Thursday , December 13 2018
Home / གསར་འགྱུར། / རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་གྱི་བསྙོན་འཛུགས་འོག་མི་ལོ་ལྔ་ལྷག་རིང་བཙོན་འཇུག་བྱས་པའི་བོད་ཀྱི་རྩོམ་པ་པོ་ཞིག་གློད་གྲོལ་བཏང་།

རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་གྱི་བསྙོན་འཛུགས་འོག་མི་ལོ་ལྔ་ལྷག་རིང་བཙོན་འཇུག་བྱས་པའི་བོད་ཀྱི་རྩོམ་པ་པོ་ཞིག་གློད་གྲོལ་བཏང་།


མགར་རྩེ་འཇིགས་མེད་མཆོག་ནས་བོད་མིའི་དངོས་ཡོད་གནས་སྟངས་དེ་ཐད་ཀར་རྩོམ་ཡིག་གི་ལམ་ནས་སྤེལ་བར་རྒྱ་ནག་སྲིད་གཞུང་གིས་དེ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བའི་ཉེས་དོན་དུ་བསྙད་ནས་ཁོང་འཛིན་བཟུང་བཙོན་འཇུག་བྱས་ཡོད་ཅིང་། འདི་ཟླའི་རེས་གཟའ་ཉི་མའི་ཉིན་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་གི་བཙོན་ཁང་ཞིག་ནས་གློད་གྲོལ་བཏང་ཡོད་འདུག

ད་ལྟ་རང་ལོ་༤༢ ཡིན་པའི་རྩོམ་པ་པོ་མགར་རྩེ་འཇིགས་མེད་ཀྱིས་བོད་མིའི་རང་ལུས་མེར་སྲེག་དང་ཞི་བའི་ངོ་རྒོལ། ༸གོང་ས་མཆོག་དང་པེ་ཅིན་སྲིད་གཞུང་། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་དང་བོད་མིའི་རང་ལུས་མེར་སྲེག བོད་མིའི་ཐོབ་ཐང་དང་བོད་ཀྱི་རང་བྱུང་ཁོར་ཡུག  དེ་བཞིན་གྲངས་ཉུང་མི་རིགས་དང་པེ་ཅིན་སྲིད་གཞུང་བར་གྱི་འབྲེལ་ལམ་སོགས་བོད་ནང་གི་དངོས་ཡོད་གནས་ཚུལ་བརྗོད་བྱ་བྱས་པའི་རྩོམ་ཡིག་མང་པོ་སྤེལ་བས། རྒྱ་ནག་སྲིད་གཞུང་གིས་ཁོང་ལ་རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་གྱི་བསྙོན་འཛུགས་བྱས་ཏེ་འདས་པའི་མི་ལོ་ལྔ་ལྷག་རིང་བཙོན་འཇུག་བྱས་ཤིང། འདི་ལོའི་ཕྱི་ཟླ་༢ ཚེས་༤ ཉིན་གློད་གྲོལ་བཏང་སྟེ་གྲོང་ཁྱེར་ཟིང་ལིང་དུ་ཡོད་པའི་ཁོང་གི་ནང་ལ་སླེབས་ཐུབ་པ་བྱུང་ཡོད།

འབྲེལ་ཡོད་བོད་མི་ཞིག་གིས་འདི་ག་ལྟེ་གནས་ཁང་ལ་རྩོམ་པ་པོ་མགར་རྩེ་འཇིགས་མེད་ཀྱི་གནས་ཚུལ་སྐོར་འགྲེལ་བརྗོད་གནང་བ་ལྟར་ན། མགར་རྩེ་འཇིགས་མེད་བཙོན་གྲོལ་བཏང་ཡོད་ཀྱང་། རྒྱ་ནག་སྲིད་གཞུང་གིས་གསང་བའི་སྒོ་ནས་ཁོང་ལ་ལྟ་རྟོག་བྱེད་ཀྱི་ཡོད་པ་དང་། དེ་ཡང་རྩེ་ཁོག་རྫོང་དང་རྡོ་དཀར་ཡུལ་ཚོ་གཉིས་མཉམ་འབྲེལ་གྱིས་གཞུང་འབྲེལ་ཆེད་མངགས་མི་སྣ་༥ ཡིས་གསང་བའི་སྒོ་ནས་ཁོང་གི་འགྲོ་འདུག་སྤྱོད་གསུམ་ལ་ལྟ་རྟོག་ནན་མོ་བྱེད་ཀྱི་ཡོད་པ་མ་ཟད། འབྱུང་འགྱུར་ལོ་ངོ་གཅིག་རིང་ཁོང་མགར་རྩེ་དགོན་པར་འགྲོ་མི་ཆོག་པ་དང་། མང་ཚོགས་ནང་གཏམ་བཤད་སྤེལ་མི་ཆོག་པ། དེ་བཞིན་ཆབ་སྲིད་དང་འབྲེལ་བའི་ལས་ཀ་ལས་མི་ཆོག་པ་བྱས་ཐོག སྤྱི་ཚོགས་བརྒྱུད་ལམ་གྱི་འཕྲིན་སྟེགས་སྟེང་ཁོང་གི་འདྲ་པར་བཞག་མི་ཆོག་པའི་བཙན་བཀའ་བཏང་ཡོད་འདུག

བོད་མི་ཚོར་མགར་རྩེ་འཇིགས་མེད་བཙོན་གྲོལ་བཏང་བར་བསུ་མ་བྱེད་དུ་མི་འཇུག་པའི་ཆེད་དུ། རྒྱ་ནག་གི་དབང་འཛིན་དཔོན་རིགས་ཚོས་ཕ་ཡུལ་ནས་ཁོང་བསུ་རུ་ཡོང་མཁན་ཡུལ་མི་ཚོར་ཞོགས་པ་སྔ་མོ་ནས་བཙོན་ཁང་གི་ཕྱི་ལོགས་སུ་སྒུག་བཅུག་སྟེ་མགར་རྩེ་འཇིགས་མེད་ལ་བཙོན་གྲོལ་གྱི་ཡིག་ཆར་མིང་རྟགས་འགོད་པ་དང་ཁས་ལེན་བྱེད་དུ་འཇུག་པ་སོགས་འགྲོ་ལུགས་སྣ་ཚོགས་སྒྲུབ་བཅུག་ནས་དགོང་མོའི་ཆུ་ཚོད་༧ ཙམ་ལ་མ་གཏོགས་ཟི་ལིང་དུ་ཡོད་པའི་ཁོང་གི་ནང་ལ་སླེབས་ཐུབ་མེད། ཁོ་ཚོ་ཐད་ཀར་རྩེ་ཁོག་རྫོང་ནས་རེབ་གོང་བརྒྱུད་ཟི་ལིང་དུ་ཡོང་མ་བཅུག་པར་ཁྲི་ཀ་རྫོང་བསྐོར་ནས་འགྲོ་རུ་བཅུག་ཡོད་འདུག་ལ། ད་ཆ་རྒྱ་ནག་སྲིད་གཞུང་གིས་དྲ་ལམ་དང་སྐད་འཕྲིན་ལ་དམ་དྲག་ཤུགས་ཆེན་བྱས་པས། མགར་རྩེ་འཇིགས་མེད་ཀྱི་འཕྲོད་བསྟེན་གནས་སྟངས་སོགས་གནས་ཚུལ་མང་པོ་ཞིག་ལ་རྒྱུས་ལོན་བྱེད་ཐབས་མེད་པ་ཆགས་ཡོད།

རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་གྱི་བསྙོན་འཛུགས་འོག་རྒྱ་ནག་སྲིད་གཞུང་གིས་མགར་རྩེ་འཇིགས་མེད་ལ་མི་ལོ་ལྔ་ཡི་ཁྲིམས་ཆད་བཅད་པ་དང་ལོ་གཅིག་རིང་གི་ཆབ་སྲིད་ཀྱི་ཐོབ་ཐང་འཕྲོད་ཡོད་པར་སྙམ། དེ་ཡང་རྒྱ་ནག་གི་ཁྲིམས་སྒྲིག་འོག་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་ཉེས་འཛུགས་ཐེབས་མཁན་ཆབ་སྲིད་བཙོན་པ་ཚང་མར་བཙོན་གྲོལ་བཏང་རྗེས་མི་ལོ་གཅིག་ནས་ལྔ་བར་གྱི་ཆབ་སྲིད་ཐོབ་ཐང་འཕྲོག་གིན་ཡོད་ལ། ཆབ་སྲིད་ཀྱི་ཐོབ་ཐང་འཕྲོག་པ་དེས། རྒྱ་ནག་གི་དབང་འཛིན་དཔོན་རིགས་ཚོས་འགན་འཁུར་མི་དགོས་པ་དང་ཞིབ་འཇུག་གི་གོ་རིམ་གང་ཡང་བརྒྱུད་མི་དགོས་པར་གློད་གྲོལ་བཏང་བའི་ཆབ་སྲིད་བཙོན་པ་ཚོར་དམ་དྲག་བྱེད་པའི་དབང་ཤུགས་ཆེན་པོ་སྤྲད་ཡོད།

ཕྱི་ལོ་༢༠༡༣ ཟླ་༡ ཚེས་༡ ཉིན་མདོ་སྨད་རྨ་ལྷོ་ཁུལ་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་མི་སྣ་དང་། རེབ་གོང་མགར་རྩེ་ཡུལ་ཚོའི་ཉེན་རྟོག་པ་གྱ་ས་མགར་རྩེ་དགོན་དུ་ཡོང་ནས་མགར་རྩེ་འཇིགས་མེད་ཀྱི་གློག་ཀླད་དང་སྡོད་ཤག་ལ་སྔོག་བཤེར་བྱས་པ་མ་ཟད། གསང་སྟབས་ཀྱིས་ཁོང་འཛིན་བཟུང་བཙན་ཁྲིད་བྱས་ཏེ་རྨ་ལྷོ་ཁུལ་རྒྱལ་ཁབ་བདེ་འཇགས་ལས་ཁུངས་དང་མཚོ་སྔོན་ཞིང་ཆེན་གྱི་སྲིད་འཛིན་ལྟེ་གནས་གྲོང་ཁྱེར་ཟི་ལིང་བཅས་སུ་བཙོན་འཇུག་བཀག་ཉར་བྱས། ཕྱི་ཟླ་༥ ཚེས་༡༤ ཉིན་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་མི་དམངས་ཁྲིམས་ཁང་ཟེར་བས་ཁོང་ལ་རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་གྱི་བསྙོན་བཙུགས་ཏེ་མི་ལོ་༥ ཡི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་ལྟར། ཕྱི་ལོ་༢༠༡༧ ཟླ་༡༢ ཚེས་༣༡ ཉིན་ཁོང་གློད་གྲོལ་གཏོང་དགོས་ཀྱི་ཡོད་ནའང་། རྒྱ་ནག་སྲིད་གཞུང་གིས་མགར་རྩེ་འཇིགས་མེད་གློད་གྲོལ་གྱི་དུས་ཡུན་ནར་འགྱངས་བྱས་ཡོད་པ་དང་། དེའི་རྒྱུ་མཚན་ཅི་ཡིན་ད་དུང་ཤེས་རྟོགས་བྱུང་ཐུབ་མེད།

འདི་ག་ལྟེ་གནས་ཁང་གི་ངོས་ནས་རྩོམ་པ་པོ་མགར་རྩེ་འཇིགས་མེད་མཆོག་གློད་གྲོལ་ཐོབ་པར་འཚམ་འདྲི་དང་། རྒྱ་གཞུང་གིས་ཡང་བསྐྱར་ཁོང་གང་བྱུང་འཛིན་བཟུང་མི་བྱེད་པའི་རེ་བ་བྱེད་ཀྱི་ཡོད། ཡིད་སྐྱོ་བ་ཞིག་ལ་རྒྱ་ནག་སྲིད་གཞུང་གིས་མགར་རྩེ་འཇིགས་མེད་ལྟ་བུའི་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་མཁན་བོད་མི་མང་པོ་འཛིན་བཟུང་བཙོན་འཇུག་དང་སྡུག་སྦྱོང་མནར་གཅོད་གཏོང་མུས་ཡིན་ཞིང་། མགར་རྩེ་འཇིགས་མེད་ཀྱིས་ད་ལྟའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་དངོས་ཡོད་གནས་སྟངས་དང་དེའི་འགན་འཁྲིའི་སྐོར་གྱི་སོ་སོའི་བསམ་ཚུལ་དང་ལྟ་ཚུལ་ཞི་བའི་སྒོ་ནས་རྩོམ་འབྲི་པར་སྐྲུན་གནང་བར་བརྟེན། རྒྱ་ནག་སྲིད་གཞུང་གིས་ཁོང་འཛིན་བཟུང་བཙོན་འཇུག་བྱས་པ་རེད། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་གཞན་དག་དང་འདྲ་བར། མགར་རྩེ་འཇིགས་མེད་ཀྱིས་རྒྱ་ནག་གི་དབང་འཛིན་དཔོན་རིགས་ཚོའི་ཁྲིམས་མེད་ལུགས་མེད་ཀྱི་བྱ་སྤྱོད་གསལ་འདོན་བྱས་ཏེ་བོད་མི་ཚོར་རང་ཐག་རང་གཅོད་དང་འགྲོ་བ་མིའི་ཐོབ་ཐང་ལ་ཁག་ཐེག་དགོས་པའི་འབོད་སྐུལ་ཞུས་ཡོད་ལ། རྒྱ་ནག་གི་རྩ་ཁྲིམས་དང་རྒྱལ་སྤྱིའི་རྩ་ཁྲིམས་ཁག་ནང་སྐྱེ་བོ་སུ་ཞིག་ཡིན་ཡང་སོ་སོའི་བསམ་ཚུལ་བརྗོད་ཆོག་པའི་སྨྲ་བརྗོད་རང་དབང་ཁག་ཐེག་གཏན་འབེབ་བྱས་ཡོད་ཅིང་། མགར་རྩེ་འཇིགས་མེད་འཛིན་བཟུང་བཙོན་འཇུག་བྱས་པ་དེ་ནི། རྒྱ་ནག་སྲིད་གཞུང་གིས་ཡང་བསྐྱར་ཁྲིསམ་ཀྱི་དབང་བསྒྱུར་ལ་བརྟེན་ནས་རྒྱལ་ཁབ་ཁྲིམས་ཀྱིས་སྐྱོང་བའི་གནས་བབ་ཡར་རྒྱས་གཏོང་རྒྱུ་ཁས་ལེན་བྱས་པ་དེ་སྣང་མེད་རྡོག་རོལ་བཏང་བ་མ་ཟད། ད་དུང་གཡོ་ཇུས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནི་སྲིད་གཞུང་དང་བསམ་ཚུལ་མི་མཐུན་པའི་མི་མང་དང་སྲིད་གཞུང་གི་དྲག་གནོན་སྲིད་ཇུས་ཁག་ལ་སྐྱོན་བརྗོད་གནང་མཁན་ཚོར་དམ་དྲག་བྱེད་ཐབས་ཀྱི་ལག་ཆ་ལྟ་བུར་བཀོད་སྤྱོད་བྱེད་བཞིན་ཡོད་པ་ཙམ་ལས་གཞན་ཅི་ཡང་མིན།

རྩོམ་པ་པོ་མགར་རྩེ་འཇིགས་མེད་ནི། ཕྱི་ལོ་༡༩༧༦ལོར་མདོ་སྨད་རེབ་གོང་རྩེ་གཞུང་མགོན་ཤུལ་སྒར་བ་རུ་སྐྱེས་ཤིང་། ཆུང་དུས་སློབ་གྲྭ་ཆུང་འབྲིང་རིམ་གྱིས་འགྲིམས་ཏེ་ཕྱི་ལོ་༡༩༩༥ ལོར་གྱ་ས་མགར་རྩེ་དགོན་གྱི་ཆོས་སྒོར་ཞུགས་ཤིང་རིགས་ལམ་བསྡུས་གྲྭ་ནས་དབུ་མ་མཛོད་སོགས་གཞུང་ཆེན་ཁག་ལ་སློབ་གཉེར་གནང་ཞིང་། ཕྱི་ལོ་༡༩༩༩ ལོ་ནས་བཟུང་རྩོམ་རིག་གསར་རྩོམ་གྱི་ལམ་ལ་ཞུགས་ཏེ། སྔ་རྗེས་སུ་ཁོང་ལ་གཞི་རིམ་གྱི་རྩོམ་རིག་གཟེངས་རྟགས་ཐེངས་འགར་ཐོབ་མྱོང་། ཁོང་གི་དཔྱད་གླེང་རྩོམ་ཡིག་ཕྱོགས་སྒྲིག་གི་དཔེ་དེབ་ཐོག་མ་༼བསམ་གཞིགས་ཉུལ་བའི་ཟིན་ཐོ།༽ཞེས་པ་པར་དུ་བསྐྲུན་པར་བོད་ཁུལ་དུ་ཁོང་གི་གྲོགས་པོ་དང་ཀློག་པ་པོ་མང་པོས་ཡི་རངས་བསྔགས་བརྗོད་བྱས་ཡོད་ལ། ཕྱི་ལོ་༢༠༠༣ ལོར་ཁོང་གིས་ཕར་ཕྱིན་རབ་འབྱམས་པའི་དམ་བཅའ་ཡང་བཞག་ཡོད་པ་རེད།

 

About Tibetan Section TCHRD

Check Also

གཞུང་འབྲེལ་མིན་པའི་ཚོགས་པའི་ངོས་ནས་རྒྱལ་ཚོགས་ཀྱི་རྒྱ་གཞུང་དུས་བཀག་བསྐྱར་ཞིབ་ཐོག་ཞུ་གཏུག་སྙན་ཐོ་ཕུལ་ཡོད།

ཕྱི་ལོ་༢༠༡༨ ཟླ་༡༡ ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡོངས་ཁྱབ་དུས་བཀག་བསྐྱར་ཞིབ་འཚོགས་འཆར་ཡོད་པ་ལྟར། འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐོང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ངོས་ནས། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དུས་བཀག་བསྐྱར་ཞིབ་ཐེངས་གསུམ་པའི་ཐོག་ཞུ་གཏུག་སྙན་ཐོ་ཕུལ་ཡོད། ཞུ་གཏུག་སྙན་ཐོ་དེ་ཕྱི་ལོ་༢༠༡༨ ཟླ་༣ ཚེས་༢༩ ཉིན་ཕུལ་ཡོད་ལ། སྙན་ཐོའི་ནང་དུ་དམིགས་བསལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་གང་བྱུང་བཀག་ཉར། སྡུག་སྦྱོང་མནར་གཅོད། སྨྲ་བརྗོད་རང་དབང་། ཆོས་ལུགས་དད་མོས་རང་དབང་། སྒེར་དབང་ཐོབ་ཐང་སོགས་ཀྱི་དངོས་ཡོད་གནས་སྟངས་ཞུས་ཡོད། རྒྱ་གཞུང་གི་དུས་བཀག་སྐྱར་ཞིབ་ཐེངས་གསུམ་པའི་ཉན་ཞིབ་དོགས་འདྲིའི་སྐབས་སུ། …

Leave a Reply

Your email address will not be published. Required fields are marked *