Sunday , June 24 2018
Home / གསར་འགྱུར། / རྒྱ་གཞུང་གིས་མནར་གཅོད་བཏང་སྟེ་ཉལ་སར་ལྷུང་བའི་བོད་མི་ཆབ་སྲིད་བཙོན་ཟུར་ཞིག་གི་བུ་མོ་སློབ་གྲྭར་ཞུགས་མ་བཅུག་པ།

རྒྱ་གཞུང་གིས་མནར་གཅོད་བཏང་སྟེ་ཉལ་སར་ལྷུང་བའི་བོད་མི་ཆབ་སྲིད་བཙོན་ཟུར་ཞིག་གི་བུ་མོ་སློབ་གྲྭར་ཞུགས་མ་བཅུག་པ།

འདྲ་པར་འདི་༢༠༡༧ཟླ་༡༠པའི་ནང་སྨན་ཁང་དུ།

རྒྱ་གཞུང་གིས་བོད་མི་ཞིག་ལ་མནར་གཅོད་ཚད་མེད་བཏང་བའི་རྐྱེན་གྱིས་བཙོན་ཁང་ནང་གྲོངས་བར་དོགས་ནས་བཙོན་འཇུག་དུས་ཡུན་མ་རྫོགས་གོང་གློད་གྲོལ་བཏང་ཡོད་ལ། ཁོང་གིས་དེ་སྔོན་ཆབ་སྲིད་ལས་འགུལ་སྤེལ་བར་བསྙད་དེ་ཁོ་རང་གི་བུ་མོ་ཡང་སློབ་གྲྭར་ཞུགས་བཅུག་མེད། 

ལོ་ན་བཞི་བཅུར་སོན་པའི་གཞོན་ནུ་དཔལ་ལྡན་ལ་རྒྱ་གཞུང་གི་བཙོན་ཁང་ནང་མནར་གཅོད་ཚད་མེད་བཏང་སྟབས། ལུས་ཁམས་ཀྱི་གནས་སྟངས་ཧ་ཅང་ཞན་པོ་ཆགས་པ་མ་ཟད་ནད་ཀྱིས་མནར་བས། ཕྱི་ལོ་༢༠༡༣ ཟླ་༧ ཚེས་༢༤ ཉིན་ཁྲིམས་ཆད་དུས་ཡུན་མ་རྫོགས་གོང་བཙོན་ཁང་ནས་གློད་གྲོལ་བཏང་ཡོད། འོན་ཀྱང་། དེ་སྔོན་ནད་གཞི་ཛ་དྲག་ཏུ་གྱུར་བས་གཤག་བཅོས་བྱ་དགོས་བྱུང་ཡོད་ལ། དེ་རྗེས་ཡང་བསྐྱར་གཤག་བཅོས་ཐེངས་གཉིས་པ་བྱ་དགོས་ཆགས་ཡོད།

ཁོང་གི་མིག་གིས་གསལ་པོ་མི་མཐོང་བ་དང་། རྣ་བས་ཡག་པོ་མི་གོ་བ། སྙིང་རྩ་འགག་ནས་དབུགས་གཏོང་ལེན་དཀའ་བར་གྱུར་ཡོད། 
ཁོང་ནད་མནར་གྱི་དབང་གིས་ཐེངས་མང་སྨན་བཅོས་བྱས་ཀྱང་་དྲག་སྐྱེད་མ་བྱུང་བས། ད་ཆ་ཁོང་གི་ནང་མི་རྣམས་སྨན་རིན་སོགས་ཀྱི་ཐད་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་འདུག

གཤག་བཅོས་ཐེངས་དང་པོའི་སྐབས་སུ་སྨན་ཡོན་དུ་རྒྱ་སྒོར་ཁྲི་བཅུ་གཅིག་གཏོང་དགོས་ཆགས་ཡོད་པ་དང་། གཤག་བཅོས་ཐེངས་གཉིས་པའི་སྐབས་སུ་རྒྱ་སྒོར་ཁྲི་བདུན་གྱི་འགྲོ་སོང་གཏོང་དགོས་ཆགས་ཡོད། གཤག་བཅོས་དང་པོ་སྐབས་སུ་ས་གནས་སྲིད་གཞུང་གིས་རྒྱ་སྒོར་ཁྲི་གཉིས་དང་དགུ་སྟོང་སྨན་ཡོན་གྱི་དོད་དུ་སྤྲད་ཡོད་པ་དང་། གཤག་བཅོས་གཉིས་པའི་སྐབས་སུ་ཁོང་གི་ནང་མི་ཚོས་ས་གནས་སྲིད་གཞུང་གིས་རྒྱ་སྒོར་ཁྲི་གཅིག་ཙམ་གྱི་རོགས་དངུལ་སྤྲོད་པར་རེ་བ་རྒྱག་གི་ཡོད་འདུག 

འདི་ག་ལྟེ་གནས་ཁང་ལ་འབྱོར་བའི་གཞོན་ནུ་དཔལ་ལྡན་གྱི་འདྲ་པར་དང་པོ་དེ་ནི། ཕྱི་ལོ་༢༠༡༣ ཟླ་༡༡ ཚེས་༢༢ ཉིན་བླངས་པ་ཞིག་ཡིན་ལ། དེ་ནི་ཁོང་བཙོན་ཁང་ནས་གློད་གྲོལ་བཏང་སྟེ་ཟླ་བ་བཞི་ཙམ་འགོར་རྗེས་ཡིན་འདུག དེ་བཞིན་འདྲ་པར་གཉིས་པ་དེ་ནི། ཕྱི་ལོ་༢༠༡༧ ཟླ་༡༠ ཚེས་༢༣ ཉིན་བླངས་པ་ཞིག་ཡིན་འདུག

སྔོན་ཆད་འདི་ག་ལྟེ་གནས་ཁང་ནས་ཁོང་དང་འབྲེལ་བའི་གནས་ཚུལ་བཏོན་པའི་ནང་། ཕྱི་ལོ་༢༠༡༢ ཟླ་༦ ཚེས་༡༨ ཉིན་མདོ་སྨད་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་དབལ་བཎ་ཡུལ་ཚོའི་ཇ་ཁང་ཞིག་ཏུ། རྨ་ཆུ་རྫོང་བདེ་འཇགས་རུ་ཁག་དང་ཉེན་རྟོག་པ་མཉམ་འབྲེལ་གྱིས་རླངས་འཁོར་བཞི་ཡོང་སྟེ། གཞོན་ནུ་དཔལ་ལྡན་ཁོང་རྒྱུ་མཚན་གང་ཡང་མེད་པར་བཙན་ཁྲིད་བྱས་ཡོད་སྐོར་འཁོད་ཡོད། 

ད་ཆ་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། གཞོན་ནུ་དཔལ་ལྡན་ཁོང་ཟླ་གཉིས་དང་ཕྱེད་ཙམ་རིང་གཞན་ལ་ཐུག་འབྲེལ་བྱ་མ་བཅུག་པར་རྨ་ཆུ་རྫོང་གི་བཀག་ཉར་ཁང་དུ་བཀག་ཉར་གྱིས་མནར་གཅོད་ཚད་མེད་བཏང་ཞིང་འདྲི་གཅོད་བྱས་མཐར། ཕྱི་ལོ་༢༠༠༨ ཟླ་༣ ནང་རྨ་ཆུ་རྫོང་དུ་བྱུང་བའི་ཞི་རྒོལ་ལས་འགུལ་གྱི་སྣེ་ཁྲིད་པའི་ཉེས་མིང་འོག་ལོ་གཉིས་དང་ཟླ་དགུ་ཡི་བཙོན་འཇུག་ཁྲིམས་ཆད་བཅད་ཡོད་འདུ

འདི་ག་ལྟེ་གནས་ཁང་དུ་གནས་ཚུལ་འབྱོར་བ་ལྟར་ན། གཞོན་ནུ་དཔལ་ལྡན་ཁོང་ཆབ་སྲིད་དང་འབྲེལ་བ་ཡོད་པར་བསྙད་ནས། ལོ་ན་བརྒྱད་ལ་སོན་པའི་ཁོང་གི་བུ་མོ་རྣམ་རྒྱལ་སྒྲོལ་མ་སློབ་གྲྭར་ཞུགས་བཅུག་མེད་པ་དང་། ཁོ་མོ་སློབ་གྲྭར་ཞུགས་མ་བཅུག་པའི་རྒྱུ་མཚན་དུ་ཁོ་མོའི་སྐྱེས་ལོ་སྐྱེས་ཚེས་ནོར་ཡོད་ཚུལ་བཤད་ཡོད་འདུག 

འདི་ག་ལྟེ་གནས་ཁང་དུ་ལག་སོན་བྱུང་བའི་སྙན་ཞུ་ཞིག་གི་ནང་གསལ་ལྟར་ན། བུ་མོ་རྣམ་རྒྱལ་སྒྲོལ་མ་ནི་ཕྱི་ལོ་༢༠༠༩ ཟླ་༡༡ ནང་སྐྱེས་ཡོད་ཀྱང་། ཁོ་མོའི་ཕ་མ་གཉིས་ཡིག་རྨོངས་པ་ཡིན་པས་ཐོ་འགོད་སྐབས་འབྲི་ནོར་ཤོར་ཏེ་ཁོ་མོའི་སྐྱེས་ལོ་སྐྱེས་ཚེ་ནི་ཕྱི་ལོ་༢༠༡༡ ཟླ་༡༡ ཚེས་༣ ཡིན་ཚུལ་འཁོད་ཡོད་འདུག རྗེས་སུ་མོའི་ཕ་མ་གཉིས་ཀྱིས་ས་གནས་གཞུང་ལ་ཁོ་མོའི་སྐྱེས་ལོ་སྐྱེས་ཚེས་ནོར་བཅོས་བྱ་བའི་སྙན་ཞུ་དང་། ཡུལ་དེའི་སྡེ་དཔོན་གྱི་རྒྱབ་གཉེར་བདེན་དཔང་ཡིག་ཆ་ཕུལ་ཡང་། ས་གནས་སྲིད་གཞུང་གིས་ངོས་ལེན་མ་བྱས་པས། གཞོན་ནུ་དཔལ་ལྡན་ཀྱིས་ས་གནས་འབྲེལ་ཡོད་ལས་བྱེད་ལ་ངའི་བུ་མོ་ལྟར་ཡུལ་འདིར་སྐྱེས་ལོ་སྐྱེས་ཚེས་ནོར་མཁན་ཚོར་ནོར་བཅོས་བྱེད་ནའང་། ངའི་བུ་མོ་གཅིག་པུ་ལ་ནོར་བཅོས་མི་བྱེད་དོན་ཅི་ཡིན་དྲིས་པར། ས་གནས་འབྲེལ་ཡོད་ལས་བྱེད་ཀྱིས་བུ་མོའི་ཨ་ཕ་ལ་ཆབ་སྲིད་ཀྱི་ཉེས་མིང་ཡོད་པས་ནོར་བཅོས་མ་བྱས་པ་ཡིན་ཚུལ་བརྗོད་འདུག གཞོན་ནུ་དཔལ་ལྡན་གྱིས་ང་ལ་རྒྱ་གཞུང་གིས་ཉེས་ཆད་གང་བཅད་པ་དེ་ཁུར་ཚར་ཡིན། ངའི་བུ་མོ་ལ་ནག་ཉེས་ཅི་ཡང་མེད་པས། ཁོ་མོ་སློབ་གྲྭར་ཞུགས་ཆོག་པ་ཞུ་ཞེས་རེ་བ་ནན་མོ་ཞུས་ཀྱང་། ས་གནས་ལས་བྱེད་ཚོས་ངོས་ལེན་བྱས་མེད། ཅི་སྲིད་ས་གནས་སྲིད་གཞུང་གིས་བུ་མོ་རྣམ་རྒྱལ་སྒྲོལ་མའི་སྐྱེས་ལོ་སྐྱེས་ཚེས་ནོར་བཅོས་མ་བྱས་པ་དེ་སྲིད་དུ་ཁོ་མོ་སློབ་གྲྭར་འགྲོ་བའི་གོ་སྐབས་མེད་པར་གྱུར་ཡོད། 

འདྲ་པར་འདི་༢༠༡༣ཟླ་༡༡པའི་ནང་སྨན་ཁང་དུ།

གཞོན་ནུ་དཔལ་ལྡན་གྱི་བུ་མོ་སློབ་འཇུག་བྱེད་པར་བཀག་འགོག་བྱས་པ་དེས། རྒྱ་ནག་གཞུང་གིས་སྡེབ་གཅིག་ལ་ཚང་མར་ཉེས་ཆད་གཅོད་པའི་དཔེ་མཚོན་འདི་སྤྱད་ནས། སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་རྣམས་ཁུ་སིམ་མེར་འདུག་དགོས་པ་བཟོས་པ་དང་། ཞི་རྒོལ་ལས་འགུལ་སྤེལ་མཁན་བོད་མི་གཞན་རྣམས་ལ་ཡང་འཇིགས་སྐུལ་གྱི་ཉེན་བརྡ་གཏོང་གི་ཡོད། 

ཉེ་བའི་ལོ་ཤས་རིང་ཉེས་ཆད་བཅད་དེ་རང་ལུས་མེར་སྲེག་དང་། ཆོས་ལུགས་བྱེད་སྒོར་མཉམ་ཞུགས་བྱེད་པ། སྲིད་གཞུང་ལ་ངོ་རྒོལ་བྱེད་པ་སོགས་ཀྱི་ལས་འགུལ་རིགས་མཚམས་འཇོག་ཡོང་ཐབས་བྱེད་ཀྱི་ཡོད་པ་མ་ཟད། ཉེས་ཆད་དེ་རིགས་ལས་འགུལ་ལ་མ་ཞུགས་པའི་མང་ཚོགས་དཀྱུས་མ་ལའང་ཕོག་གི་ཡོད། རྒྱ་ནག་གཞུང་གིས་ཉེས་ཅན་དུ་ངོས་འཛིན་བྱེད་པ་གང་དེ་དངོས་སུ་འཛིན་མ་ཐུབ་ཚེ། དེ་དང་འབྲེལ་ཡོད་ཕ་མ་དང་། སྤུན་མཆེད། གྲོགས་པོ་སོགས་ལ་ཉེས་པ་གཏོང་གི་ཡོད། དེ་ནི་རྒྱལ་སྤྱིའི་ཁྲིམས་ལུགས་དང་ཡོངས་སུ་འགལ་བའི་བྱ་སྤྱོད་ཅིག་ཡིན། 

འདི་ག་ལྟེ་གནས་ཁང་གིས་གཞོན་ནུ་དཔལ་ལྡན་གྱི་ད་ལྟའི་གཟུགས་པོའི་གནས་སྟངས་སྐྱོ་བོ་ཡིན་པ་དང་ཁོང་གི་བུ་མོ་ལ་དབྱེ་འབྱེད་ཀྱི་ལྟ་ཚུལ་བཟུང་བར་བློ་ཕམ་དང་བཅས་རེ་སྐུལ་ཞུ་དོན། རྒྱ་ནག་གཞུང་གིས་གཞོན་ནུ་དཔལ་ལྡན་གྱི་གཟུགས་པོའི་འཕྲོད་བསྟེན་ལ་སྨན་བཅོས་ཀྱི་མཐུན་སྦྱོར་དང་ཁོང་གི་བུ་མོ་རྣམ་རྒྱལ་སྒྲོལ་མ་གང་མགྱོགས་སློབ་གྲྭ་ལ་ཞུགས་འཇུག་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད། ཧང་སང་བ་ཞིག་ལ་རྒྱ་ནག་གཞུང་གི་ལྟ་སྲུང་ཁང་དང་བཙོན་ཁང་དུ། ཡ་ང་སྙིང་རྗེ་མེད་པར་ཁྲིམས་ལུགས་དང་འགལ་བའི་མནར་གཅོད་གཏོང་བའི་སྦྱོར་བ་མཚམས་མ་ཆད་པར་རྩོམ་གྱི་ཡོད་པ་གསལ་པོ་རེད། དཔེར་ན། ཁྲིམས་ཐག་མ་བཅད་སྔོན་ལ་མི་སྤྱོད་ལས་འདས་པའི་མནར་གཅོད་ཚད་མེད་བཏང་བའི་གཞོན་ནུ་དཔལ་ལྡན་གྱི་གནས་སྟངས་ལྟ་བུ་རེད། དེ་བཞིན་ཁྲིམས་ཐག་བཅད་རྗེས་སྨན་བཅོས་ཀྱི་མཐུན་རྐྱེན་མེད་པས་འོག་བཙོན་འོག་ཏུ་འདས་གྲོངས་སུ་ཕྱིན་པ་སོགས་ཀྱི་གྲངས་འབོར་སྔར་ལས་ཇེ་མང་དུ་འགྲོ་བཞིན་ཡོད། གཞོན་ནུ་དཔལ་ལྡན་གྱི་གནས་སྟངས་འདི་ལས་རྒྱ་ནག་གཞུང་གིས་ཕྱི་ལོ་༡༩༨༨ ལོར་རྒྱལ་སྤྱིའི་ལྷན་ཚོགས་སུ་ཁས་ལེན་གཏན་འབེབས་བྱས་པའི་མི་སྤྱོད་ལས་འདས་པའི་མནར་གཅོད་དང་ཡ་ང་བྲལ་བའི་ཉེས་ཆད་ལ་རྒོལ་བའི་གྲོས་དོན་ལག་ལེན་དོན་འཁྱོལ་ཡོང་གི་མེད་པ་ར་སྤྲོད་བྱུང་ཡོད།

དབལ་བཎ་མི་དམངས་སྲིད་གཞུང་གི་ཡིག་ཆ་དང་རྣམ་རྒྱལ་སྒྲོལ་མའིཔར་མཉམ་སྦྱར།

བུ་མོ་རྣམ་རྒྱལ་སྒྲོལ་མ་སློབ་འཇུག་བཀག་འགོག་བྱས་པ་དེས། རྒྱ་ནག་གཞུང་གིས་ཕྱི་ལོ་༡༩༨༡ དང་ཕྱི་ལོ་༡༩༩༢ ལོ་བཅས་སུ་བྱིས་པའི་ཐོབ་ཐང་དང་མི་རིགས་དབྱེ་འབྱེད་མེད་པའི་གྲོས་དོན་གཏན་འབེབས་གཉིས་ལ་ཁས་ལེན་བྱས་པ་རྡོག་རོལ་གཏོང་བཞིན་པ་མཚོན་གྱི་ཡོད། 

རྒྱ་གཞུང་གིས་བོད་ཀྱི་བྱིས་པ་ཚོའི་ཐོབ་ཐང་ལ་བརྩི་འཇོག་དང་བོད་ཀྱི་བྱིས་པ་ཚོར་དབྱེ་འབྱེད་མེད་པར་སློབ་སྦྱོང་གི་མཐུན་རྐྱེན་སྦྱོར་བར་འགན་འཁུར་དགོས། དེ་བཞིན་རྒྱ་ནག་གཞུང་གིས་འདྲི་རྩད་དང་བཀག་ཉར་བྱེད་པའི་གནས་སྐབས་སུ་མནར་གཅོད་གཏོང་བ་མཚམས་འཇོག་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མནར་གཅོད་ལ་རྒོལ་བའི་གཏན་འབེབས་གྲོས་དོན་ལག་ལེན་དོན་འཁྱོལ་ཡོང་བ་བྱ་དགོས།

བཙོན་པ་རྣམས་ལ་མནར་གཅོད་དང་སྟངས་འཛིན་ལོག་པ་བྱས་ཚེ། རྒྱ་ནག་གཞུང་གི་བཙོན་ཁང་དང་བཀག་ཉར་ཁང་གི་ལས་བྱེད་ཚོར་འགན་ཁུར་འཇུག་དགོས་ལ་ཞིབ་འཇུག་བྱ་དགོས། གཞན་ཡང་བཙོན་པ་རྣམས་ལ་སྨན་བཅོས་ལྟ་སྐྱོང་ཚུལ་བཞིན་བྱ་དགོས་ལ། བཙོན་འོག་ཏུ་གྲོངས་པའི་བཙོན་པ་ཚོའི་གནས་སྟངས་ལ་རང་དབང་ཅན་གྱི་འཕྲོད་བསྟེན་ཚོགས་པ་དང་བཟའ་མི་ཚོར་རྟོགས་ཞིབ་བྱ་འཇུག་དགོས། 

གཞོན་ནུ་དཔལ་ལྡན་ནི་རྨ་ཆུ་རྫོང་དུ་ཕྱི་ལོ་༢༠༠༨ ལོའི་ཟླ་གསུམ་པའི་ནང་རྒྱ་གཞུང་ལ་ཞི་རྒོལ་ལས་འགུལ་སྤེལ་བའི་ནང་ཞུགས་ཡོད་པར་བསྙད་དེ་འཛིན་བཟུང་བཙོན་འཇུག་བྱས་པ་ཞིག་ཡིན་ལ། ཁོང་གི་བཟའ་ཟླའི་མིང་ལ་ཚེ་རིང་བདེ་སྐྱིད་དམ་སྣང་འཚོ་ཟེར་བ་དང་ལོ་༢༨ཡིན། ཁོང་གཉིས་ལ་བྱིས་པ་བུ་གཅིག་དང་བུ་མོ་གཉིས་བཅས་ཁྱོན་བསྡོམས་བྱིས་པ་གསུམ་ཡོད་འདུག

About Tibetan Section TCHRD

Check Also

བོད་སྐད་ཡིག་སློབ་གསོའི་ཐོབ་ཐང་དོན་གཉེར་བ་བཙོན་འཇུག་བྱས་པ་ནི། རྒྱ་གཞུང་གི་མི་རིགས་དབྱེ་འབྱེད་ཀྱི་སྲིད་ཇུས་དེས་བོད་མིའི་རིག་གཞུང་ངོ་བོ་དང་བཅས་པ་རྩ་མེད་གཏོང་གི་ཡོད་པ་གསལ་བོར་བསྟན་ཡོད།

འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ངོས་ནས་རྒྱ་གཞུང་གིས་བོད་སྐད་ཡིག་སློབ་གསོའི་ཐོབ་ཐང་དོན་གཉེར་བ་བཀྲ་ཤིས་དབང་ཕྱུག་ལ་རྒྱལ་ཁབ་ཁ་བྲལ་གྱི་སྐུལ་སློང་བྱས་པའི་ནག་ཉེས་བཙན་འགེལ་འོག་མི་ལོ་༥ ཡི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་དེ་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད། ནེའུ་ཡོག་དུས་བབ་ཀྱིས། བཀྲ་ཤིས་དབང་ཕྱུག་ནས་རྒྱ་ནག་ས་གནས་སྲིད་གཞུང་གིས་བོད་སྐད་ཡིག་རིག་གཞུང་དར་སྤེལ་དང་སྲུང་སྐྱོབ་འཐུས་ཤོར་གཏོང་གིན་པའི་གནས་ཚུལ་གོང་རིམ་ལ་ཞུ་གཏུག་བྱས་པའི་སྐོར་གྱི་བརྙན་ཐུང་ཞིག་བརྒྱུད་ལམ་དུ་སྤེལ་རྗེས། ཕྱི་ལོ་༢༠༡༦ ཟླ་༡ ཚེས་༢༧ ཉིན་བཀྲ་ཤིས་དབང་ཕྱུག་གང་བྱུང་བཀག་ཉར་བྱས་ཤིང་། ཧ་ལམ་འདས་པའི་མི་ལོ་༢ རིང་ཁོང་གང་བྱུང་བཀག་ཉར་བྱས་ཏེ་འདི་ལོའི་ཕྱི་ཟླ་༡ ནང་ཁྲིམས་ར་ཚོགས་ཀྱང་དཔྱད་ཁྲ་མ་བསྒྲགས་པར་གྲོལ་ཡོད་པ་རེད། ཁ་སང་བོད་ནང་ཞོགས་པའི་ཆུ་ཚོད་༩།༣༠ སྟེང་ཡུལ་ཤུལ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་ཁྲིམས་བཤེར་དཔྱད་ཁྲ་བསྒྲགས་ཤིང་། བཀྲ་ཤིས་དབང་ཕྱུག་གི་ཁྲིམས་རྩོད་པ་ལིན་ཞོ་ཅུན་གྱིས་ཊི་ཝི་ཊིར་སྟེང་བཀྲ་ཤིས་དབང་ཕྱུག་ལ་ཁྲིམས་ཐག་བཅད་པའི་སྐོར་གྱི་གནས་ཚུལ་སྤེལ་ཏེ། པེ་ཅིན་ནས་ཁྲིམས་རྩོད་པའི་ཐོབ་ཐང་ལག་འཁྱེར་ལ་ལོ་འཁོར་ཞིབ་དཔྱོད་བྱེད་ཀྱི་ཡོད་པས་དང་། …

Leave a Reply

Your email address will not be published. Required fields are marked *