Tuesday , October 24 2017
Home / གསར་འགྱུར། / རྒྱ་གཞུང་ལ་ངོ་རྒོལ་གྱིས་བཙོན་འཇུག་ཁྲིམས་ཆད་བཅད་པའི་བོད་མི་ཞིག་བཙོན་གྲོལ་ཐོབ་སྐབས་ཕེབས་བསུ་ཟབ་རྒྱས་བྱས་ཡོད།

རྒྱ་གཞུང་ལ་ངོ་རྒོལ་གྱིས་བཙོན་འཇུག་ཁྲིམས་ཆད་བཅད་པའི་བོད་མི་ཞིག་བཙོན་གྲོལ་ཐོབ་སྐབས་ཕེབས་བསུ་ཟབ་རྒྱས་བྱས་ཡོད།

ལོ་ན་ཉེར་ལྔར་སོན་པའི་བོད་མི་དཀོན་མཆོག་དོན་གྲུབ་ཟེར་བ་ཞིག་བདུན་ཕྲག་སྔོན་མའི་རེས་གཟའ་ཟླ་བའི་ཉིན་མི་ལོ་ཧྲིལ་པོ་དགུ་དང་ཕྱེད་ཀའི་རིང་བཙོན་བཀག་བྱས་མཐར་གློད་གྲོལ་ཐོབ་ཡོད་འདུག
དཀོན་མཆོག་དོན་གྲུབ་ནི་རྒྱ་གཞུང་གིས་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཟེར་བར་བགོས་པའི་མངའ་ཁོངས་ཀྱི་རྨ་ཆུ་རྫོང་མཚེ་རུ་མ་ཞང་ནུར་མ་སྡེ་བ་འགབ་མ་ནས་ཡིན་པ་དང་། ཕྱི་ཟླ་༡༠ ཚེས་༢ ཉིན་ཁོང་བཙོན་ཁང་ནས་གློད་གྲོལ་ཐོབ་ཡོད་ཅིང་། ཁོང་གི་ཁྱིམ་མི་དང་། གཉེན་ཉེ་སོགས་ཕ་ཡུལ་གྱི་མི་ཚོས་ཁོང་ལ་ཕེབས་ཟབ་རྒྱས་བྱས་ཡོད།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ལ་འབྱོར་བའི་བརྙན་དང་པར་གྱི་ནང་ས་གནས་བོད་མི་ཚོ་གྲལ་བསྒྲིགས་ནས་ཁོང་ལ་ཁ་བཏགས་འབུལ་བཞིན་པའི་རྣམ་པ་མངོན་ཡོད། ཁོང་ནི་ས་བྱིའི་ཞི་རྒོལ་ཆེན་མོའམ་ཕྱི་ལོ་༢༠༠༨ ལོར་བོད་ནང་བོད་མི་ཚོས་རྒྱ་གཞུང་གི་དབང་བསྒྱུར་ལ་ངོ་རྒོལ་སྐབས་འཛིན་བཟུང་བཙོན་འཇུག་བྱས་པ་ཞིག་ཡིན། བརྙན་གྱི་ནང་རླངས་འཁོར་མང་པོ་བསྒྲིགས་ནས་ཡོང་གི་ཡོད་པ་དེ་ནི་དཔའ་རྒོད་ཁོང་ཕ་ཡུལ་ལ་གདན་འདྲེན་ཞུ་བའི་རྣམ་པ་རེད་ལ། གཞི་རྒྱ་ཆེ་བའི་རྨ་ཆུའི་རྩྭ་ཐང་དུ་ཕུབ་པའི་གུར་ཞིག་ཏུ་ཁོང་ལ་ཕེབས་བསུའི་གསོལ་སྟོན་རྒྱས་པ་ཞིག་བཤམས་ཡོད། དཀོན་མཆོག་དོན་གྲུབ་ནི་ན་ཏ་དང་སྐལ་བཟང་སྐྱིད་གཉིས་ཀྱི་བུ་ཞིག་ཡིན་འདུག

ཕྱི་ལོ་༢༠༠༨ལོའི་ཕྱི་ཟླ་༣པའི་ཚེས་༡༧ཉིན་གྱི་ཞི་རྒོལ་ལས་འགུལ་སྤེལ་སྐབས་མཚེ་རུ་མ་ཞང་མི་མངགས་གཏོང་ཁང་གི་རླངས་འཁོར་མེར་སྲེག་གཏོང་མཁན་ཡིན་ཚུལ་གྱི་ཉེས་པ་བཙན་འགེལ་བྱས། དེ་དུས་ཁོང་རང་ལོ་༡༦ལས་སོན་མེད་ཀྱང་། ༢༠༠༨ཟླ་༤པའི་ཚེས་༡༦ཉིན་འཛིན་བཟུང་དང་། ཕྱི་ཟླ་༦པའི་ཚེས་༡༥་ཉིན་ཁོང་ལ་ཁྲིམས་གཅོད་སྐབས་བཙན་གྱིས་ལོ་༢༠་བཟོས་ནས་རྨ་ཆུ་རྫོང་དུ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་ལོ་༡༢་ཀྱི་ཁྲིམས་ཐག་བཅད་ཡོད།

ཁྲིམས་ཁང་དེས་ཉིན་དེར་བོད་མི་གཞན་གཉིས་ལའང་ཟླ་༣པའི་༡༧་ཉིན་གྱི་ཞི་རྒོལ་ལས་འགུལ་ཀྱི་ཉེས་པ་བཙུགས་ནས་ཁྲིམས་ཐག་བཅད་ཡོད་པ་རེད། བོད་མི་ཞི་རྒོལ་བ་ནུར་མ་གོང་མའི་ཝ་འབའ་སྡེ་བའི་སྒྲོལ་སྐྱབས་ཚང་གི་བླ་མ་སྐྱབས། མ་མིང་ན་མེ། རང་ལོ་༡༩ ཡིན་པ། ཁྲིམས་ཆད་ལོ་༡༥དང་། ཁོང་ལ་ཕྱི་ཟླ་༣པའི་ཚེས་༡༧ཉིན་མཚེ་རུ་མ་ཞང་དུ་ཞི་རྒོལ་སྐབས་ཞང་མངགས་གཏོང་ཁང་དང་སྲིད་གཞུང་གི་གཞུང་ལས་ཁང་མེར་སྲེག་བཏང་ཚུལ་གྱི་ཉེས་པ་བཙན་འགེལ་བྱས།

ནུར་མ་གོང་མའི་གཙང་སྐོར་སྡེ་བའི་རོང་མཆིག་ཚང་གི་མཁས་མཆོག་གམ་མིང་གཞན་འཇམ་དཔལ།  རང་ལོ་༣༦། ཁྲིམས་ཆད་ལོ་༡༣ ཕོག  ཁོང་ལ་ཕྱི་ཚེས་༡༧ཉིན་མཚེ་རུ་མ་ཞང་དུ་ཞི་རྒོལ་ལས་འགུལ་སྤེལ་སྐབས། མཚེ་རུ་མ་ཞང་སྲིད་གཞུང་ར་བའི་རྒྱ་དམར་གྱི་རྒྱལ་དར་མར་ཕབ་སྟེ་མེར་སྲེག་གིས་ཚབ་ཏུ་རས་ཡུག་དཀར་པོའི་སྟེང་གངས་རིའི་དཔའ་རྒོལ་ཚོ་རང་དབང་གི་ཆེད་དུ་ལོངས་ཤོག་ཅེས་བྲིས་པ་བསྒྲེངས་འཛུགས་བྱས་པའི་ཉེས་པ་བཙན་འགེལ་བྱས། ཁོང་ལ་ཨ་མ་ནད་མནར་ཞིག་དང་བཟའ་ཟླ། ཕྲུ་གུ་ལོ་བརྒྱད་ཅན་ཞིག་དང་ལོ་ལྔ་ཅན་ཞིག་ལས་མེད། འདི་ལོ་༢༠༡༧་ཟླ་༤པའི་ཚེས་༣༠ལ་ཁོང་ལོ་བཞི་སྔ་ནུར་གྱིས་གློད་གྲོལ་བྱས་ཡོད་མོད་ཁོང་གི་རྐང་བ་ཡ་གཅིག་ནད་པ་ཆགས་མ་ཟད་གཟུགས་གཞིའི་གནས་སྟངས་ཧ་ཅང་སྐྱོ་བོ་འདུག

ཕྱི་ལོ་༢༠༠༨ ཟླ་༣ ཚེས་༡༦ ནས་༡༨ བར་ཉིན་གསུམ་རིང་རྨ་ཆུ་རྫོང་དུ་སློབ་མ་དང་། དགེ་འདུན་པ། འབྲོག་པ་མང་ཚོགས་བཅས་ཀྱིས་རྒྱ་གཞུང་གི་དབང་བསྒྱུར་ལ་ངོ་རྒོལ་གྱི་ལས་འགུལ་བསྟུད་མར་སྤེལ་ཡོད་ལ། ངོ་རྒོལ་སྐབས་ལག་ཏུ་ཁ་བཏགས་དང་། བོད་ཀྱི་རྒྱལ་དར། ༧གོང་ས་མཆོག་གི་སྐུ་པར་བཅས་བཟུང་ནས་བོད་ལ་རང་དབང་དགོས་པ་དང་༧གོང་ས་མཆོག་བོད་ལ་ཕེབས་འཇུག་དགོས་པའི་སྐད་འབོད་བྱས་ཡོད། གཞན་ཡང་ངོ་རྒོལ་ལས་འགུལ་བ་ཚོས་སྲིད་གཞུང་གི་ལས་ཁུངས་ཁག་ལ་རྡོས་གཞུ་བ་དང་སྤྱི་བདེ་མི་སྣའི་རླངས་འཁོར་མེར་སྒྲོན་པ་སོགས་བྱས་ཡོད། སྐབས་དེར་ས་གནས་སྤྱི་བདེ་ལས་ཁུངས་ཡོངས་རྫོགས་མེར་བསྲེགས་ཏེ་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་ཡོད་འདུག
དཀོན་མཆོག་དོན་གྲུབ་ཁོང་མི་ལོ་བཅུ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཆད་བཅད་པའི་ལོ་ཁ་མ་གང་གོང་གློད་པའི་རྒྱུ་མཚན་ཅི་ཡིན་མ་ཤེས་མོད། ཅིག་བྱས་ན་ཁོང་བཙོན་དུ་སྡོད་རིང་སྒྲིག་ལམ་བརྩིས་ནས་སྤྱོད་ལམ་ཚུལ་བཞིན་བསྟེན་པས་ཡིན་སྲིད་ལ། ཡང་ན། ཁོང་ལ་བཅོས་དཀའ་བའི་ནད་གཞི་འདྲ་ཕོག་པས་བཙོན་ཁང་གི་དབང་འཛིན་པ་ཚོས་འགན་འཁུར་མ་ཐུབ་པར་སྔ་ས་ནས་གློད་གྲོལ་བཏང་བའང་ཡིན་སྲིད་སྙམ།
དྲ་རྒྱ་དང་སྤྱི་ཚོགས་འབྲེལ་ལམ་ཁག་ལས་རྒྱ་གཞུང་གིས་སྟངས་འཛིན་ནན་པོ་བྱེད་ཀྱི་ཡོད་སྟབས། ད་བར་ཁོང་གི་སྐོར་གྱི་གནས་ཚུལ་ཞིབ་རྒྱས་ཤེས་ཐབས་མ་བྱུང་། རྒྱ་ནག་གི་དབང་འཛིན་པ་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་འཚོག་ལ་ཉེ་བས་ཕྱོགས་ཡོངས་ལ་དོ་ནན་བྱེད་ཀྱི་ཡོད་འདུག ད་ལོ་ཕྱི་ཟླ་དྲུག་པ་ནས་དྲ་ལམ་བདེ་འཇགས་ཀྱི་ཁྲིམས་སྒྲིག་གསར་པ་བཞི་གཏན་འབེབས་དང་ལག་བསྟར་བྱ་འགོ་ཚུགས་སྟབས། གནས་ཚུལ་མང་པོ་ཞིག་བསྐུར་ཐབས་མེད་པར་འགྱུར་བཞིན་ཡོད།

About Tibetan Section TCHRD

Check Also

༧གོང་ས་མཆོག་གི་ཕྱག་དེབ་ཉར་བར་བརྟེན་མི་ལོ་བཅུ་གཉིས་རིང་བཙོན་འཇུག་བྱས་པའི་བོད་མི་ཆབ་སྲིད་བཙོན་པ་ཞིག་གློག་གྲོལ་ཐོབ་པ།

བོད་མི་ཆབ་སྲིད་བཙོན་ཟུར་བསོད་ནམས་རྒྱལ་པོ་ཟེར་བ་ཞིག་ལྷ་ས་གྲོང་ཁྱེར་གྱི་ནུབ་ཕྱོགས་སུ་ཡོད་པའི་ཆུ་ཤུལ་བཙོན་ཁང་ཏུ་མི་ལོ་བཅུ་གཉིས་རིང་བཙོན་འཇུག་བྱས་མཐར་ཟླ་སྔོན་མའི་ནང་གློད་གྲོལ་ཐོབ་ཡོད་འདུག ཟླ་༨ ཚེས་༢༧ ཉིན་ལོ་ན་༥༦ ལ་སོན་པའི་བསོད་ནམས་རྒྱལ་པོ་མཆོག་བཙོན་ནས་གློད་དེ་བོད་རང་སྐྱོང་ལྗོངས་ཁོངས་ལྷོ་ཁ་ཁུལ་དུ་རང་ཁྱིམ་ལ་ལོག་ཡོད་འདུག་མོད། གནས་ཚུལ་ཞིབ་རྒྱས་ད་དུང་ཤེས་རྟོགས་བྱུང་མེད། འདས་པའི་ལོ་རབས་གསུམ་མམ་ལོ་ངོ་སུམ་ཅུ་ལྷག་གི་རིང་རྒྱུ་མཚན་ངེས་གཏན་དང་ཁ་གསལ་མེད་གང་ཡང་མེད་པར། ཆབ་སྲིད་ལ་འབྲེལ་བ་ཡོད་པར་བསྙད་ནས་ཁྱོན་བསྡོམས་ཁོང་མི་ལོ་བཅུ་དྲུག་རིང་བཙོན་འཇུག་བྱས་ཡོད། ཁོང་ལོ་བཅུ་གཉིས་རིང་བཙོན་འཇུག་བྱས་པ་དེ་ནི་ཁོང་བཙོན་ལ་འཇུག་ཐེངས་གསུམ་ཡིན་འདུག བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིསྙན་ཐོའི་ནང་། ཕྱི་ལོ་༢༠༠༥ ཟླ་༨ ཚེས་༢༨ ཉིན་རྒྱ་གཞུང་གི་སྤྱི་བདེ་མི་སྣ་ཁག་ལྷ་སར་ཁོང་གི་ཁྱིམ་དུ་ཡོང་ནས་འཛིན་བཟུང་བཀག་ཉར་བྱས་ཡོད། སྐབས་དེར་བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ་ངོ་༤༠ ...

Leave a Reply

Your email address will not be published. Required fields are marked *