Friday , September 21 2018
Home / གསར་འགྱུར། / མི་ལོ་ཉེར་གཅིག་རྗེས་སུ་བཙོན་གྲོལ་བཏང་བའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཞིག་གིས་ཕོ་བྲང་པོ་ཏ་ལའི་མདུན་ཐང་དུ་ཞི་རྒོལ་གནང་སྐབས་ཁོང་འཛིན་བཟུང་བཀག་ཉར་ཐེངས་གཉིས་པ་བྱས།

མི་ལོ་ཉེར་གཅིག་རྗེས་སུ་བཙོན་གྲོལ་བཏང་བའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཞིག་གིས་ཕོ་བྲང་པོ་ཏ་ལའི་མདུན་ཐང་དུ་ཞི་རྒོལ་གནང་སྐབས་ཁོང་འཛིན་བཟུང་བཀག་ཉར་ཐེངས་གཉིས་པ་བྱས།

 

ཟླ་སྔོན་མའི་ཟླ་མཇུག་ལ་བོད་ཀྱི་ཆབ་སྲིད་བཙོན་ཟུར་སོག་མཁར་བློ་གྲོས་ལགས་ཀྱིས་ལྷ་ས་ནས་རྒྱ་ནག་སྲིད་གཞུང་ལ་ཁེར་རྐྱང་ཞི་རྒོལ་གནང་སྐབས། རྒྱ་གཞུང་གིས་ཁོང་འཛིན་བཟུང་བཙན་འཁྲིད་བྱས་ཏེ་བོད་ལྗོངས་ནག་ཆུ་ཁུལ་ཉེན་རྟོག་པར་རྩིས་སྤྲད་ཡོད་ཅིང་། འདི་ནི་རྒྱ་ནག་སྲིད་གཞུང་གིས་ཁོང་ཕྱི་ལོ་༢༠༡༣ ལོར་བཙོན་གྲོལ་བཏང་བའི་རྗེས་སུ་འཛིན་བཟུང་བཀག་ཉར་བྱས་པ་ཐེངས་གཉིས་པ་དེ་ཆགས་ཡོད།

འདི་ལོའི་ཕྱི་ཟླ་༡ ཚེས་༢༨ ཉིན་སོག་མཁར་བློ་གྲོས་རྒྱ་མཚོ་ལགས་ཀྱིས་བོད་ཀྱི་རྒྱལ་ས་ལྷ་སར་ལོ་རྒྱུས་རང་བཞིན་གྱི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཞུགས་སྒར་ཕོ་བྲང་པོ་ཏ་ལའི་མདུན་ཐང་དུ་ཁེར་རྐྱང་ཞི་རྒོལ་གནང་ཡོད་པ་དང་། དེ་ཡང་ཁོང་ཕ་ཡུལ་སོག་རྫོང་ནས་ལྷ་སར་ཡོང་སྟེ་ཕོ་བྲང་པོ་ཏ་ལར་སྐོར་བ་གཅིག་བརྒྱབས་ནས་ཕོ་བྲང་མདུན་ཐང་དུ་ཞི་རྒོལ་སྐད་འབོད་གནང་ཡོད་སྐོར་འབྲེལ་ཡོད་བོད་མི་ཞིག་གིས་འདི་ག་ལྟེ་གནས་ཁང་ལ་འགྲེལ་བརྗོད་གནང་སོང་ལ། ཁོང་གིས་ཞི་རྒོལ་སྐད་འབོད་གནང་སྟེ་དུས་ཡུན་སྐར་མ་བཞི་ཙམ་ལས་མ་འགོར་བར་ས་གནས་ཉེན་རྟོག་པས་ཁོང་འཛིན་བཟུང་བཙན་འཁྲིད་བྱས་ཡོད་ཅིང་། ཞི་རྒོལ་སྐབས་སུ་ཁོང་གིས་འབོད་ཚིག་ཅི་ཞིག་བསྒྲགས་ཡོད་པ་ཤེས་རྟོགས་ཐུབ་མེད་ནའང་། སྐབས་དེར་ཉེན་རྟོག་པས་ཁོང་འཛིན་བཟུང་བཙན་འཁྲིད་བྱས་པ་ཉེ་འཁོར་གྱི་བོད་མི་འགས་དངོས་སུ་མཐོང་ཡོད་ཅིང་། ཕྱི་ཉིན་ལྷ་སའི་ཉེན་རྟོག་པས་ཁོང་ནག་ཆུ་ཁུལ་ཉེན་རྟོག་པར་རྩིས་སྤྲད་དེ། རྫོང་དང་ཁུལ་རིམ་པ་བརྒྱུད་རྒྱ་ནག་སྲིད་གཞུང་གིས་ཁོང་ལ་འདྲི་གཅོད་ཞིབ་བཤེར་བྱ་འཆར་ཡོད་པ་རེད།

དེ་སྔོན་སོག་མཁར་བློ་གྲོས་ལགས་ཀྱིས་ཕྱི་ཟླ་༡ ཚེས་༢༨ ཉིན་ཞི་རྒོལ་གནང་རྒྱུ་ཡིན་སྐོར་གྱི་བརྙན་ཐུང་ཞིག་བཏང་ཡོད་པ་དང་། གཟར་འཁོར་འདིའི་ནང་དུས་ཡུན་སྐར་མ་༡ དང་སྐར་ཆ་༣༨ ཅན་གྱི་བརྙན་ཐུང་དེ་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་ཐོན་ཞིང་། བརྙན་ཐུང་དེའི་ནང་དུ་ཁོང་གིས་བོད་ཁ་བ་གངས་ཅན་ལྗོངས་ནི་འཛམ་གླིང་ཞི་བདེ་ཡི་བསྟི་གནས་ཡིན་ཞིང་། བོད་མི་ཚོས་འདས་པའི་ལོ་ངོ་སྟོང་ཕྲག་རིང་འཚེ་མེད་ཞི་བའི་ལམ་ནས་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པ། ལམ་དབུ་མའི་ཐོག་ནས་འཛམ་གླིང་ཞི་བདེ་བརྩོན་ལེན་བྱས་ཡོད་པ་དང་། འཛམ་གླིང་ཞི་བདེ་བསྐྲུན་རྒྱུ་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་གཞི་ཡིན་པ། ད་ལྟའི་བར་བོད་མི་བརྒྱ་ཕྲག་མང་པོས་འཛམ་གླིང་ཞི་བདེའི་དོན་དུ་རང་ལུས་མེར་སྲེག་གནང་བ། དེ་བཞིན་ཁོ་རང་གི་ངོས་ནས་ཀྱང་འདས་པའི་ལོ་ངོ་༡༡ རིང་འཛམ་གླིང་ཞི་བདེའི་ཆེད་ལུས་ངག་ཡིད་གསུམ་ནས་འབད་བརྩོན་བྱས་སྐོར་དང་། བརྙན་ཐུང་དེའི་མཇུག་ཏུ། ཕྱི་ཟླ་༡ ཚེས་༢༨ ཉིན་ནས་བཟུང་འཛམ་གླིང་ཞི་བདེའི་ཆེད་ལྷ་ས་ནས་ཞི་རྒོལ་ལས་འགུལ་འགོ་འཛུགས་རྒྱུ་ཡིན་སྐོར་སོགས། ཁོང་གིས་རྒྱ་ནག་སྲིད་གཞུང་ལ་ཞི་རྒོལ་གནང་དགོས་པའི་རྒྱུ་མཚན་དང་ཀུན་སློང་གསལ་བཤད་བྱས་ཡོད་པ་རེད།

ཕྱི་ལོ་༢༠༡༣ ལོར་བཙོན་གྲོལ་བཏང་རྗེས་བློ་གྲོས་རྒྱ་མཚོ་ལགས་ཀྱིས་རྒྱ་ནག་སྲིད་གཞུང་གིས་བོད་ཁུལ་དུ་དྲག་གནོན་སྲིད་ཇུས་དང་དམ་དྲག་ལས་འགུལ་མང་པོ་ལག་བསྟར་བྱེད་བཞིན་པར་ཕྱི་གསལ་ནང་གསལ་གྱི་སྒོ་ནས་ངོ་རྒོལ་བྱས་ཤིང་། ཕྱི་ལོ་༢༠༡༦ ལོར་སོག་མཁར་བློ་གྲོས་ལགས་ནས་རྒྱ་ནག་སྲིད་གཞུང་གིས་གྲྭ་བཙུན་ཚོས་བོད་རང་སྐྱོང་ལྗོངས་ཕྱི་ལོགས་ཀྱི་བོད་ཁུལ་གྱི་ནང་བསྟན་སློབ་གླིང་ཁག་ཏུ་སློབ་གཉེར་བྱས་མི་ཆོག་པའི་འགྲེལ་བརྗོད་ལ་ངོ་རྒོལ་བྱས་པར་བརྟེན། ལོ་དེའི་ཕྱི་ཟླ་༥ ཚེས་༡༤ ནས་ཕྱི་ཟླ་༧ ཚེས་༡༩ བར་ཏེ་ཧ་ལམ་ཟླ་གཉིས་ལྷག་རིང་རྒྱ་གཞུང་གིས་ཁོང་འབྲི་རུ་རྫོང་གི་བཀག་ཉར་ལྟེ་གནས་ཁང་དུ་བཀག་ཉར་བྱས་ཤིང་། དེ་ནི་རྒྱ་ནག་སྲིད་གཞུང་གིས་བླ་རུང་སྒར་དང་ཡ་ཆེན་སྒར། སེར་ཤུལ་དགོན་བཅས་ཀྱི་ནང་སོག་རྫོང་དང་འབྲི་རུ་རྫོང་། སྦྲ་ཆེན་རྫོང་ནས་སློབ་གཉེར་བྱེད་དུ་ཡོང་བའི་གྲྭ་བཙུན་རྣམས་ཕྱིར་རང་ཁྱིམ་ལ་ལོག་དགོས་ཤིང་། གལ་ཏེ་ཕྱིར་མ་ལོག་པ་ཡིན་ན། ཁོང་ཚོའི་ཁྱིམ་མིར་དབྱར་རྩྭ་དགུན་འབུ་བརྐོ་རུ་འཇུག་རྒྱུ་མིན་པ་མ་ཟད། ནང་མི་རྣམས་འཛིན་བཟུང་བཙོན་འཇུག་བྱ་རྒྱུ་ཡིན་པའི་འཇིགས་སྐུལ་བཀའ་རྒྱ་བཏང་བ་ཞིག་ཡིན་པ་རེད། ཕྱི་ལོ་༢༠༡༣ ལོ་ནས་རྒྱ་ནག་སྲིད་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་གྲྭ་བཙུན་ཚོ་ཟི་ཁྲོན་དང་ཀན་སུའུ། མཚོ་སྔོན། ཡུན་ནན་ཞིང་ཆེན་གྱི་ལྔ་རིག་ནང་བསྟན་སློབ་གླིང་ཁག་ནང་འཛུལ་ཞུགས་མི་ཆོག་པའི་བཀག་སྡོམ་བྱས་སྐབས། བློ་གྲོས་རྒྱ་མཚོ་ལགས་ཀྱིས་རྒྱ་ནག་སྲིད་གཞུང་གིས་གྲྭ་བཙུན་སློབ་གཉེར་བ་ཚོས་སོ་སོའི་ཆོས་ལུགས་ལ་བསླབ་པ་སློབ་གཉེར་བྱེད་པའི་རང་དབང་བཙན་འཕྲོག་གིས་ཁོ་ཚོའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་བཏང་བ་དེ་ནི། རྒྱལ་སྤྱི་དང་རྒྱ་ནག་རང་གི་རྩ་ཁྲིམས་དང་མི་མཐུན་པའི་ཁྲིམས་མེད་ལུགས་མེད་ཀྱི་བྱ་སྤྱོད་ཅིག་ཡིན་པ་དང་། སློབ་གཉེར་བྱེད་བཞིན་པའི་གྲྭ་བཙུན་ཚོས་ཁྲིམས་འགལ་གྱི་ཉེས་པ་གང་ཡང་བསགས་མེད་སྐོར་སྲིད་གཞུང་ལ་ཡར་ཞུ་བྱས་ཡོད་ལ། དེ་བཞིན་ཕྱི་ལོ་༢༠༡༥ ལོའི་བརྒྱད་གཅིག་དམག་འཛུགས་དུས་ཆེན་༼རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་དབུ་བརྙེས་པའི་དུས་ཆེན།༽སྐབས་སུ། རྒྱ་ནག་གི་དབང་འཛིན་དཔོན་རིགས་ཚོའི་བཙན་བཀའ་འོག འབྲི་རུ་རྫོང་དང་སྦྲ་ཆེན་རྫོང་། སོག་རྫོང་བཅས་རྫོང་ཁག་གསུམ་ནང་བོད་མི་ཚོར་སྟག་གཟིག་གི་པགས་པ་གྱོན་བཅུག་སྟེ་གཞས་སྣ་འཁྲབ་སྟོན་དང་མི་མང་ལ་ལྟད་མོར་ལྟ་རུ་བཅུག་པར། བློ་གྲོས་རྒྱ་མཚོ་ལགས་ནས་རྒྱ་ནག་སྲིད་གཞུང་གི་ཁྲིམས་འགལ་ལུགས་ལྡོག་གི་བྱ་སྤྱོད་དེ་ལ་སྐྱོན་བརྗོད་བྱས་ཡོད་པ་རེད།

འདི་ག་ལྟེ་གནས་ཁང་གི་ངོས་ནས་རྒྱ་ནག་སྲིད་གཞུང་གིས་འཛིན་བཟུང་བརྡ་ལན་ཙམ་ཡང་མ་སྤྲད་པར་བློ་གྲོས་རྒྱ་མཚོ་ལགས་གསང་སྟབས་ཀྱིས་འཛིན་བཟུང་བཙན་འཁྲིད་བྱས་པར་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱིན་ཡོད་ལ། རྒྱ་ནག་སྲིད་གཞུང་གིས་ཆ་རྐྱེན་ཅི་ཡང་མེད་པར་སོག་མཁར་བློ་གྲོས་ལགས་མྱུར་དུ་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད། རྒྱ་ནག་སྲིད་གཞུང་གིས་བོད་ཁུལ་ཡོངས་སུ་ཁྱབ་ཆེ་བའི་བཀག་ཉར་ལྟེ་གནས་ཁང་ཁག་ཏུ་འདྲི་གཅོད་དང་མནར་གཅོད་ལག་བསྟར་བྱེད་བཞིན་ཡོད་པ་ལྟར། རྒྱ་ནག་སྲིད་གཞུང་གིས་བློ་གྲོས་རྒྱ་མཚོ་ལགས་ལ་ཁྲིམས་ཀྱིས་སྲུང་སྐྱོབ་བྱེད་མ་བཅུག་པར་གསང་བའི་སྒོ་ནས་བཀག་ཉར་བྱས་ཡོད་པས། འདི་ག་ལྟེ་གནས་ཁང་གི་ངོས་ནས་རྒྱ་ནག་གི་དབང་འཛིན་དཔོན་རིགས་ཚོས་ཁོང་ལ་མི་སྤྱོད་ལས་འདས་པའི་མནར་གཅོད་ཡ་ང་བ་གཏོང་བའི་ཉེན་ཁ་ཡོད་པར་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་ལ། དེ་བཞིན་ཕྱི་ལོ་༢༠༡༦ ལོར་རྒྱ་ནག་གི་དབང་འཛིན་དཔོན་རིགས་ཚོས་སོག་མཁར་བློ་གྲོས་ལགས་འཛིན་བཟུང་བྱས་ཏེ་ཉེས་དོན་ཁྲིམས་བཤེར་མེད་པ་དང་། ཁོང་གི་ནང་མིར་འཛིན་བཟུང་བརྡ་ལན་ཙམ་ཡང་མ་སྤྲད་པར་“ཁྲིམས་མཐུན་སློབ་གསོའི་ལྟེ་གནས་ཁང་”དུ་བསྙད་ནས་ཁོང་བཀག་ཉར་ལྟེ་གནས་ཁང་དུ་ཟླ་གཉིས་ལྷག་རིང་བཀག་ཉར་བྱས་པ་དེ་ནི་ནམ་ཡང་ངོས་ལེན་བྱེད་ཐབས་མེད་པ་ཞིག་རེད་ལ། གནས་ཚུལ་དེས། རྒྱ་ནག་སྲིད་གཞུང་གིས་“ངལ་རྩོད་བསྒྱུར་བཀོད་”ཀྱི་འཐབ་ཇུས་དོར་རྗེས། དུས་ཡུན་རིང་བོར་རྒྱ་ནག་སྲིད་གཞུང་གིས་“ཁྲིམས་མཐུན་སློབ་གསོའི་ལྟེ་གནས་ཁང་”ཞེས་པ་དེ་ནི་དོན་དངོས་སུ་བཀག་ཉར་ལྟེ་གནས་ཁང་དུ་བེད་སྤྱོད་གཏོང་བཞིན་པའི་གསང་བ་གསལ་སྟོན་བྱས་ཡོད།

བློ་གྲོས་རྒྱ་མཚོ་ལགས་ཀྱིས་ཞི་བའི་སྐད་འབོད་བྱས་པ་ཙམ་ལ་བརྟེན་ནས་རྒྱ་གཞུང་གིས་ཁོང་འཛིན་བཟུང་བཀག་ཉར་བྱས་ཡོད་པ་དེ་ནི་རྒྱ་གཞུང་གིས་ཁོང་གི་ཞི་བའི་འདུ་འཛོམ་རང་དབང་དང་སྨྲ་བརྗོད་རང་དབང་རྡོག་རོལ་བཏང་བ་རེད་ལ། རྒྱལ་སྤྱི་དང་རྒྱ་ནག་གི་རྩ་ཁྲིམས་ཁག་ནང་སྐྱེ་བོ་ཀུན་ལ་ཞི་བའི་འདུ་འཛོམ་རང་དབང་དང་སྨྲ་བརྗོད་རང་དབང་ཡོད་པ་ཁག་ཐེག་གཏན་འབེབ་བྱས་ཡོད་པ་རེད།

ད་ལྟ་རང་ལོ་༥༧ ཡིན་པའི་སོག་མཁར་བློ་གྲོས་རྒྱ་མཚོ་ལགས་ནི། ཕྱི་ལོ་༡༩༦༢ ལོར་ཁམས་ནག་ཆུ་ས་ཁུལ་གྱི་སོག་རྫོང་ཚ་དབྲོག་ཡུལ་ཚོའི་སོག་མཁར་གྲོང་སྡེ་རུ་སྐྱེས་ཤིང་། འདས་པའི་མི་ལོ་༢༡ རིང་རྒྱ་གཞུང་གིས་ཁོང་ལྷ་སའི་ཉེ་འཁྲིས་ཀྱི་གྲྭ་བཞི་བཙོན་ཁང་དུ་བཙོན་འཇུག་བྱས་རྗེས་ཕྱི་ལོ་༢༠༡༣ ལོར་གློད་གྲོལ་བཏང་བ་རེད།

About Tibetan Section TCHRD

Check Also

རྒྱལ་ཚོགས་ཀྱི་ལས་འཛིན་ཚོགས་ཆུང་ནས་རྒྱ་གཞུང་ལ་རིགས་རུས་དབྱེ་འབྱེད་འགོག་པའི་སྐོར་གྱི་གནས་ཚུལ་སྙན་གསང་ཞུ་དགོས་སྐོར་བརྗོད་ཡོད།

  ཕྱི་ལོ་༢༠༡༨ ཟླ་༧ ཚེས་༡༣ ཉིན་གྱི་ཡིག་ཆ་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་སྒང་གི་རིགས་རུས་དབྱེ་འབྱེད་ཀྱི་རྣམ་པ་མཐའ་དག་འགོག་པའི་ལས་འཛིན་ཚོགས་ཆུང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཞུང་ལ་རྒྱ་ནང་གི་རིགས་རུས་དབྱེ་འབྱེད་ཀྱི་རྣམ་པ་མཐའ་དག་འགོག་པའི་སྐོར་གྱི་གནས་ཚུལ་སྙན་གསང་ཞུ་དགོས་པའི་བརྡ་ལེན་སྤྲད་འདུགདེ་ཡང་ལས་འཛིན་ཚོགས་ཆུང་༼ཚོགས་ཆུང་འདིས་རིགས་རུས་དབྱེད་འབྱེ་ཀྱི་རྣམ་པ་མཐའ་དག་འགོག་པའི་རྒྱལ་སྤྱིའི་སྤྱི་ཆིངས་ལག་བསྟར་ཐད་ལ་ལྟ་རྟོག་གནང་གི་ཡོད།༽གིས་དེ་སྔོན་ཚོགས་ཆེན་ཐེངས་༩༦ སྟེང་སྤྲད་པའི་རྒྱ་གཞུང་གི་ལོ་འཁོར་སྙན་ཐོར་བསྐྱར་ཞིབ་བྱས་རྗེས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཞུང་ལ་རྒྱ་ནང་གི་རིགས་རུས་དབྱེ་འབྱེད་ཀྱི་རྣམ་པ་མཐའ་དག་འགོག་པའི་སྐོར་གྱི་གནས་ཚུལ་སྙན་གསང་ཞུ་དགོས་པའི་བརྡ་ལེན་སྤྲད་པ་ཞིག་རེད་ལ། ཕྱི་ལོ་༢༠༡༨ ཟླ་༨ ཚེས་༡༠ ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐུ་ཚབ་མི་སྣ་རྒྱལ་ཚོགས་ཀྱི་རིགས་རུས་དབྱེ་འབྱེད་ཀྱི་རྣམ་པ་མཐའ་དག་འགོག་པའི་ལས་འཛིན་ཚོགས་ཆུང་གི་མདུད་དུ་འགྲོ་འཆར་ཡོད་པ་དང་། ཚོགས་འདུ་དེ་རྒྱལ་ཚོགས་ཀྱི་བརྒྱུད་ལམ་ནས་ཐད་གཏོང་བྱ་རྒྱུ་རེད། ཚོགས་ཆུང་དེའི་དྲི་བ་མང་པོ་ཞིག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རིགས་རུས་དབྱེད་འབྱེ་ཀྱི་རྣམ་པ་མཐའ་དག་འགོག་པའི་རྒྱལ་སྤྱིའི་སྤྱི་ཆིངས་ལག་ལེན་བསྟར་མིན་ཐད་ཀྱི་དེ་སྔའི་དྲི་བ་༼དྲི་གཞིའི་ལས་རིམ་ནང་འཁོད་ཀྱི།༽ཁག་ཅིག་བསྐྱར་འདྲི་བྱ་རྒྱུ་མ་གཏོགས་དྲི་གཞི་གསར་བ་གང་ཡང་མེད་འདུག་ལ། དེ་ནི་བོད་ནང་དུ་བྱུང་བའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་བའི་གནད་དོན་ལྟ་བུ་རེད། …

Leave a Reply

Your email address will not be published. Required fields are marked *