Friday , September 21 2018
Home / གསར་འགྱུར། / བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཕྱི་ལོ་༢༠༡༧ ལོའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོར་སྤེལ་བའི་བསྒྲགས་གཏམ།

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཕྱི་ལོ་༢༠༡༧ ལོའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོར་སྤེལ་བའི་བསྒྲགས་གཏམ།

ཕྱི་ཟླ་༡༢ ཚེས་༡༠ ཉིན་ནི། འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་བའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་ཡིན། འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་དེ་ནི་འགྲོ་བ་མི་ཚང་མར་གཅིག་མཚུངས་དང་ལྷན་སྐྱེས་སུ་གཞི་རྩའི་ཐོབ་ཐང་དང་རང་དབང་ཡོད་པར་གསལ་འདེབས་ཀྱི་ཡིག་ཆ་ཐོག་མ་ཡིན་ལ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལུགས་རྩ་འཛིན་ཡིག་ཆར་ངོས་འཛིན་བྱེད་ཀྱི་ཡོད། དེ་ནི་ཁྲིམས་ལུགས་དང་རིག་གཞུང་སྣ་ཚོགས་ཀྱི་རྒྱབ་ལྗོངས་ཡོད་པའི་འཐུས་མི་མང་པོ་འཛོམས་ཏེ་ཟིན་བྲིས་སུ་བཏབ་པ་ཞིག་ཡིན། སྐབས་དེའི་འཐུས་མིའི་ནང་ཕྱི་སྲིད་ལས་དོན་པ་དང་མཚན་ཉིད་རིག་པ་བར་གྲགས་པའི་རྒྱ་རིགས་ཕེང་ཆོན་ཆང་ Peng-chun Chang ཡང་མཉམ་ཞུགས་བྱས་ཡོད། ཁོང་ནི་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཞོན་གནང་མྱོང་མཁན་ཞིག་ཀྱང་ཡིན།

 གལ་གནད་ཆེ་བའི་ཡིག་ཆ་འདི་ཡོངས་ཁྱབ་གསལ་བསྒྲགས་བྱས་པར་སྲུང་བརྩི་དང་བསྐྱར་ནན་དུ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ཡང་མཉམ་འབྲེལ་རྒྱལ་ཚོགས་ངོས་ནས་ལོ་རྗེས་མར་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཏེ་ལོ་བདུན་ཅུ་འཁོར་བའི་དུས་དྲན་སྲུང་བརྩིའི་ཆེད་ལོ་ཧྲིལ་བོར་ལས་འགུལ་སྤེལ་བའི་ལས་འཆར་ལ་མཉམ་ཞུགས་བྱེད་ཀྱི་ཡོད། འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་འདི་ནི་ཕྱི་ལོ་༡༩༤༨ ཟླ་༡༢ ཚེས་༡༠ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་གཏན་འབེབས་གནང་བའི་ལོ་རྒྱུས་རང་བཞིན་ཅན་གྱི་ཡིག་ཆ་ཞིག་ཡིན་ལ། དེས་ཡུལ་དུས་གནས་བབས་གང་དུ་ཡང་དཔལ་འབྱོར་དང་། སྤྱི་ཚོགས། ཆབ་སྲིད། རིག་གཞུང་། སྤྱི་དམངས་ཀྱི་ཐོབ་ཐང་བཅས་ནི་ཀུན་ལ་ཁྱབ་པ་དང་། ལྷན་སྐྱེས་སུ་ཡོད་པ། དབྱེ་འབྱེད་མེད་པ། ཕན་ཚུན་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན་པའི་ཁག་ཐེག་བྱེད་ཀྱི་ཡོད།

འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་ནི་བོད་ཀྱི་རང་དབང་འཐབ་རྩོད་ཀྱི་ལོ་རྒྱུས་ཁྲོད་དུའང་གལ་འགངས་ཆེན་པོ་ཆགས་ཡོད། ཕྱི་ལོ་༡༩༨༨ ལོར་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་འདི་ལ་ངོས་འཛིན་ཐོག་མར་བྱས་ཤིང་། དེ་ནི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ནས་ལོ་ངོ་བཞི་བཅུ་འཁོར་བའི་རྗེས་སུ་ཡིན། ཕྱི་ལོ་ཆིག་སྟོང་དགུ་བརྒྱ་བརྒྱད་ཅུ་གྱ་གྲངས་ནང་བོད་ནང་རྒྱ་གཞུང་ལ་ངོ་རྒོལ་ལས་འགུལ་མང་པོ་བྱུང་ཞིང་། ད་ལྟའི་ཆར་ཡང་ཕྱོགས་མང་པོ་ནས་རྒྱ་གཞུང་ལ་ངོ་རྒོལ་ལས་འགུལ་རྒྱུན་མར་འབྱུང་བཞིན་ཡོད། ལོ་རབས་ཁ་ཤས་རིང་རིག་གནས་གསར་བརྗེ་ཡིས་བསྐྱེད་པའི་མི་སྤྱོད་ལས་འདས་པའི་བཙན་གནོན་གྱི་སྡུག་བསྔལ་མ་བཟོད་པར་བོད་མི་རྣམས་བོད་ཀྱི་རྒྱལ་ས་ལྷ་སའི་གཞུང་ལམ་དུ་འདུ་འཛོམས་ཀྱིས་རྒྱ་ནག་གི་དབང་འཛིན་ལ་སྐྱོན་བརྗོད་དང་། འགྲོ་བ་མིའི་ཐོབ་ཐང་དང་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དགོས་པའི་རེ་འདུན་བཏོན་ཡོད། ཕྱི་ལོ་༡༩༨༧ ཟླ་༩ ནས་ཕྱི་ལོ་༡༩༨༩ ཟླ་༣ བར་ལྷ་ས་རུ་རྔམ་སྟོན་ཁྲོམ་སྐོར་ཐེངས་ཉིས་བརྒྱ་ཙམ་བྱུང་ཡོད། ཞི་བའི་རྔམ་སྟོན་ཁྲོམ་སྐོར་བྱས་རྐྱེན་བཙོན་ལ་བཅུག་པ་ཚོའི་ཁྲོད་འབྲས་སྤུངས་དགོན་གྱི་དགེ་འདུན་པ་བཅུ་ཡོད་ལ། ཁོང་ཚོ་ཕྱི་ལོ་༡༩༨༧ ཟླ་༩ ནང་འཛིན་བཟུང་བཀག་ཉར་བྱས་ཤིང་། ཕྱི་ལོ་༡༩༨༨ ཟླ་༡ ནང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གནོན་ཤུགས་ལ་བརྟེན་ནས་གློད་གྲོལ་ཐོབ་ཡོད། ཁོང་ཚོ་གློད་གྲོལ་བཏང་ནས་ཡུན་རིང་མ་འགོར་བར། ངག་དབང་ཕུལ་བྱུང་གིས་འགོ་ཁྲིད་དེ་བོད་ཡིག་ཐོག་བསྒྱུར་བའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་དཔར་འགྲེམས་བྱས་ཤིང། ཕྱི་ལོ་༡༩༨༨ ཟླ་༡༢ ཚེས་༡༠ ཉིན་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ནས་ལོ་༤༠ འཁོར་བའི་དུས་དྲན་གྱི་ཉིན་མོ་དང་འབྲེལ་གཞི་རྒྱ་ཆེ་བའི་རྔམ་སྟོན་ཁྲོམ་སྐོར་བྱས་ཡོད།

ཕྱི་ལོ་༡༩༨༩ ཟླ་༡༡ ཚེས་༣༠ ཉིན་ལྷ་ས་རུ་མི་མང་འདུ་འཛོམས་སར་དགེ་འདུན་པ་བཅུ་པོ་དེས་ལོག་སྤྱོད་ཀྱི་ཡིག་ཆ་བཀྲམ་པ་དང་སྤྱི་ཚོགས་རིང་ལུགས་དམངས་གཙོའི་ལམ་ལུགས་ལ་སྐུར་འདེབས་བྱས་པའི་ནག་ཉེས་བསགས་ཚུལ་བསྒྲགས་ཡོད། ལོག་སྤྱོད་ཀྱི་ཡིག་ཆ་ཟེར་བའི་གྲས་སུ་དགེ་འདུན་པ་དེ་དག་གིས་ཤིང་དཔར་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་བོད་འགྱུར་མ་དེ་ཚུད་ཡོད། སྐབས་དེར་ངག་དབང་ཕུལ་བྱུང་དང་འཇམ་དཔལ་བྱང་ཆུང་གཉིས་ལ་ལོ་བཅུ་དགུའི་བཙོན་འཇུག་ཁྲིམས་ཆད་དང་། ངག་དབང་འོད་ཟེར་དང་ངག་དབང་རྒྱལ་མཚན་གཉིས་ལ་ལོ་བཅུ་བདུན་གྱི་བཙོན་འཇུག་ཁྲིམས་ཆད། འཇམ་དཔལ་བློ་བཟང་ལ་ལོ་བཅུའི་བཙོན་འཇུག་ཁྲིམས་ཆད། ངག་དབང་རིག་ཆེན་ལ་ལོ་དགུའི་བཙོན་འཇུག་ཁྲིམས་ཆད། འཇམ་དཔལ་སྨོན་ལམ་དང་ངག་དབང་ཀུན་དགའ། འཇམ་དཔལ་ཚེ་རིང་བཅས་ལ་ལོ་ལྔའི་བཙོན་འཇུག་ཁྲིམས་ཆད་བཅས་བཅད་ཡོད། འཇམ་དཔལ་མཁས་གྲུབ་ལ་ལོ་བཅུ་དགུའི་བཙོན་འཇུག་ཁྲིམས་ཆད་བཅད་ཅིང་ཕྱི་ལོ་༡༩༩༦ ཟླ་༧ ནང་ཁོང་ལ་མནར་གཅོད་བཏང་སྟེ་འདས་གྲོངས་སུ་གྱུར་ཡོད། ཁོང་ཚོར་བཙོན་འཇུག་ཁྲིམས་ཆད་ལྕི་མོ་བཅད་པ་དང་ལྟ་བ་ལོག་སྤྱོད་པའི་ནག་ཉེས་གཡོགས་པ་དེས་རྒྱ་ནག་སྲིད་གཞུང་གིས་དགེ་འདུན་པ་དེ་དག་གི་བསམ་བློ་ལ་དོགས་འདྲོག་ཇི་ཙམ་བྱེད་ཀྱི་ཡོད་པ་མཚོན་ཡོད།

དེ་རིང་ང་ཚོས་འབྲས་སྤུངས་དགོན་པའི་དགེ་འདུན་པ་བཅུ་པོ་དེ་དག་གཙོས་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་། རང་ཐག་རང་གཅོད་བཅས་ཀྱི་ཆེད་བློས་གཏོང་དང་ལེགས་སྐྱེས་འབུལ་མཁན་བོད་ནང་གི་བོད་མི་ཚོའི་མཛད་རྗེས་ལ་ངོས་འཛིན་དང་བརྩི་བཀུར་ཞུ་ཡི་ཡོད་ལ། འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་བོད་ཡིག་ཐོག་དཔར་འགྲེམས་བྱས་ནས་ལོ་ངོ་ཉེར་དགུ་འཁོར་བའི་དུས་དྲན་སྲུང་བརྩིའི་ཆེད། འདི་ག་ལྟེ་གནས་ཁང་གིས་མང་ཚོགས་ལ་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་སྐོར་ལ་གོ་རྟོགས་ཡོང་བའི་ལས་འགུལ་སྣ་ཚོགས་སྤེལ་ཏེ། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་དང་ཆབ་སྲིད་བཙོན་པ་ཚོའི་སྐོར་ལ་དམིགས་བསལ་དོ་སྣང་གིས། བོད་ནང་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་གོ་རྟོགས་དང་སྲུང་སྐྱོབ་ཡོང་ཐབས་བྱ་རྒྱུ། འབྲས་སྤུངས་དགོན་པའི་དགེ་འདུན་པ་བཅུ་པོ་དེས་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བར་ལེགས་སྐྱེས་ཕུལ་བ་རྗེས་དྲན་ཆེད། བོད་མི་རྒན་དར་གཞོན་གསུམ་དང་། སེར་སྐྱ་ཕོ་མོ་དབྱེར་མེད། ལས་རིགས་སྣ་ཚོགས་གཉེར་མཁན་ཚོས་བོད་ཡིག་ཐོག་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབས་གསལ་བསྒྲགས་ཀྱི་དོན་ཚན་སུམ་ཅུ་པོ་རེ་རེ་བཞིན་ཀློག་པའི་བརྙན་ཞིག་སྤེལ་ཡོད།

བོད་ནང་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་ཁྲིམས་འགལ་ཡིག་ཆར་བརྩིས་ནས་ལོ་སུམ་ཅུ་འཁོར་ལ་ཉེ་བ་དང་། མུ་མཐུད་བོད་མི་རྣམས་ལ་བཙན་གནོན་དང་འགྲོ་བ་མིའི་ཐོབ་ཐང་མེད་པའི་གནས་སུ་གྱར་ཡོད། དེ་ལྟར་ནའང་རྒྱ་ནག་གཞུང་གིས་འཆར་གཞི་ལྡན་པའི་སྒོ་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལ་ལོག་འགྲེལ་བྱེད་པ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཆིངས་ཡིག་ཁག་ལ་ངོས་ལེན་གྱི་མིང་རྟགས་འགོད་པ། འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མིར་ཞུགས་པ། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་སྡེ་ཚན་དུ་མཉམ་ཞུགས་བྱེད་པ་སོགས་ཀྱི་རྣམ་འགྱུར་བསྟན་ནས་རྒྱལ་སྤྱིའི་སྤྱི་ཚོགས་མགོ་རྨོངས་བར་བྱེད་ཀྱི་ཡོད། གང་ལྟར་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་རྩ་དོན་ཁག་ལ་བསྟུན་ཐབས་བྱེད་པའི་རྣམ་པ་ཇི་ཙམ་བསྟན་ཡང་དོན་དངོས་སུ་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་བསམ་བློ་ནི་ཉེན་ཁ་ཅན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། རྒྱ་ནག་གཞུང་གི་ངོས་ནས་བཤད་ན་འགྲོ་བ་མིའི་ཐོབ་ཐང་ནི་འགྲོ་བ་མི་ཚང་མར་ལྷན་སྐྱེས་སུ་ཡོད་པ་ཞིག་མིན་པར་དེ་སྲིད་གཞུང་ཞིག་གིས་མར་གནང་དགོས་པ་ལྟ་བུ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། འདི་ལྟ་བུའི་ངོས་འཛིན་ལོག་པ་དེས་ཀུན་གྱིས་ངོས་འཛིན་བྱེད་པའི་འགྲོ་བ་མིའི་ཐོབ་ཐང་དེ་རྒྱ་ནག་གཞུང་ངོས་ནས་དམིགས་བསལ་ཞིག་ལ་བགྲང་དགོས་པར་གྱུར་ཡོད། དེ་ལྟ་བུའི་དམིགས་བསལ་དེ་ལ་བརྟེན་ནས་ཡོངས་གྲགས་ཀྱིས་ངོས་ལེན་ཡོད་པའི་ལྟ་ཚུལ་རྣམས་ལ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཟེར་བའི་ཁྱད་ཚིག་དེ་སྦྱོར་དགོས་པ་ཆགས་ཀྱི་ཡོད།

བོད་ནང་མི་སྤྱོད་ལས་འདས་པའི་བཙན་གནོན་བྱེད་ཀྱི་ཡོད་པ་དེ་འཛམ་གླིང་མི་མང་གི་མཐོང་གི་མེད་མདོག་བྱེད་ཐུབ་ཐབས་མེད། འདས་མ་ཐག་པའི་ཟླ་བ་དེའི་ནང་དགུང་ལོ་དྲུག་ཅུ་རེ་གསུམ་ཡིན་པའི་དགེ་འདུན་པ་བསྟན་དགའ་ཡིས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་པ་དང་། ཁོང་ནི་ད་བར་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་བོད་མི་བརྒྱ་དང་ལྔ་བཅུ་ང་གཅིག་པ་ཆགས་ཀྱི་ཡོད། འཛམ་གླིང་ནང་སྲིད་གཞུང་སོགས་ཀྱི་སྟངས་འཛིན་མེད་པར་རང་དབང་གིས་ཉམས་ཞིབ་བྱས་པའི་གྲུབ་དོན་ནང་བོད་ནི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཞན་ཤོས་སུ་ངོས་འཛིན་བྱེད་ཀྱི་ཡོད། བོད་ལ་མཚོན་ན་དུས་རྒྱུན་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་རྣམས་རྡོག་རོལ་གཏོང་བ་སྲུང་སྐྱོབ་བྱ་ཐབས་མེད་པའི་གནས་སུ་གྱུར་ཡོད། ཕྱོགས་ཡོངས་ལ་དོགས་ཟོན་དང་བྱ་ར་བྱེད་པ། ཆབ་སྲིད་བསམ་བློ་དྲིལ་སྒྲོག་བྱེད་པ། འགྲོ་བ་མིའི་ཐོབ་ཐང་ལག་བསྟར་བྱེད་མཁན་མི་སྒེར་བ་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་རྣམས་ལ་སྲིད་གཞུང་གིས་བཙན་གནོན་བྱེད་པ་བཅས་ལས་བོད་ནི་བཙོན་ཁང་ཆེན་པོ་ཞིག་དང་གཉིས་སུ་མེད་པར་གྱུར་ཡོད།

འདི་ག་ལྟེ་གནས་ཁང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཁྱོན་ཡོངས་ལ། སྤྱིར་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བ་དང་ཡང་སྒོས་བོད་ནང་རྡོག་རོལ་གཏོང་བའི་གནས་སྟངས་ལ་རྒྱ་ནག་སྲིད་གཞུང་གིས་འགན་འཁུར་དགོས་པ་བྱ་དགོས་ལ། རྒྱ་ནག་གཞུང་དང་མཉམ་ལས་གནང་སྐབས་འགྲོ་བ་མིའི་ཐོབ་ཐང་གི་རྩ་དོན་གཙུག་ཏུ་འཛིན་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད། དེང་སྐབས་བོད་གཅིག་པུའི་གནད་དོན་མིན་པར་དབང་ཆ་གཅིག་གཅོད་རིང་ལུགས་པ་རྒྱ་ནག་སྲིད་གཞུང་གིས་འཛམ་གླིང་སྤྱིའི་རང་དབང་དང་། མང་གཙོ། འགྲོ་བ་མིའི་ཐོབ་ཐང་བཅས་ཉེན་ཁའི་གནས་སུ་སྐྱེལ་གྱི་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས་རིན་ཐང་ལྟ་ཚུལ་འདི་དག་ལ་རྒྱབ་སྐྱོར་དང་། ཁྱད་པར་དུ་ཡུན་རིང་བཙན་གནོན་གྱི་སྡུག་བསྔལ་མྱངས་ཤིང་འཚེ་མེད་ཞི་བའི་སྒོ་ནས་ཆབ་སྲིད་ཀྱི་བདག་དབང་སླར་གསོ་དང་། མི་རིགས་དང་རིག་གཞུང་གི་ངོ་བོ་སྲུང་སྐྱོབ་ཡོང་ཐབས་བྱེད་པའི་བོད་མི་ཚོ་ལྟ་བུ་ལ་རྒྱབ་སྐྱོར་གནང་དགོས་ཀྱི་འདུག

About Tibetan Section TCHRD

Check Also

རྒྱལ་ཚོགས་ཀྱི་ལས་འཛིན་ཚོགས་ཆུང་ནས་རྒྱ་གཞུང་ལ་རིགས་རུས་དབྱེ་འབྱེད་འགོག་པའི་སྐོར་གྱི་གནས་ཚུལ་སྙན་གསང་ཞུ་དགོས་སྐོར་བརྗོད་ཡོད།

  ཕྱི་ལོ་༢༠༡༨ ཟླ་༧ ཚེས་༡༣ ཉིན་གྱི་ཡིག་ཆ་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་སྒང་གི་རིགས་རུས་དབྱེ་འབྱེད་ཀྱི་རྣམ་པ་མཐའ་དག་འགོག་པའི་ལས་འཛིན་ཚོགས་ཆུང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཞུང་ལ་རྒྱ་ནང་གི་རིགས་རུས་དབྱེ་འབྱེད་ཀྱི་རྣམ་པ་མཐའ་དག་འགོག་པའི་སྐོར་གྱི་གནས་ཚུལ་སྙན་གསང་ཞུ་དགོས་པའི་བརྡ་ལེན་སྤྲད་འདུགདེ་ཡང་ལས་འཛིན་ཚོགས་ཆུང་༼ཚོགས་ཆུང་འདིས་རིགས་རུས་དབྱེད་འབྱེ་ཀྱི་རྣམ་པ་མཐའ་དག་འགོག་པའི་རྒྱལ་སྤྱིའི་སྤྱི་ཆིངས་ལག་བསྟར་ཐད་ལ་ལྟ་རྟོག་གནང་གི་ཡོད།༽གིས་དེ་སྔོན་ཚོགས་ཆེན་ཐེངས་༩༦ སྟེང་སྤྲད་པའི་རྒྱ་གཞུང་གི་ལོ་འཁོར་སྙན་ཐོར་བསྐྱར་ཞིབ་བྱས་རྗེས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཞུང་ལ་རྒྱ་ནང་གི་རིགས་རུས་དབྱེ་འབྱེད་ཀྱི་རྣམ་པ་མཐའ་དག་འགོག་པའི་སྐོར་གྱི་གནས་ཚུལ་སྙན་གསང་ཞུ་དགོས་པའི་བརྡ་ལེན་སྤྲད་པ་ཞིག་རེད་ལ། ཕྱི་ལོ་༢༠༡༨ ཟླ་༨ ཚེས་༡༠ ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐུ་ཚབ་མི་སྣ་རྒྱལ་ཚོགས་ཀྱི་རིགས་རུས་དབྱེ་འབྱེད་ཀྱི་རྣམ་པ་མཐའ་དག་འགོག་པའི་ལས་འཛིན་ཚོགས་ཆུང་གི་མདུད་དུ་འགྲོ་འཆར་ཡོད་པ་དང་། ཚོགས་འདུ་དེ་རྒྱལ་ཚོགས་ཀྱི་བརྒྱུད་ལམ་ནས་ཐད་གཏོང་བྱ་རྒྱུ་རེད། ཚོགས་ཆུང་དེའི་དྲི་བ་མང་པོ་ཞིག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རིགས་རུས་དབྱེད་འབྱེ་ཀྱི་རྣམ་པ་མཐའ་དག་འགོག་པའི་རྒྱལ་སྤྱིའི་སྤྱི་ཆིངས་ལག་ལེན་བསྟར་མིན་ཐད་ཀྱི་དེ་སྔའི་དྲི་བ་༼དྲི་གཞིའི་ལས་རིམ་ནང་འཁོད་ཀྱི།༽ཁག་ཅིག་བསྐྱར་འདྲི་བྱ་རྒྱུ་མ་གཏོགས་དྲི་གཞི་གསར་བ་གང་ཡང་མེད་འདུག་ལ། དེ་ནི་བོད་ནང་དུ་བྱུང་བའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་བའི་གནད་དོན་ལྟ་བུ་རེད། …

Leave a Reply

Your email address will not be published. Required fields are marked *