Monday , December 11 2017
Home / གསར་འགྱུར། / “མ་གཞི་ཡུལ་ཁམས་འདི་ངའི་ཕ་ས་མ་ཡུལ་ཡིན་ནའང་། ད་ནི་ང་རང་བྲོས་བྱོལ་བའི་བཙོན་མ་ཞིག་དང་འདྲ” བོད་ཀྱི་བུད་མེད་ཐོབ་ཐང་འཐབ་རྩོད་པ་འཇམ་དབྱངས་སྐྱིད་ཀྱིས་རྒྱ་གཞུང་གིས་དམ་དྲག་སུན་སྣང་དང་། མོ་རང་གི་དེབ་དག་གཞུང་བཞེས་ལ་ངོ་རྒོལ་བྱས་པ།

“མ་གཞི་ཡུལ་ཁམས་འདི་ངའི་ཕ་ས་མ་ཡུལ་ཡིན་ནའང་། ད་ནི་ང་རང་བྲོས་བྱོལ་བའི་བཙོན་མ་ཞིག་དང་འདྲ” བོད་ཀྱི་བུད་མེད་ཐོབ་ཐང་འཐབ་རྩོད་པ་འཇམ་དབྱངས་སྐྱིད་ཀྱིས་རྒྱ་གཞུང་གིས་དམ་དྲག་སུན་སྣང་དང་། མོ་རང་གི་དེབ་དག་གཞུང་བཞེས་ལ་ངོ་རྒོལ་བྱས་པ།

སྤྱི་ཚོགས་དྲ་རྒྱའི་སྟེང་ནུས་ཤུགས་ཡོད་ཚད་ཀྱིས་བུད་མེད་དང་སྤྱི་ཚོགས་ཀྱི་གནད་དོན་སྐོར་ལ་འབྲི་རྩོམ་གནང་མཁན་སྐད་གྲགས་ཅན་བོད་ཀྱི་བུད་མེད་ཐོབ་ཐང་འཐབ་རྩོད་པ་འཇམ་དབྱངས་སྐྱིད་[སྨྱུག་མིང་སྨིན་དྲུག]ལགས་ཀྱིས་ཉེ་ཆར་སྤྱི་ཚོགས་དྲ་རྒྱའི་སྟེང་རང་གིས་བརྩམས་པའི་དེབ་ཁག་ཅིག་རྒྱ་གཞུང་གིས་གཞུང་བཞེས་བྱས་ཡོད་པ་དེ་ལ་ངོ་རྒོལ་གྱི་རྩོམ་ཡིག་ཞིག་སྤེལ་ཡོད་པ་མ་ཟད་མོ་རང་གི་བཟའ་ཟླ་ལྷ་མོ་སྐྱབས་[སྨྱུག་མིང་བྱང་སྐར]་ལགས་ཀྱི་བསྒྱུར་རྩོམ་དེབ་གཅིག་ཀྱང་གཞུང་བཞེས་བྱས་ཡོད།

ཉེ་ཆར་ཐོན་པའི་འཇམ་དབྱངས་སྐྱིད་ཀྱིས་སྤྱི་ཚོགས་དྲ་རྒྱའི་སྟེང་བཀོད་པའི་རྩོམ་ཡིག་གཉིས་ཀྱི་ནང་གསལ་གཞས་པ་དང་རྩོམ་པ་པོ། གསར་འགོད་པ་ཟུར་པ་འཇམ་དབྱངས་སྐྱིད་ལགས་ཀྱིས་རྒྱ་ནག་ལས་ཁུངས་ཀྱི་མི་སྣ་བཅུ་གྲངས་ཤིག་གིས་ལྷ་ས་དང་ཟི་ལིང་གི་དེབ་མཛོད་ཁང་ཞིག་ནས་མོ་དང་བཟའ་ཟླའི་དེབ་དག་བཙན་དབང་གིས་གཞུང་བཞེས་བྱས་པ་ལ་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་པ་རེད་འདུག

འཇམ་དབྱངས་སྐྱིད་ཀྱིས། ཕྱི་ཟླ་༡༡ཚེས༡༧ཉིན་མོ་རང་གིས་སྤྱི་ཚོགས་དྲ་རྒྱའི་སྟེང་བཀོད་པ་དེའི་ནང་དུ། ཕྱི་ཟླ་༡༡ཚེས༡༦ཉིན རྒྱ་ནག་གི་ལས་ཁུངས་ཁ་ཤས་ཀྱི་མི་སྣ་བཅུ་གྲངས་ཤིག་གིས་ཟི་ལིང་གི་དཔེ་མཛོད་ཁང་ཞིག་ནས་ལྷ་མོ་སྐྱབས་ཀྱི་དེབ་<<དབང་ཆར་ཚད་འཛིན་དང་ཐོབ་ཐང་སྲུང་སྐྱོབ>>ཅེས་པ་དང་འཇམ་དབྱངས་སྐྱིད་ཀྱི་<<ཐོབ་ཐང་དང་བདེ་ཐང་།>>ཞེས་པའི་དེབ་གྲངས་༡༠༤༠གཞུང་བཞེས་བྱས་ཡོད་པ་མ་ཟད། ཟི་ལིང་གི་དཔེ་མཛོད་ཁང་གཞན་ཞིག་ནས་ཀྱང་དེབ་མང་པོ་ཞིག་ཁྱེར་ཡོད་པ་རེད། རྒྱ་ནག་གཞུང་གིས་དེབ་དེའི་ཁ་བྱང་བོད་ཡིག་དང་རྒྱ་ཡིག་གཉིས་མི་འདྲ་བར་ཁ་གཡར་ནས་གཞུང་བཞེས་བྱས་ཡོད་པ་རེད་འདུག

ད་དུང་མོས་སྤེལ་བའི་རྩོམ་ཡིག་དེ་བརྒྱུད་ནས་མོ་རང་གི་སུན་སྣང་དེ་གསལ་བོར་ཚོར་ཐུབ་ཀྱི་འདུག གང་ཡིན་ཟེར་ན། རྒྱ་གཞུང་གིས་མོ་རང་༢༠༠༨་ལོར་གང་བྱུང་འཇུ་བཟུང་བྱས་ནས་གློད་གྲོལ་བཏང་རྗེས་རྒྱ་ནག་གཞུང་གིས་མོ་དང་མོ་ཡི་ནང་མི་རྣམས་ལ་སུན་གཙེར་དང་སྟངས་འཛིན་ཚད་མེད་བྱས་ཏེ་སྡུག་བསྔལ་བཟོད་གླགས་མེད་པ་མྱངས་སུ་བཅུག་ཡོད་པ་རེད། འཇམ་དབྱངས་སྐྱིད་ཀྱིས། “ལོ་ནས་ལོ་ཟླ་ནས་ཟླ་སྟེ་ལོ་འཁོར་བཅུ་ཙམ་འགྲོ་གྲབས་རིང་ལ་ཚར་རྒྱུ་མེད་ཅིང་འཇགས་པ་མེད་པར་ང་ཡི་སེམས་ཁམས་ལ་གནོད་ཤུགས་དང་ང་ཡི་འཚོ་བ་ཟིང་ཟིང་བཟོ་བ། ང་ཡི་ནང་མི་དང་བུ་ཕྲུག་དག་གི་སེམས་ཁམས་དཀྲུག་པ། ང་ཚོའི་རྒྱུ་ནོར་ལ་གྱོང་གུན་ཐེབས་སུ་བཅུག་པའི་སུན་གཙེར་བར་མེད་བཟོ་བའི་དམིགས་ཡུལ་གང་ཡིན་་་་་་་་གང་ཡིན། 

མ་གཞི་ཡུལ་ཁམས་འདི་ངའི་ཕ་ས་མ་ཡུལ་ཡིན་ནའང་། ད་ནི་ང་རང་བྲོས་བྱོལ་བའི་བཙོན་མ་ཞིག་དང་འདྲ་་་་་་་་་་།”

ཕྱི་ཟླ་༩ཚེས་༣༠ཉིན་འཇམ་དབྱངས་སྐྱིད་ཀྱིས་དྲ་རྒྱའི་སྟེང་སྤེལ་བའི་བརྗོད་དོན་ལ། ཕྱི་ཟླ་༩་ཚེས་༢༨་ཉིན་མོ་རང་གི་དེབ་༢༠༠ལྷ་སར་དེབ་མངགས་མཁན་ཞིག་གི་ལག་པར་སྤྲོད་དགོས་པའི་གཡོ་འོག་ཏུ་ཚུད། ཕྱིས་སུ་དེབ་དེ་དག་རྒྱ་གཞུང་གི་དཔོན་རིགས་ཁག་ཅིག་གིས་ལྷ་སའི་དཔེ་ཁང་ཞིག་ཏུ་གཞུང་གཞེས་བྱས་ཡོད་པ་རེད། མ་ཟད་དེབ་ཁང་དེའི་ནང་དུ་འཇམ་དབྱངས་སྐྱིད་ཀྱི་<<སེམས་ཀྱི་སྟོབས། ཚོང་གི་མིག>>ཞེས་པའི་དེབ་ཀྱང་གཞུང་གཞེས་བྱས་ཡོད་པ་རེད་འདུག

རྩོམ་པ་པོ་འཇམ་དབྱངས་སྐྱིད་ཀྱིས ”ཟླ་འདིའི་ཕྱི་ཚེས་༢༨ཉིན། འདི་གའི་དཔེ་ཁང་ཞིག་གིས་ངེད་གཉིས་ཀྱི་དེབ་ཉིས་བརྒྱ་མངགས་མཁན་ཞིག་འདུག་ཟེར་བར། ང་ཚོས་དུས་ཐོག་ཏུ་སྐྱལ་བ་ཡིན། ཡིན་ནའང་ཉོ་མཁན་ལ་འབྲེལ་བ་བྱེད་མ་ཐུབ་པའི་རྐྱེན་གྱིས་དཔེ་དེབ་ཚང་མ་དེ་རུ་བཞག་སྟེ་མངགས་མཁན་ལེན་དུས་དེབ་རིན་ཚང་མ་སྐད་འཕྲིན་སྟེང་ནས་བསྐུར་རྒྱུ་བྱས། ཡིན་ནའང་ད་ལྟ་བར་ཏུ་མངགས་མཁན་ལ་འབྲེལ་བ་བྱེད་ཐུབ་ཡོད་ས་མ་རེད། དེ་རིང་ཉིན་རྒྱབ་ཏུ། བར་འདུག་དེས་ཁ་པར་ཡོང་ནས་ངེད་གཉིས་ཀྱི་དེབ་སྟེ་<<དབང་ཆར་ཚད་འཛིན་དང་། ཐོབ་ཐང་སྲུང་སྐྱོབ>>དང་།<<ཐོབ་ཐང་དང་བདེ་ཐང་།>>ཞེས་པ་གཉིས་ཁྱོན་བསྡོམས་དེབ་གྲངས་ཉིས་བརྒྱ་ཆ་ཚང་ལས་ཁུངས་ཁ་ཤས་ཀྱི་མི་དྲུག་བདུན་ལྷག་ཡོང་ནས་ཁྱེར་ཡོད་པ་མ་ཟད། དཔེ་ཁང་དེ་རུ་ཡོད་པའི་<<སེམས་ཀྱི་སྟོབས། ཚོང་གི་མིག>>ཞེས་པའི་དེབ་ཀྱང་ཁྱེར་སོང་ཟེར། སྐབས་དེར། ངའི་སེམས་སུ་དཔེ་ཆ་ཉོ་མཁན་དེའི་གཡོ་འོག་ཏུ་ཚུད་པ་མིན་འགྲོ་བསམ་བྱུང་མོད། ད་ལྟ་ཁ་ཚོད་གཅོད་དཀའ། གང་ལྟར་དེ་རིང་ལྷ་སའི་དཔེ་ཁང་གཞན་ཞིག་ནས་ཀྱང་ངའི་<<ཟ་མ་མོའི་སྐྱིད་སྡུག་གངས་མ་ཆར>>དང་།<<སྐྱེས་མའི་གནས་སྟངས་ཟུར་བལྟས་ལེབ་མཐོང་།>>ཞེས་པ་དེ་གཉིས་ལའང་སྔོག་གཤེར་བྱེད་ཀྱི་འདུག་ཟེར། དེབ་ཆ་ཚང་ལ་སྔོག་ཁྱེར་བྱེད་པར་བལྟས་ན། དེབ་དེ་རྙོག་དྲ་མིན་པར་བསམ་གཟས་རྐང་བཙུགས་ཀྱིས་དེབ་རྩོམ་མཁན་ལ་དམིགས་ཀྱི་ཡོད་པ་འེ་ཡིན་འདོད། གོང་གི་བྱང་སྐར་གྱི་དེབ་དེ་ནི་རྒྱ་རྩོམ་བོད་ཡིག་ཏུ་བསྒྱུར་པའི་སྒྱུར་དེབ་རྣལ་མ་ཞིག་ཡིན་པ་དང་། ངའི་དེབ་དག་གི་ནང་དོན་ག་རེ་ཡིན་མིན་ཀློག་པ་པོ་ཚོ་ལ་གསལ་ཆ་ཡོད་ཙང་། ངས་མང་པོ་ལབ་དགོས་ཀྱི་མི་འདུག

གལ་ཏེ་གོང་གི་དེབ་གསར་གཉིས་ཕྱིར་མ་སྤྲད་པ་ཡིན་ན། དེ་གཉིས་རྐྱང་རྐྱང་གི་རིན་གོང་རྒྱ་ནག་གི་སྒོར་མོ་༦༣༠༠རེད། དཔལ་འབྱོར་གྱི་གྱོང་གུན་ལ་ཕངས་སེམས་ཆེན་པོ་མེད་ནའང་། སྐྱེས་མ་ཐག་པའི་ཕྲུ་གུ་ཟུང་གི་ཚེ་སྲོག་ལ་ཉེས་མེད་བར་ཆད་བཏང་ཨེ་ཡོང་བསམ་དུས་སེམས་པ་རབ་ཏུ་ཕངས། ང་ཚོས་རང་གི་འཚོ་བའི་གནས་སྟངས་དེབ་ལ་འགོད་པའི་རང་དབང་ཕྲ་མོ་ཙམ་དེ་ཡང་འཕྲོག་ཨེ་འགྲོ་བསམ་དུས། དེ་བས་ཀྱང་སེམས་སྣང་ཕན་ཕུན་དུ་གྱུར་འགྲོ” ཅེས་འཁོད་འདུག

གཞས་མ་འཇམ་དབྱངས་སྐྱིད་ལགས་ནི་སྤྱི་ལོ་༡༩༦༥་ལོར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོངས་ཁུལ་མང་ར་རྫོང་དུ་སྐྱེས་ཤིང་། ཕྱི་ལོ་༡༩༨༤ལོར་མཚོ་ལྷོ་ཁུལ་གྲངས་ཉུང་མི་རིགས་དགེ་རྒན་ཆེད་སྦྱོང་མཐོ་རིམ་སློབ་གྲྭ་ནས་མཐར་ཕྱིན། ལོ་ངོ་ཉི་ཤུ་ལྷག་གི་རིང་མཚོ་སྔོན་བོད་སྐད་བརྙན་འཕྲིན་ཁང་དུ་ཡིག་བསྒྱུར་དང་གསར་འགྱུར་རྒྱང་སྒྲོག་གི་ཕྱག་ལས་གནང་ཡོད་པ་རེད་འདུག ༢༠༠༦ལོར་ཨ་རིར་ཀོ་ལུམ་བྷེ་ཡ་མཐོ་རིམ་གཙུག་ལག་སློབ་གཉེར་ཁང་དུ་གདན་དྲངས་པ་ཞིག་ཀྱང་རེད་འདུག ༢༠༠༨ལོར་ཞི་བའི་ངོ་རྒོལ་ཆེན་མོ་བྱས་པའི་སྐབས་སུ་བོད་མི་མང་པོ་ཞིག་འཛིན་བཟུང་བྱས་ཡོད་ལ་མོའང་དེའི་ནང་དུ་ཚུད་ཡོད་པ་རེད། ༢༠༠༨ལོའི་ཟླ་༠༤ཚེས་༡ཉིན་བཀག་ཉར་བྱས་ཏེ་ཚེས་༢༡ཉིན་རྒྱ་གཞུང་གིས་གཏའ་དངུལ་མང་པོ་ཞིག་བཙན་འགེལ་གྱིས་གློད་གྲོལ་ཙམ་བྱས་ཡོད། དེའི་རྗེས་སུ་མོ་རང་གིས་༢༠༠༨ལོར་བཀག་ཉར་བྱས་པའི་དཀའ་སྡུག་གི་མྱོང་ཚོར་རྗེན་པ་ཞིག་བརྗོད་བྱར་བྱས་ཏེ་བརྩམས་པའི་དེབ་ཞིག་པར་བསྐྲུན་བྱས་ཡོད་པ་རེད།

འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་གཞུང་ནས་འཇམ་དབྱངས་སྐྱིད་དང་མོ་ཡི་ནང་མི་ལ་སུན་གཙེར་དང་སྟངས་འཛིན་མ་བྱས་པར་འགྲོ་བ་མིའི་ཐོབ་ཐང་དང་། གཞི་རྩའི་རང་དབང་ལོངས་སྤྱོད་ཀྱི་ཐོབ་ཐང་སྤྲོད་དགོས། མོ་རང་བཀག་ཉར་ཁང་ནས་གློད་གྲོལ་བཏང་རྗེས་མོ་རང་ལས་ཀ་ནས་ཕྱིར་འཕུད་བཏང་བ་དང་རྒྱ་གཞུང་གི་དམ་དྲག་འོག་དཀའ་སྡུག་མང་པོ་མྱངས་ཡོད། རྒྱ་གཞུང་ལ་འགྲོ་བ་མིའི་ཐོབ་ཐང་གི་རྩ་ཁྲིམས་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་འགན་ཡོད་པ་བཞིན་འཇམ་དབྱངས་སྐྱིད་དང་མོ་རང་གི་བཟའ་ཟླ་ལྷ་མོ་སྐྱབས་གཉིས་ཀྱི་སྨྲ་བརྗོད་རང་དབང་ལ་གུས་བརྩི་དང་རྡོག་རོལ་མཚམས་འཇོག་བྱེད་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད།

About Tibetan Section TCHRD

Check Also

བོད་ཀྱི་བསྟུན་རྒོལ་ཁྲིམས་གཏུགས་ལས་འགུལ་གྱི་ཞིབ་འཇུག་སྙན་ཐོ།

ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་འཚོགས་ལ་ཉེས་པའི་དུས་མཚམས་འདིར། འདི་ག་ནས་༼ བོད་ཀྱི་བསྟུན་རྒོལ་ཁྲིམས་གཏུགས་ལས་འགུལ་གྱི་ཞིབ་འཇུག་སྙན་ཐོ། ༽འགྲེམས་སྤེལ་བྱེད་པ་དང་སྦྲགས། རྒྱ་ནག་སྲིད་གཞུང་གིས་ཁ་ཞེ་གཉིས་མེད་ཀྱིས་བོད་ཀྱི་གནད་དོན་དང་དཀའ་རྙོག་སེལ་ཐབས་ལ་སྨན་པའི་སྲིད་ཇུས་འཛིན་དགོས་པའི་གནད་བསྟན་ཡོད། དེ་བཞིན་བོད་ནང་གི་ཛ་དྲག་གནས་སྟངས་ཞི་འཇགས་ཡོང་བར། རྒྱ་ནག་གཞུང་གིས་བོད་ནང་གི་དངོས་ཡོད་གནས་སྟངས་དང་བོད་ཀྱི་གནད་དོན་ལ་བསྐྱར་ཞིབ་ཡང་དག་བྱ་དགོས་ལ། བོད་མི་ཚོའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་གྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལེགས་བཅོས་བྱ་དགོས་པ་མ་ཟད། བོད་མིའི་རེ་འདུན་ལ་ཉན་འཇོག་གིས་བོད་ཐོག་འཛིན་པའི་ནོར་འཁྲུལ་ཅན་གྱི་སྲིད་ཇུས་བསྒྱུར་དགོས་ཤིང་། བོད་ཀྱི་གནད་དོན་ཐག་གཅོད་ལ་ཕན་པའི་ཁོར་ཡུག་བཟང་པོ་བསྐྲུན་དགོས་པ་གལ་ཆེན་ཡིན་ཚུལ་གསལ་བཤད་བྱེད་ཀྱི་ཡོད། སྙན་ཐོ་འདིའི་ནང་ལོ་ངོ་བདུན་ཅུར་ཉེ་བའི་རིང་སྒེར་དང་མི་རིགས་ཀྱི་ཐོབ་ཐང་ཆེད་བོད་མི་ཚོས་འཐབ་རྩོད་བྱས་པའི་ལོ་རྒྱུས་ལ་གཟབ་ནན་གྱིས་ཞིབ་འཇུག་བྱས་ཡོད་ཅིང་། ཕྱི་ལོ་༡༩༤༩ ལོར་རྒྱ་ནག་གིས་བོད་རྒྱལ་ཁབ་ཀྱི་བདག་དབང་ལ་བཙན་འཛུལ་བྱས་པ་ནི་བོད་མི་རིགས་ཀྱིས་ཐོབ་ཐང་རྩོད་ལེན་བྱེད་པའི་རྐྱེན་རྩ་ཡིན་པ་དང་། རྒྱ་ནག་གཞུང་གིས་སྔ་ཕྱི་བར་གསུམ་དུ་བོད་མི་རིགས་རྩ་མེད་བཟོ་པའི་མི་སེར་སྤེལ་ཡུལ་གྱི་སྲིད་ཇུས་ལག་བསྟར་བྱས་དང་བྱེད་བཞིན་པ་འདི་ནི། བོད་མི་རིགས་ཀྱིས་རྒྱུན་ཆད་མེད་པར་ཐོབ་ཐང་རྩོད་ལེན་གྱི་ལས་འགུལ་སྣ་ཚོགས་སྤེལ་བའི་རྒྱུ་རྐྱེན་གཙོ་བོར་གྱུར་ཡོད་ཚུལ་བསྟན་ཡོད། ...

Leave a Reply

Your email address will not be published. Required fields are marked *