Thursday , December 13 2018
Home / གསར་འགྱུར། / རང་ལུས་མེར་བསྲེགས་གནང་སྟེ་འདས་གྲོངས་སུ་གྱུར་བའི་བོད་མི་ཞིག་གི་ཕ་རྒྱ་གཞུང་གིས་བཀག་ཉར་བྱས་འདུག

རང་ལུས་མེར་བསྲེགས་གནང་སྟེ་འདས་གྲོངས་སུ་གྱུར་བའི་བོད་མི་ཞིག་གི་ཕ་རྒྱ་གཞུང་གིས་བཀག་ཉར་བྱས་འདུག

བོད་མི་ཞིག་གིས་རྒྱ་གཞུང་ལ་ཞི་རྒོལ་གྱི་རང་ལུས་མེར་བསྲེགས་གནང་ཏེ་ཟླ་འདིའི་ཚེས་༢༤་ཉིན་གྱི་ཞོགས་པ་སྔ་དྲོ་སྐུ་འདས་གྲོངས་སུ་གྱུར་ཡོད་པ་དང་དམ་པ་ཁོང་གི་ཕ་རྒྱ་གཞུང་གིས་ནག་ཉེས་ཁ་གསལ་མེད་པར་བཀག་ཉར་བྱས་ཡོད་པ་རེད་འདུག ད་ལྟ་དགོང་ལོ་༣༠་ལོན་པའི་རྒྱལ་གཅེས་དཔའ་བོ་དཀོན་པེ་མཆོག་གིས་ཟླ་འདིའི་ཚེས་༢༣་ཕྱི་དྲོ་དུས་ཚོད་༦་ཡས་མས་ལ་མདོ་སྨད་ཟི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་རང་སྐྱོང་ཁུལ་རྔ་བ་རྫོང་དུ་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་རྩུབ་ཀྱི་སྲིད་ཇུས་ལ་རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ་གནང་ཡོད་པ་རེད་འདུ

སྤྱི་ཚོགས་དྲ་རྒྱའི་ནང་སྤེལ་ཡོད་པའི་སྐར་ཆ་དྲུག་ཅན་གྱི་བརྙན་ཐུང་ཞིག་གི་ནང་དུ་རྒྱལ་གཅེས་དཔའ་བོ་ཁོང་གི་སྐུ་གཟུགས་ཡོངས་རྫོགས་མེ་ལྕེ་ཡིས་བཏུམས་ནས་རྒྱུགས་བཞིན་འདུག ཉེ་འཁྲིས་སུ་ཡོད་པའི་བུད་མེད་ཅིག་གིས་རྒྱལ་དབང་བསྟན་འཛིན་རྒྱ་མཚོ་ཚང་། ཁྱེད་ཀྱི་ཐུགས་རྗེས་གཟིགས་དགོས་ཟེར་བཞིན་ངུ་ངག་གི་ཀློང་ནས་སྐད་འབོད་གསོལ་འདེབས་གནང་བཞིན་པ་གོ་ཐུབ། འཁྲིས་ཀྱི་བོད་མི་གཞན་རྣམས་ཀྱིས་ཀྱང་བོད་ཀྱི་སྲོལ་རྒྱན་ལྟར་ཀེ་ཧེ་ཧེ་ཞེས་པའི་ངོ་རྒོལ་དང་འགོག་རྒོལ་གྱི་འབོད་སྒྲ་སྒྲོག་བཞིན་པ་གསལ་བོ་གོ་ཐུབ་ཀྱི་འདུག

རྒྱལ་གཅེས་དཔའ་བོ་དཀོན་པེ་ལགས་ཀྱི་སྐུ་གཟུགས་ཡོངས་སུ་མེ་ཤུགས་ཆེན་པོ་འབར་བའི་རྐྱེན་ཀྱིས་ཁོང་གིས་འབོད་སྒྲ་གང་ཞིག་བསྒྲགས་ཡོད་མེད་གསལ་བོ་ཤེས་རྟོགས་བྱུང་ཡོད་པ་མ་རེད། དེ་མ་ཐག་ས་གནས་ཉེན་རྟོག་པ་སླེབས་ཏེ་དམ་པ་ཁོང་གི་ལུས་སྟེང་དུ་འབར་བཞིན་པའི་མེ་བསད་པ་དང་འབར་ཁམས་སུ་འཁྱེར་ནས་མཚན་གྱི་ཆུ་ཚོད་༡༠ ་ཙམ་ལ་སྨན་ཁང་དུ་སླེབས་ཡོད་ཀྱང་། ཕྱི་ཚེས་༢༤ ཉིན་གྱི་ཞོགས་ཀའི་ཆུ་ཚོད་༥ ཙམ་ལ་སྐུ་འདས་གྲོངས་སུ་གྱུར་ཡོད་པ་རེད་འདུག རྒྱ་ནག་གཞུང་གིས་འབར་ཁམས་སུ་རུས་ཐལ་ལེན་པར་ཡོང་དགོས་སྐོར་བཤད་པ་ལྟར་སོང་བར་དཀོན་པེའི་རུས་ཐལ་རེད་ཟེར་བ་ཞིག་ནང་མི་ལ་སྤྲད་ཡོད་པ་དང་། ད་ལྟ་ཤུལ་ལུས་ནང་མི་ཉེ་འབྲེལ་ཚོས་སྐུ་གཤེགས་དཔའ་བོ་ཁོང་གི་འདས་མཆོད་སྒྲུབ་བཞིན་ཡོད་པ་རེད་འདུག

འདི་ག་ལྟེ་གནས་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། རྒྱལ་གཅེས་དཔའ་བོ་ཁོང་གི་ཕ་རྒྱ་སྐྱབས་ལགས་དམ་པ་ཁོང་གི་སྨན་བཅོས་ཀྱི་རྩིས་ཁྲ་གསལ་བོར་བཟོ་དགོས་པར་ཁ་གཡར་ཏེ་ཟླ་འདིའི་ཕྱི་ཚེས་༢༥་ཡི་དགོང་མོ་ད་དུང་འབར་ཁམས་ཉེན་རྟོག་ཁང་དུ་བཀག་ཉར་བྱས་ཡོད་པ་རེད་འདུག རྒྱ་གཞུང་གིས་གནས་ཚུལ་བཀག་སྡོམ་བྱས་པའི་རྐྱེན་གྱིས་ཕ་རྒྱ་སྐྱབས་ལགས་ཀྱི་ད་ལྟའི་གནས་བབས་གསལ་བོ་ཤེས་རྟོགས་ཐུབ་མེད། རྒྱ་གཞུང་གིས་རང་ལུས་མེར་བསྲེགས་གནང་མཁན་གྱི་ནང་མི་རྣམས་ལ་ནག་ཉེས་གང་ཡང་མེད་ནའང་ཡུན་རིང་བཀག་ཉར་བྱེད་ཀྱི་ཡོད་པ་དེ་རྒྱུན་ལྡན་ཞིག་རེད་འདུག

ལོ་ཁ་ཤས་ནང་རྒྱ་གཞུང་གིས་བོད་ནང་རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་འགོག་ཐབས་ཆེད་བོད་མི་རྣམས་བཙན་ཁྲིད་དང་མཉམ་སྦྲེལ་ཉེས་ཆད་བཏང་དང་གཏོང་བཞིན་ཡོད་པ་རེད་འདུག ༢༠༡༢་ཡས་མས་སུ་རང་ལུས་མེར་བསྲེགས་དང་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་གྱིས་རྐྱེན་པས་བོད་མི་ཁྱིམ་ཚང་དང་ཡུལ་ཚོ་མང་པོ་ཞིག་ལ་ཉེས་པ་བཏང་ཡོད་པ་རེད། ས་གནས་སྲིད་གཞུང་གིས་རང་ལུས་མེར་སྲེག་གནང་མཁན་གྱི་ནང་མི་སྤུན་མཆེད་དང་ཡུལ་ཚོ་དགོན་པ་རྣམས་ལ་མཉམ་སྦྲེལ་གྱི་ཉེས་ཆད་གཏོང་དགོས་པའི་བཀོད་ཁྱབ་བཏང་ཡོད་ལ། དེ་སྔོན་གྱི་བཀོད་ཁྱབ་ཞིག་གི་ནང་དུ་ཡུལ་མི་ཚོར་རང་ལུས་མེར་བསྲེགས་གནང་མཁན་གྱི་ནང་མི་དང་འབྲེལ་བ་བྱེད་མི་ཆོག་པ་དང་། གདུང་སེམས་མཉམ་བསྐྱེད་བྱེད་མི་ཆོག་པ། མ་ཟད་རང་ལུས་མེར་བསྲེགས་གནང་མཁན་ཚོ་དང་འབྲེལ་ཡོད་ཀྱི་ལས་བྱེད་ཚོར་ཟླ་ཕོགས་སྤྲོད་པ་དང་མི་མང་ལ་རོགས་དངུལ་ཏོག་ཙམ་སྤྲོད་ཀྱི་ཡོད་པའང་མཚམས་འཇོག་བྱེད་དགོས་པ། གལ་སྲིད་ས་གནས་གང་ཞིག་ཏུ་རང་ལུས་མེར་བསྲེགས་གཏོང་མཁན་མང་པོ་བྱུང་ཚེ་རྒྱ་གཞུང་གིས་ས་གནས་དེར་ལོ་གསུམ་རིང་གི་ལས་གཞི་ཡར་རྒྱས་འཛུགས་སྐྲུན་བྱེད་པ་མཚམས་འཇོག་བྱེད་དགོས་པ། ཡུལ་དེའི་དཔོན་རིགས་ཚོ་ལའང་ལོ་གཅིག་གི་རིང་གོ་གནས་འཕར་མི་ཆོག་པ་ད་དུང་མི་མང་གི་དཀྱིལ་དུ་སྐྱོན་བརྗོད་བྱེད་དུ་འཇུག་དགོས་པ་སོགས་འཁོད་ཡོད་པ་རེད་འདུག

ཕྱི་ཚེས་༢༤ དང་༢༥ ཉིན་གཉིས་ལ་རྔ་བ་རྫོང་གི་བོད་པའི་ཟ་ཁང་དང་ཚོང་ཁང་ཚང་མ་སྒོ་བརྒྱབ་སྟེ། རྒྱལ་གཅེས་དཔའ་བོ་དཀོན་པེ་མཆོག་དང་ཁོང་གི་ནང་མི་ཚོར་གདུང་སེམས་མཉམ་བསྐྱེད་དང་སྐྱིད་སྡུག་མཉམ་མྱོང་གནང་ཡོད་པ་རེད་འདུག

འདི་ག་ལྟེ་གནས་ཁང་གིས་རྒྱ་ནག་གཞུང་ལ་འབོད་སྐུལ་ཞུ་རྒྱུར། ཕ་རྒྱ་སྐྱབས་ལགས་ཆ་རྐྱེན་གང་ཡང་མེད་པའི་ཐོག་གློད་གྲོལ་ངེས་པར་དུ་གཏོང་དགོས། ཁོང་གི་ནང་མི་དང་སྤུན་མཆེད་ཚོར་སུན་གཙེར་དང་བཀག་ཉར་བྱེད་མི་ཆོག རྒྱ་གཞུང་གིས་རང་ལུས་མེར་བསྲེགས་དང་ངོ་རྒོལ་བྱེད་མཁན་རྣམས་ལ་དྲག་གནོན་གྱི་སྲིད་ཇུས་ཡོངས་རྫོགས་མཚམས་བཞག་ནས་ཁོང་ཚོའི་ངོ་རྒོལ་གྱི་གཞི་རྩ་གང་ཡིན་ཞིབ་འཇུག་མཐར་ཕྱིན་གྱིས་མི་མང་གི་མངོན་འདོད་བསྒྲུབ་དགོས།

སྐུ་གཤེགས་དཀོན་པེ་ལགས་ནི་རྒྱ་གཞུང་གིས་དབྱེ་བགོས་བྱས་པའི་རྔ་བ་བོད་རིགས་རང་སྐྱོང་ཁུལ་རྔ་བ་རྫོང་གཅའ་ཡུལ་ཚོའི་ཕྱུགས་ལས་གོང་མ་ནས་ཡིན་ཡང་། ཁོང་མ་འདས་པའི་སྔོན་ལ་རྨེའུ་རུ་མའི་རུ་ཆེན་གཉིས་པའི་རྭ་བ་ཚང་གི་བུ་མོ་སྐལ་བཟང་ལྷ་མོའི་མག་པར་སླེབས་ནས་ལོ་གཅིག་ལྷག་འགོར་ཡོད་པ་རེད་འདུག

ཕ་མིང་ལ་རྒྱ་སྐྱབས། མ་མིང་ལ་འཕྲིན་ལྡོག ཁོང་ལ་སྤུན་གཉིས་དང་སྲིང་མོ་གསུམ་ཡོད་པ་ལས་སྤུན་གཅིག་རྔ་བ་ཀིརྟི་དགོན་དུ་གྲྭ་བ་བྱས་ཡོད་པ་རེད་འདུག དཀོན་པེ་ལགས་ནི་ཆུང་ཆུང་སྐབས་སུ་རྔ་བ་ཀིརྟི་དགོན་དུ་གྲྭ་བ་བྱས་ནས་རྗེས་སུ་སྐྱ་སར་བབ་པ་ཞིག་ཡིན་པ་རེད་འདུག

རྒྱལ་གཅེས་དཔའ་བོ་དཀོན་པེ་ལགས་ནི་བོད་ནང་དུ་རང་ལུས་མེར་བསྲེགས་གནང་མཁན་༡༥༢་པ་དེ་ཆགས་ཡོད་པ་རེད་ལ། ད་བར་དུ་བོད་ཕྱི་ནང་གཉིས་སུ་རང་ལུས་མེར་བསྲེགས་གནང་མཁན་༡༦༢བྱུང་ཡོད་པ་རེད་འདུག

About Tibetan Section TCHRD

Check Also

གཞུང་འབྲེལ་མིན་པའི་ཚོགས་པའི་ངོས་ནས་རྒྱལ་ཚོགས་ཀྱི་རྒྱ་གཞུང་དུས་བཀག་བསྐྱར་ཞིབ་ཐོག་ཞུ་གཏུག་སྙན་ཐོ་ཕུལ་ཡོད།

ཕྱི་ལོ་༢༠༡༨ ཟླ་༡༡ ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡོངས་ཁྱབ་དུས་བཀག་བསྐྱར་ཞིབ་འཚོགས་འཆར་ཡོད་པ་ལྟར། འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐོང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ངོས་ནས། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དུས་བཀག་བསྐྱར་ཞིབ་ཐེངས་གསུམ་པའི་ཐོག་ཞུ་གཏུག་སྙན་ཐོ་ཕུལ་ཡོད། ཞུ་གཏུག་སྙན་ཐོ་དེ་ཕྱི་ལོ་༢༠༡༨ ཟླ་༣ ཚེས་༢༩ ཉིན་ཕུལ་ཡོད་ལ། སྙན་ཐོའི་ནང་དུ་དམིགས་བསལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་གང་བྱུང་བཀག་ཉར། སྡུག་སྦྱོང་མནར་གཅོད། སྨྲ་བརྗོད་རང་དབང་། ཆོས་ལུགས་དད་མོས་རང་དབང་། སྒེར་དབང་ཐོབ་ཐང་སོགས་ཀྱི་དངོས་ཡོད་གནས་སྟངས་ཞུས་ཡོད། རྒྱ་གཞུང་གི་དུས་བཀག་སྐྱར་ཞིབ་ཐེངས་གསུམ་པའི་ཉན་ཞིབ་དོགས་འདྲིའི་སྐབས་སུ། …

Leave a Reply

Your email address will not be published. Required fields are marked *