Friday , February 23 2018
Home / གསར་འགྱུར། / ལོ་ངོ་ཧྲིལ་བོ་ལྔ་ལ་བཙོན་འཇུག་ཁྲིམས་ཐག་བཅད་པའི་བོད་ཀྱི་ཆབ་སྲིད་བཙོན་པ་གྲྭ་བློ་བཟང་སྦྱིན་པ་ལགས་བཙོན་གྲོལ་ཐོབ།

ལོ་ངོ་ཧྲིལ་བོ་ལྔ་ལ་བཙོན་འཇུག་ཁྲིམས་ཐག་བཅད་པའི་བོད་ཀྱི་ཆབ་སྲིད་བཙོན་པ་གྲྭ་བློ་བཟང་སྦྱིན་པ་ལགས་བཙོན་གྲོལ་ཐོབ།

གཞས་ཚིག་རྩོམ་པ་པོ་གྲྭ་བློ་བཟང་སྦྱིན་པ་མཆོག་ལོ་འདིའི་ཟླ་སྔོན་མའི་ནང་ལོ་ལྔ་ཡི་དུས་བཀག་བཙོན་འཇུག་ཡོངས་སུ་རྫོགས་ནས་ཕ་ཡུལ་ཁྲི་འདུ་རྫོང་དུ་འབྱོར་ཡོད་པ་རེད།

ཕྱི་ལོ་༢༠༡༣ལོའི་ཟླ་༢་ཚེས་༢༣་ཉིན་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་ཡོད་པའི་བཙོན་ཁང་ཞིག་ཏུ་རྒྱ་གཞུང་གིས་དེང་སྐབས་བཙོན་འོག་ཏུ་བཅུག་ཡོད་པའི་བོད་ཀྱི་གླུ་བ་བློ་བློ་མཆོག་ལ་ལོ་༦་དང་གྲྭ་བློ་བཟང་སྦྱིན་པ་ལགས་ལ་ལོ་༥ཡི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་མཉམ་དུ་བཅད་ཡོད་པ་རེད།

ཕྱི་ལོ་༢༠༡༢ལོའི་ཟླ་༢་ཚེས་༨་ཉིན་རྫ་སྐྱེ་རྒུ་མདོའི་ཁྲི་འདུ་རྫོང་ཉ་མཚོ་ཟིལ་དཀར་དགོན་པའི་དགེ་འདུན་པ་ཡོངས་ནས་ཞི་བའི་ངོ་རྒོལ་བྱས་པའི་ནང་དུ་ཚུད་ཡོད་པ་དང་། དེང་སྐབས་རྒྱ་གཞུང་གི་བཙོན་འོག་ཏུ་ཡོད་པའི་བོད་ཀྱི་གླུ་བ་བློ་བློ་ལགས་ཀྱི་, “བོད་དར་ཆ་སྒྲེངས་ཤིག་གངས་བུ་ཚོ་”, ཞེས་པའི་འོད་སྡེར་དེ་དང་འབྲེལ་བ་ཡོད་ཚུལ། དེ་བཞིན་དུ་འོད་སྡེར་དེའི་ནང་དུ་རྒྱ་ནག་གཞུང་གིས་བཙོན་འཇུག་འོག་གར་སོང་ཆ་མེད་དུ་གྱུར་ཡོད་པའི་༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེའི་ཡང་སྲིད་མཆོག་དྲན་པའི་དྲན་གླུ་སོགས་ཀྱི་གླུ་ཚིག་འབྲི་མཁན་དང་འབྲེལ་བ་ཡོད་ཚུལ་གྱིས་མ་ཉེས་ཁ་གཡོགས་བྱས་ཏེ་ཁོང་ལ་མི་ལོ་ཧྲིལ་བོ་ལྔའི་ཁྲིམས་ཐག་བཅད་པ་ཞིག་རེད་འདུག

དེར་མ་ཟད་ད་དུང་སྤྱི་ལོ་༢༠༡༢་ལོའི་ཟླ་༩་ཚེས་༡ཉིན་རྒྱ་གཞུང་གིས་རྫ་སྐྱེ་རྒུ་མདོའི་ཁྲི་འདུ་རྫོང་ཉ་མཚོ་ཟིལ་དཀར་དགོན་པའི་དགེ་འདུན་པ་བློ་བཟང་སྦྱིན་པ་ཁོང་དང་མཉམ་དུ་ཁྱོན་བསྡོམས་དགེ་འདུན་པ་ལྔ་འཛིན་བཟུང་བྱས་ཡོད་པ་རེད། སྐབས་དེར་རྒྱ་གཞུང་ཉེན་རྟོག་པས་གོང་གསལ་དགེ་འདུན་པ་རྣམས་ཀྱི་གྲྭ་ཤག་བསྔོག་གཤེར་བྱས་ཏེ་ཅ་དངོས་མང་པོ་འཕྲོག་བཅོམ་བྱས་ཡོད་པ་མ་ཟད་རྡུང་རྡེག་ཚད་མེད་པ་བཏང་སྟེ་སྡུག་བསྔལ་བཟོད་གླགས་མེད་པ་མྱངས་སུ་བཅུག་ཡོད་པ་རེད།

ལོ་འདིའི་ཟླ་༡༠་ཚེས་༣་ཉིན་དགེ་འདུན་པ་བློ་བཟང་སྦྱིན་པ་ལགས་གློད་གྲོལ་ཐོབ་ཡོད་པ་རེད། ཁོང་གློད་གྲོལ་སྐོར་གྱི་གནས་ཚུལ་འདི་ད་བར་ཏུ་ཕྱི་ཕྱོགས་སུ་ཐོན་མེད་དོན་ནི་ལོ་འདིའི་སྤྱི་ཟླ་༡༠་པའི་ནང་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་བཅུ་དགུ་བ་ཚོགས་པའི་སྐབས་དང་འཁེལ་ནས་བོད་ནང་དམ་དྲག་ཆེ་རུ་སོང་བས་རྐྱེན་གྱིས་རེད་འདུག དགེ་འདུན་པ་བློ་བཟང་སྤྱིན་པ་ཁོང་རྒྱ་ནག་གིས་འཛིན་བཟུང་བྱས་ཏེ་ཟླ་ངོ་གསུམ་ཡས་མས་ཞིག་ལ་བཀག་ཉར་འདྲི་རྩད་དང་རྡུང་རྡེག་ཚད་མེད་བྱས་རྗེས་གློད་གྲོལ་བཏང་ཡོད་ཀྱང་། རྗེས་སུ་ཡང་བསྐྱར་འཛིན་བཟུང་གིས་མི་ལོ་ལྔའི་དུས་བཀག་བཙོན་འཇུག་གི་སྐབས་སུ་ཡང་སྡུག་བསྔལ་བཟོད་གླགས་མེད་པ་མྱངས་སུ་བཅུག་ཡོད། ད་ལྟ་ཁོང་གི་གཟུགས་གཞིའི་གནས་སྟངས་ག་འདྲ་ཞིག་ཆགས་ཡོད་མེད་གསལ་རྟོགས་བྱུང་ཐུབ་མེད།

དགེ་འདུན་པ་བློ་བཟང་སྦྱིན་པ་ལགས་ནི་སྐྱེས་ཡུལ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ཁྲི་འདུ་རྫོང་གེ་ཤིང་སྡེ་པའི་ཕ་དར་རྒྱས་(རྟ་རྒྱལ་)དང་མ་པདྨ་མཚོ་མོ་གཉིས་ཀྱི་བུ་རེད་འདུག

འདི་ག་ལྟེ་གནས་ཁང་ནས་ཁོང་གི་གཟུགས་གཞིའི་གནས་སྟངས་ལ་སེམས་ཁུར་ཆེན་པོ་བྱེད་ཀྱི་ཡོད། རྒྱ་གཞུང་གི་དགག་བྱ་ཚོད་འཛིན་སོགས་མེད་པར་སྨན་བཅོས་བྱེད་བའི་རང་དབང་སྤྲོད་དགོས།རྒྱ་གཞུང་གིས་བོད་ཀྱི་ཆབ་སྲིད་བཙོན་པ་ཚོ་གློད་གྲོལ་བཏང་རྗེས། ལོ་གཉིས་ནས་ལྔ་བར་ཆབ་སྲིད་ཀྱི་ཁེ་དབང་འཕྲོག་གི་ཡོད་ལ། དུས་ཡུན་དེའི་རིང་ཁོང་ཚོར་སྨྲ་བརྗོད་རང་དབང་དང་། བསམ་ཚུལ། འདུ་འཛོམས། ཚོགས་ཞུགས། གོམས་བགྲོད། རྔམས་སྟོན་ཁྲོམ་སྐོར་སོགས་ཀྱི་རང་དབང་མེད་པ་མ་ཟད། ས་གནས་ཉེན་རྟོག་པས་ལྟ་རྟོག་དང་ཚོད་འཛིན་ཁོ་ནས་སྡོད་དགོས་ཀྱི་ཡོད།

འདི་ག་ལྟེ་གནས་ཁང་ནས་རྒྱ་ནག་གཞུང་གིས་དགེ་འདུན་པ་བློ་བཟང་སྦྱིན་པ་ལགས་བཙོན་འཇུག་བྱས་པ་ནི། རྒྱ་ནག་གི་རྩ་ཁྲིམས་དུ་གསལ་པའི་མི་སྒེར་གྱི་སྨྲ་བརྗོད་རང་དབང་དང་དེ་མཚུངས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལུགས་རྡོག་རོལ་བཏང་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། གྲྭ་བློ་བཟང་སྦྱིན་པ་ལྟ་བུའི་བོད་མི་མང་པོ་ཞིག་གིེས་རྒྱ་ནག་གི་བཙོན་འོག་ཏུ་སྡུག་སྦྱོར་མནར་གཅོད་ཚད་མེད་མྱངས་དང་མྱོང་བཞིན་ཡོད་པ་རེད་འདུག

About Tibetan Section TCHRD

Check Also

ནད་ཀྱིས་མནར་བའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཞིག་ལ་འདྲི་གཅོད་ཀྱིས་བཟང་བཙོན་བྱས་ཡོད་པ།

དེ་རིང་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་གི་ས་གནས་དབང་འཛིན་པ་ཚོས་ནད་ཀྱིས་མནར་བའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཞིག་ལ་ཆུ་ཚོད་ཁ་ཤས་རིང་འདྲི་གཅོད་བྱས་མཐར་བཟང་བཙོན་གྱི་ངོ་བོར་བཀག་ཉར་བྱས་ཡོད་འདུག    ​ཟླ་འདིའི་ཚེས་༢༧ཞོགས་པ་ཆུ་ཚོད་བཅུ་བའི་ཐོག ལོ་ན་བཞི་བཅུར་སོན་པའི་གཞོན་ནུ་དཔལ་ལྡན་ཁོང་དབལ་བཎ་ཡུལ་ཚོའི་སྤྱི་བདེ་ལས་ཁུངས་སུ་ཁྲིད་དེ་ཁུལ་དང་རྫོང་ནས་ཁྱོད་ལ་འདྲི་རྩད་བྱེད་པར་སླེབས་ཀྱི་ཡོད་ཅེས་ཆུ་ཚོད་གཉིས་པ་བར་སྒུག་བཅུག། དེ་ནས་ཁུལ་དང་རྫོང་གི་མི་དམངས་སྤྱི་བདེ་ཉེན་རྟོག་པས་ཆུ་ཚོད་བདུན་པ་བར་དུ་འདྲི་གཅོད་བྱས་ཤིང་། ཁོ་ཚོས་གཞོན་ནུ་དཔལ་ལྡན་ལ་ཞིབ་འཇུག་ཆེད་ཁ་པར་གཞུང་བཞེས་བཏང་ཡོད་ལ། གོང་རིམ་ནས་བཀའ་རྒྱ་མ་འབྱོར་བར་དུ་རང་ཁྱིམ་དང་ཁ་འབྲལ་མི་ཆོག་པའི་བཀའ་བཏང་ཡོད་འདུག འདྲི་གཅོད་སྐབས་ཁོང་ལ་འདི་ག་ལྟེ་གནས་ཁང་གིས་ཕྱི་ཚེས་༡༨ཉིན་གྱི། ཁོང་བཙོན་འཇུག་སྐབས་མྱངས་བའི་དཀའ་སྡུག་དང་། ཁྱིམ་ཚང་ལ་འཕྲད་པའི་དཀའ་ངལ། བཙོན་དུ་མནར་གཅོད་བཏང་བས་ལུས་ཁམས་བདེ་ཐང་མིན་པའི་གནས་ཚུལ་སྤེལ་བའི་སྐོར་དྲིས་ཡོད། ཁོང་ནི་བྱིས་པ་གསུམ་གྱི་ཨ་ཕ་ཡིན་པ་དང་། ལོ་བརྒྱད་ལ་སོན་པའི་ཁོང་གི་བུ་མོ་དེ་སྔོན་ཁོ་མོའི་ཨ་ཕས་ཆབ་སྲིད་ལས་འགུལ་སྤེལ་བར་བསྙད་ནས་སློབ་གྲྭར་ཞུགས་བཅུག་མེད། ཁོང་ལ་རང་ཉིད་ཀྱི་གནས་སྟངས་ཕྱིར་བསྒྲགས་བྱས་པར་སྐྱོན་བརྗོད་དང་གཤེ་གཤེ་ཚ་ནན་བཏང་ཡོད་འདུག འདི་ག་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ལ་གནས་ཚུལ་ཁུངས་ལྡན་བརྗོད་དོན་ལྟར་ན། ...

Leave a Reply

Your email address will not be published. Required fields are marked *