད་མི་གཤིས་འཇམ་བབས་ཆགས། ནམ་རྒྱུན་བོད་དོན་ལ་སེམས་ཤུགས་ཡོད་མཁན་དང་བོད་དོན་གླེང་སློང་གནང་མཁན་ཞིག་ཡིན་འདུག

ས་བྱི་ཞི་རྒོལ་ཆེན་མོའི་སྐབས་སུ། ཁོང་གི་ཕ་གཅིག་གི་སྤུན་མཆེད་གནམ་མཚོ་དགོན་གྱི་གྲྭ་ས་སྙིང་ལགས་བཙོན་ཁང་གི་མནར་གཅོད་འོག་ནད་གཅོང་ཆགས་ཏེ་གསོན་པའི་རེ་བ་མེད་པར་གྱུར་རྗེས། རྒྱ་གཞུང་གིས་ཁོང་གློད་གྲོལ་ཙམ་བཏང་ཡང་། དྲག་སྐྱེད་མ་བྱུང་བར་ཟླ་ཁ་ཤས་རྗེས་སུ་འདས་གྲོངས་སུ་གྱུར་ཡོད་པ་དང་། དེ་བཞིན་ཁོང་གི་ཕ་གཅིག་གི་སྤུན་མཆེད་གནམ་མཚོ་དགོན་གྱི་དགེ་བསྐོས་ཨུ་རྒྱན་རྒྱ་མཚོ་ལགས་ལ་རྒྱ་གཞུང་གིས་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག་ཅིང་། ཁོང་ལ་ལོ་ག་ཚོད་ཀྱི་ཁྲིམས་ཆད་བཅད་པ་དང་བཙོན་ཁང་གང་དུ་བཀག་ཉར་བྱས་པ། ཁོང་གི་ཉེས་པ་ག་རེ་ཡིན་མིན་སོགས་ད་དུང་ཡང་ཤེས་རྟོགས་ཐུབ་མེད།

གཞན་ཡང་ཕྱི་ལོ་༢༠༠༨ ཟླ་༣ ཚེས་༡༧ ཉིན་རྨེའུ་རུ་མ་ཡུལ་ཚོའི་ཐོག་གནམ་མཚོ་དགོན་དང་རྨེའུ་རུ་མའི་བཙུན་དགོན། དེ་བཞིན་ས་གནས་མི་མང་བཅས་ཀྱིས་སྔ་རྗེས་ཐེངས་གསུམ་ལ་ཞི་བའི་སྒེར་ལངས་སྐད་འབོད་ཤུགས་ཆེན་བྱས་ཤིང་། ལོ་དེའི་ཕྱི་༤ ཚེས་༣ ཉིན་རང་ལོ་༣༢ ཡིན་པའི་གནམ་མཚོ་དགོན་གྱི་གྲྭ་དགེ་བཟང་ལགས་རྒྱ་གཞུང་གིས་གཅར་རྡུང་བཏང་ནས་བསད་ཡོད་པ་དང་། གྲྭ་དགེ་བཟང་ལགས་ནི་ཐོང་ཤས་སྡེ་བའི་ཚེ་བསོད་ཚང་གི་ཡིན་འདུག རྒྱ་གཞུང་གིས་ཁོང་ལ་གཅར་རྡུང་བྱེད་དོན་གཙོ་བོ་གནམ་མཚོ་དགོན་པའི་ནང་རྒྱ་ནག་གི་རྒྱལ་དར་སྒྲེང་འཛུགས་དགོས་པའི་བཙན་བཀའ་བཏང་བར་ཁོང་གིས་བཀག་འགོག་བྱས་པའི་རྐྱེན་གྱིས་ཡིན་འདུག ལོ་དེའི་སྔ་རྗེས་སུ་རྒྱ་ནག་གཞུང་གིས་གནམ་མཚོ་དགོན་དང་རྨེའུ་རུ་མའི་བཙུན་དགོན། དེ་བཞིན་ས་གནས་མི་མང་ག་ཚོད་འཛིན་བཟུང་བཙན་འཁྲིད་ཀྱིས་བཙོན་འཇུག་བྱས་དང་དམར་གསོད་བཏང་བ། གར་སོང་ཆ་མེད་བཟོས་ཡོད་མེད་ཀྱི་གནས་ཚུལ་ཁ་གསལ་ཞིག་ཕྱི་ལོ་༢༠༠༨ ལོ་ནས་ད་ལྟའི་བར་ད་དུང་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད། དེ་ཡང་འདས་པོ་ཚེ་ཁོ་ལགས་ཀྱི་ཕ་གཅིག་གི་སྤུན་མཆེད་གྲྭ་ས་སྙིང་ལགས་རྒྱ་གཞུང་གི་འཛིན་བཟུང་མནར་གཅོད་འོག་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ད་ལྟ་གཞི་ནས་ཤེས་རྟོགས་བྱུང་བས་མཚོན་ཐུབ།

གནམ་མཚོ་དགོན་བཤད་སྒྲུབ་འཕེལ་རྒྱས་གླིང་ནི། མདོ་སྨད་རྔ་བ་རྫོང་ཐོག་ནས་ཤར་ཕྱོགས་སུ་བར་ཐག་སྤྱི་ལེ་༣༠ ཙམ་གྱི་སར་ཡོད་པ་དང་། དགོན་པའི་གྲུབ་མཐའ་རྙིང་མ་ཡིན་ཞིང་། སྒོ་ཆེན་བླ་མ་དབོན་པོ་ཀུན་ཁྱབ་མཆོག་གིས་ཕྱག་བཏབ་གནང་བ་དང་། ཕྱི་ལོ་༢༠༠༨ ལོར་ཁྱོན་གྲྭ་བ་༧༠ ལྷག་ཡོད་པ་རེད།

ཕྱི་ལོ་༢༠༠༩ ལོ་ནས་ད་ལྟའི་བར་འདི་ག་ལྟེ་གནས་ཁང་ལ་ལག་སོན་བྱུང་བའི་གྲངས་བཤེར་ནང་། རྒྱ་ནག་གིས་བོད་ཐོག་འཛིན་པའི་དབང་སྒྱུར་སྲིད་ཇུས་དང་དམ་དྲག་ཁྲིམས་སྒྲིག་འོག བོད་བསྟན་སྲིད་ཀྱི་ཆེད་དུ་གཞིས་ལུས་བོད་མི་༡༥༣ ལྷག་གིས་རང་ལུས་མེར་སྲེག་གནང་ཡོད་པ་གསལ་ཞིང་། བོད་ཕྱི་ནང་གཉིས་ནས་ཁྱོན་བོད་མི་༡༦༣ ཙམ་གྱིས་རང་ལུས་མེར་སྲེག་གནང་ཡོད་པ་རེད།

About Tibetan Section TCHRD

Check Also

དམག་དཔུང་འབོར་ཆེན་འགྲེམ་འཇོག་གིས་བོད་མིའི་འཐུང་ཆུ་ཁ་བསྒྱུར་ལས་གཞི་བཙན་གྱིས་སྤེལ་བ།  

  རྒྱ་གཞུང་གིས་མཚོ་སྔོན་ཞིང་ཆེན་མཚོ་ཤར་ཁུལ་བ་ཡན་ནམ་དཔའ་ལུང་ཧེ་རིགས་རང་སྐྱོང་རྫོང་ཆུ་མ་ཞང་དུ་རྒྱུག་ཆུ་ཁ་བསྒྱུར་ལས་གཞི་བཙན་གྱིས་སྤེལ་གྱིན་པ་དེས། ས་གནས་སོ་ནམ་བོད་མིའི་ཞིང་ཁར་ཆུ་འདྲེན་དང་སྒོ་ཕྱུགས་ཀྱི་རྩྭ་ཆུར་གནོད་སྐྱོན་བཟོ་བཞིན་འདུག ཟླ་འདིའི་ཟླ་འགོར་སྤེལ་འགོ་བཙུགས་པའི་དཔའ་ལུང་རྫོང་ཆུ་མ་ཞང་གི་ཆག་ཆུ་གྲམ་པ་ཁ་བསྒྱུར་གྱི་ལས་གཞི་དེས། ཆག་ཆུ་ས་ཆའི་སྐྲ་སེང་སྡེ་བ་དང་གྲོ་སྡེ་བ། མགོན་པོ་རྒྱུ། ཨ་མཆོག་དང་ཨ་སྡེ་བཅས་ཞིང་ལས་གཙོ་གཉེར་གྱི་བོད་རིགས་སྡེ་བ་ལྔ་ཡི་འཚོ་གནས་ལ་གནོད་པ་བཟོས་ཡོད་པ་དང་། ས་གནས་བོད་མི་ཚོས་རྒྱ་གཞུང་གིས་ཆག་ཆུ་གྲམ་པ་ཁ་བསྒྱུར་བྱས་པ་ཡིན་ན། ཁོ་ཚོའི་ཞིང་ཁར་ཆུ་འདྲེན་དང་སྒོ་ཕྱུགས་ལ་རྩྭ་ཆུས་མི་འདང་བའི་སེམས་ཁུར་དང་། ལས་གཞི་དེས་ས་གནས་འབྱུང་ཁམས་ཁོར་ཡུག་ལ་ཡང་གནོད་སྐྱོན་ཐེབས་ཀྱི་ཡིན་པར་སེམས་འཚབ་གནང་གི་ཡོད་ཅིང་། རྒྱ་གཞུང་གིས་ཆག་ཆུ་གྲམ་པ་ཁ་བསྒྱུར་གྱི་ཡུར་བ་རྐོ་སྐབས། ལོ་ཏོག་སྐྱེས་པའི་ས་ཞིང་བསྔོགས་ཏེ་ཡུལ་མི་ཚོར་ཁ་གསབ་ཙམ་ཡང་སྤྲད་མི་འདུག འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། རྒྱ་གཞུང་གིས་རྒྱུག་ཆུ་ཁ་བསྒྱུར་གྱི་ལས་གཞི་དེ་མ་སྤེལ་སྔོན་ལ། ས་གནས་བོད་མི་ཚོར་འདོད་མོས་ཡོད་མེད་ལ་གོ་བསྡུར་དང་བརྡ་ལན་ཅི་ཡང་སྤྲད་མེད་པ་དང་། …

Leave a Reply

Your email address will not be published. Required fields are marked *