Friday , January 19 2018
Home / གསར་འགྱུར། / རྒྱ་གཞུང་གིས་བཀག་བསྡོམས་བྱས་པའི་བོད་ཀྱི་དགེ་འདུན་པ་ཞིག་གི་བརྩམས་ཆོས་འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་དཔར་བསྐྲུན་གྱིས་དབུ་འབྱེད་བྱས་པ།

རྒྱ་གཞུང་གིས་བཀག་བསྡོམས་བྱས་པའི་བོད་ཀྱི་དགེ་འདུན་པ་ཞིག་གི་བརྩམས་ཆོས་འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་དཔར་བསྐྲུན་གྱིས་དབུ་འབྱེད་བྱས་པ།

ཐེངས་འདིར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བོད་ནང་གནས་བཞུགས་དགེ་འདུན་པ་ཀླུ་དཀོན་མཆོག་རྒྱ་མཚོས་བྲིས་པའི་དེབ་<<ཉིན་ཞག་ང་བཞི།>>ཞེས་པ་དཔར་བསྐྲུན་བྱ་རྒྱུ་བྱུང་བར་དགའ་བོ་བྱུང་། དེབ་འདིའི་ནང་རྩོམ་པ་པོ་ཁོང་གིས་ཕྱི་ལོ་༡༩༩༤ ལོར་ཧི་མ་ལ་ཡ་བརྒལ་ནས་བཙན་བྱོལ་དུ་ཡོང་བའི་ལམ་བར་གྱི་འཇིགས་སྐྲག་དང་། ཉེན་ཁ། དཀའ་ཚེགས་ཆེ་བའི་འགྲུལ་བཞུད་བཅས་ཀྱི་མྱོང་ཚོར། བོད་མིའི་བླ་ན་མེད་པའི་སྐྱབས་གནས་༧་སྤྱི་ནོར་༧གོང་ས་མཆོག་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཚུལ། བྱེས་ཀྱི་གདན་ས་ཆེན་པོ་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་གཞུང་ཆེན་བཀའ་པོད་ལྔར་སློབ་གཉེར་གནང་སྟེ་ཕྱི་ལོ་༢༠༠༠ ལོ་ཕྱིར་བོད་དུ་ལོག་པ། དེ་བཞིན་ཕྱི་ལོ་༢༠༡༥ ལོར་དེབ་འདི་བརྩམས་གྲུབ་པ་བྱས་པའི་རིམ་པ་དང་གནས་ཚུལ་ཞིབ་ཕྲ་འཁོད་ཡོད། 

 
ཀླུ་དཀོན་མཆོག་རྒྱ་མཚོ་ནི་མདོ་སྨད་གཅན་ཚའི་ཡུལ་གྱི་ལ་མོ་བདེ་ཆེན་དགོན་པའི་གྲྭ་བ་ཞིག་ཡིན་པ་དང་། ཕྱི་ལོ་༢༠༡༥ ཟླ་༡༡ ཚེས་༧ ཉིན་ཁོང་གིས་དེབ་འདི་དཔར་བསྐྲུན་བྱ་རྩིས་བྱས་པར་བརྟེན་རྒྱ་གཞུང་གི་དབང་འཛིན་པ་ཚོས་ཁོང་འཛིན་བཟུང་བཀག་ཉར་བྱས་ཡོད། མཚན་གུང་ཆུ་ཚོད་གཉིས་པ་ཙམ་ལ་གཅན་ཚ་རྫོང་གི་སྤྱི་བདེ་མི་སྣ་ཁོང་གི་ཁྱིམ་ལ་འཛུལ་ནས་སྔོག་གཤེར་གྱིས་ཁ་པར་དང་གློག་ཀླད་གཞུང་བཞེས་བཏང་བ་མ་ཟད། གཅན་ཚ་རྫོང་སྤྱི་བདེ་ལས་ཁུངས་སུ་ཁྲིད་དེ་འདྲི་རྩད་བྱས་ཤིང་། དེ་རྗེས་རྨ་ལྷོ་ཁུལ་བདེ་འཇགས་ཅུའུ་ལ་ཁྲིད་དེ་ཉིན་དྲུག་རིང་གསང་བའི་སྒོ་ནས་བཀར་ཉར་བྱས་ཡོད། བདེ་འཇགས་ཅུའུ་ནས་ཁོང་གི་དེབ་དཔར་བསྐྲུན་འགྲེམས་སྤེལ་རིགས་བྱ་མི་ཆོག་པ་དང་དེ་ལྟར་བྱས་ཚེ་བཙོན་འཇུག་ཁྲིམས་ཆད་གཅོད་ངེས་ཡིན་པའི་ཉེན་བརྡ་ཡང་བཏང་ཡོད།
 
དུས་རྒྱུན་འདི་ག་ནས་བོད་ནང་གི་རྩོམ་པ་པོ་དང་བོད་མི་ཚོས་རང་ཉིད་ཀྱི་སེམས་ཚོར་དང་བསམ་བློ་གླེང་སའི་ཁོར་ཡུག་མེད་བཞིན་དུ་སྙིང་སྟོབས་ཆེར་བསྐྱེད་དང་རིགས་ཞེན་ལྷག་བསམ་འགྱུར་མེད་ཀྱིས་སྨྲ་བརྗོད་རང་དབང་གི་ཐོབ་ཐང་རྩོད་ལེན་བྱེད་ཀྱི་ཡོད་པར་རྒྱབ་སྐྱོར་དང་མཐུན་འགྱུར་ཡོང་ཐབས་སུ་ལག་སོན་བྱུང་བའི་དེབ་དང་། རྩོམ་ཡིག བསྐུར་ཡིག་སོགས་དཔར་བསྐྲུན་འགྲེམས་སྤེལ་གང་ཐུབ་ཞུ་བཞིན་ཡོད་པ་ལྟར། ཐེངས་འདིར་ཡང་ཀླུ་དཀོན་མཆོག་རྒྱ་མཚོ་མཆོག་གི་བརྩམས་ཆོས་འདི་དཔར་བསྐྲུན་བྱས་པ་ཡིན།
 
དེབ་འདི་ནི་འདི་ག་ལྟེ་གནས་ཁང་དུ་བོད་ནང་ནས་ཐད་གར་ལག་སོན་བྱུང་བ་ཞིག་ཡིན་པས། རྩོམ་པ་པོའི་ཚིག་དོན་དང་བརྗོད་པ་སོགས་ཀྱི་ཐད་འགྱུར་བ་གང་ཡང་མ་བཏང་པར་རང་སོར་བཞག་ནས་དཔེ་བསྐྲུན་བྱས་ཡོད་ལ། མི་འགྱང་པར་ཨིན་སྐད་ཐོག་བསྒྱུར་ནས་དཔར་བསྐྲུན་བྱ་འཆར་ཡོད། 
དེབ་འདི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་རིན་མེད་འགྲེམས་སྤེལ་བྱེད་རྒྱུ་ཡིན་པས་དེ་ལུགས་དགོངས་འཇགས་ཞུ། འབྲེལ་མཐུདའདི་མནན་ན་དྲྭ་ཐོག་ནས་བཀླག་ཐུབ་པ་ཡོད།

About Tibetan Section TCHRD

Check Also

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཕྱི་ལོ་༢༠༡༧ ལོའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོར་སྤེལ་བའི་བསྒྲགས་གཏམ།

ཕྱི་ཟླ་༡༢ ཚེས་༡༠ ཉིན་ནི། འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་བའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་ཡིན། འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་དེ་ནི་འགྲོ་བ་མི་ཚང་མར་གཅིག་མཚུངས་དང་ལྷན་སྐྱེས་སུ་གཞི་རྩའི་ཐོབ་ཐང་དང་རང་དབང་ཡོད་པར་གསལ་འདེབས་ཀྱི་ཡིག་ཆ་ཐོག་མ་ཡིན་ལ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལུགས་རྩ་འཛིན་ཡིག་ཆར་ངོས་འཛིན་བྱེད་ཀྱི་ཡོད། དེ་ནི་ཁྲིམས་ལུགས་དང་རིག་གཞུང་སྣ་ཚོགས་ཀྱི་རྒྱབ་ལྗོངས་ཡོད་པའི་འཐུས་མི་མང་པོ་འཛོམས་ཏེ་ཟིན་བྲིས་སུ་བཏབ་པ་ཞིག་ཡིན། སྐབས་དེའི་འཐུས་མིའི་ནང་ཕྱི་སྲིད་ལས་དོན་པ་དང་མཚན་ཉིད་རིག་པ་བར་གྲགས་པའི་རྒྱ་རིགས་ཕེང་ཆོན་ཆང་ Peng-chun Chang ཡང་མཉམ་ཞུགས་བྱས་ཡོད། ཁོང་ནི་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཞོན་གནང་མྱོང་མཁན་ཞིག་ཀྱང་ཡིན།  གལ་གནད་ཆེ་བའི་ཡིག་ཆ་འདི་ཡོངས་ཁྱབ་གསལ་བསྒྲགས་བྱས་པར་སྲུང་བརྩི་དང་བསྐྱར་ནན་དུ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ཡང་མཉམ་འབྲེལ་རྒྱལ་ཚོགས་ངོས་ནས་ལོ་རྗེས་མར་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཏེ་ལོ་བདུན་ཅུ་འཁོར་བའི་དུས་དྲན་སྲུང་བརྩིའི་ཆེད་ལོ་ཧྲིལ་བོར་ལས་འགུལ་སྤེལ་བའི་ལས་འཆར་ལ་མཉམ་ཞུགས་བྱེད་ཀྱི་ཡོད། འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་འདི་ནི་ཕྱི་ལོ་༡༩༤༨ ཟླ་༡༢ ཚེས་༡༠ ...

Leave a Reply

Your email address will not be published. Required fields are marked *