Sunday , July 22 2018
Home / གསར་འགྱུར། / བོད་ཀྱི་བསྟུན་རྒོལ་ཁྲིམས་གཏུགས་ལས་འགུལ་གྱི་ཞིབ་འཇུག་སྙན་ཐོ།

བོད་ཀྱི་བསྟུན་རྒོལ་ཁྲིམས་གཏུགས་ལས་འགུལ་གྱི་ཞིབ་འཇུག་སྙན་ཐོ།

ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་འཚོགས་ལ་ཉེས་པའི་དུས་མཚམས་འདིར། འདི་ག་ནས་༼ བོད་ཀྱི་བསྟུན་རྒོལ་ཁྲིམས་གཏུགས་ལས་འགུལ་གྱི་ཞིབ་འཇུག་སྙན་ཐོ། ༽འགྲེམས་སྤེལ་བྱེད་པ་དང་སྦྲགས། རྒྱ་ནག་སྲིད་གཞུང་གིས་ཁ་ཞེ་གཉིས་མེད་ཀྱིས་བོད་ཀྱི་གནད་དོན་དང་དཀའ་རྙོག་སེལ་ཐབས་ལ་སྨན་པའི་སྲིད་ཇུས་འཛིན་དགོས་པའི་གནད་བསྟན་ཡོད། དེ་བཞིན་བོད་ནང་གི་ཛ་དྲག་གནས་སྟངས་ཞི་འཇགས་ཡོང་བར། རྒྱ་ནག་གཞུང་གིས་བོད་ནང་གི་དངོས་ཡོད་གནས་སྟངས་དང་བོད་ཀྱི་གནད་དོན་ལ་བསྐྱར་ཞིབ་ཡང་དག་བྱ་དགོས་ལ། བོད་མི་ཚོའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་གྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལེགས་བཅོས་བྱ་དགོས་པ་མ་ཟད། བོད་མིའི་རེ་འདུན་ལ་ཉན་འཇོག་གིས་བོད་ཐོག་འཛིན་པའི་ནོར་འཁྲུལ་ཅན་གྱི་སྲིད་ཇུས་བསྒྱུར་དགོས་ཤིང་། བོད་ཀྱི་གནད་དོན་ཐག་གཅོད་ལ་ཕན་པའི་ཁོར་ཡུག་བཟང་པོ་བསྐྲུན་དགོས་པ་གལ་ཆེན་ཡིན་ཚུལ་གསལ་བཤད་བྱེད་ཀྱི་ཡོད།

སྙན་ཐོ་འདིའི་ནང་ལོ་ངོ་བདུན་ཅུར་ཉེ་བའི་རིང་སྒེར་དང་མི་རིགས་ཀྱི་ཐོབ་ཐང་ཆེད་བོད་མི་ཚོས་འཐབ་རྩོད་བྱས་པའི་ལོ་རྒྱུས་ལ་གཟབ་ནན་གྱིས་ཞིབ་འཇུག་བྱས་ཡོད་ཅིང་། ཕྱི་ལོ་༡༩༤༩ ལོར་རྒྱ་ནག་གིས་བོད་རྒྱལ་ཁབ་ཀྱི་བདག་དབང་ལ་བཙན་འཛུལ་བྱས་པ་ནི་བོད་མི་རིགས་ཀྱིས་ཐོབ་ཐང་རྩོད་ལེན་བྱེད་པའི་རྐྱེན་རྩ་ཡིན་པ་དང་། རྒྱ་ནག་གཞུང་གིས་སྔ་ཕྱི་བར་གསུམ་དུ་བོད་མི་རིགས་རྩ་མེད་བཟོ་པའི་མི་སེར་སྤེལ་ཡུལ་གྱི་སྲིད་ཇུས་ལག་བསྟར་བྱས་དང་བྱེད་བཞིན་པ་འདི་ནི། བོད་མི་རིགས་ཀྱིས་རྒྱུན་ཆད་མེད་པར་ཐོབ་ཐང་རྩོད་ལེན་གྱི་ལས་འགུལ་སྣ་ཚོགས་སྤེལ་བའི་རྒྱུ་རྐྱེན་གཙོ་བོར་གྱུར་ཡོད་ཚུལ་བསྟན་ཡོད།

བོད་ཀྱི་བསྟུན་རྒོལ་ཁྲིམས་གཏུགས་ལས་འགུལ་ནི། རྒྱ་ནག་དམར་པོའི་དབང་བསྒྱུར་འོག་བོད་མི་རིགས་ཀྱི་ཁེ་དབང་ཆེད་ཞུ་གཏུགས་གནང་མཁན་བོད་རིགས་མཐོ་རིམ་དམར་ཤོག་པ་དང་བོད་ནང་གི་བོད་ཀྱི་དབུ་ཁྲིད་ཚོས་བརྩམས་པ་ཞིག་ཡིན་ལ། ཁོང་ཚོར་རྒྱ་ནག་གཞུང་གིས་མནར་གཅོད་ཚད་མེད་བཏང་སྟེ་མི་ལོ་ངོ་བཅུ་ཕྲག་ལྷག་གི་རིང་བཙོན་དུ་བཅུག་མྱོང་ཡོད། དཔེར་ན། བོད་མི་མཐོ་རིམ་དམར་ཤོག་པ་ཕུན་ཚོགས་དབང་རྒྱལ་དང་། ༧པཎ་ཆེན་སྐུ་ཕྲེང་བཅུ་བ་ལྟ་བུའོ།། དེ་བཞིན་བོད་ཀྱི་ཤེས་ལྡན་མི་སྣ་དང་མི་དམངས་དཀྱུས་མ་ཚོས་ཀྱང་དངོས་ཤུགས་བརྒྱུད་གསུམ་ནས་བསྟུན་རྒོལ་ཁྲིམས་གཏུགས་ཀྱི་ལས་འགུལ་མཚམས་བཞག་མྱོང་མེད། དཔེར་ན་ལོ་རབས་དྲུག་ཅུ་བའི་ནང་བོད་ཀྱི་ཡུལ་ལུང་སོ་སོ་ནས་ངོ་རྒོལ་ལས་འགུལ་རིམ་པར་སྤེལ་བ་དང་། ལོ་རབས་བརྒྱད་ཅུ་བའི་ནང་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་ས་གནས་ཁག་ནས་ངོ་རྒོལ་ལས་འགུལ་བསྟུད་མར་སྤེལ་ཡོད་པ་ལྟ་བུའོ།།

ཕྱི་ལོ་༢༠༠༨ ལོར་བོད་དུ་འཛམ་གླིང་མི་མང་ཀུན་ཧང་སང་དགོས་པའི་ཞི་རྒོལ་གྱི་ལས་འགུལ་ཆེན་པོ་བྱུང་ཞིང་། དེ་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་མདོ་དབུས་ཁམས་གསུམ་ཀྱི་ས་ཁུལ་གང་སར་ཁྱབ་པར་གྱུར། དེ་ནི་བོད་མི་ཚོས་གཞི་རྒྱ་ཆེ་ཞིང་མངོན་གསལ་དོད་པོས་སྤེལ་བའི་ཐོབ་ཐང་རྩོད་ལེན་དང་སྲུང་སྐྱོབ་ཀྱི་ལས་འགུལ་ཆེན་པོ་ཞིག་ཡིན། དེར་རྒྱ་ནག་གཞུང་གིས་ཡ་ང་སྙིང་རྗེ་མེད་པའི་དྲག་གནོན་བྱས་པས། བོད་ཀྱི་མཐོ་རིམ་སློབ་མ་དང་ཤེས་ལྡན་མི་སྣ་ཚོས་ས་ཁུལ་གང་ས་ནས་ཐོབ་ཐང་རྩོད་ལེན་གྱི་རྦ་རླབས་དྲག་པོ་བསླངས་ཡོད། ལྷག་པར་དུ་ཕྱི་ལོ་༢༠༠༩ ལོར་རང་ལུས་མེར་སྲེག་གི་ཞི་བའི་ངོ་རྒོལ་བྱུང་པ་ནས། བོད་ཀྱི་ཤེས་ལྡན་པ་ཚོས་ཐོབ་ཐང་སྲུང་སྐྱོབ་དང་རྩོད་ལེན་གྱི་ཐབས་ལ་བགྲོ་གླེང་དང་། ཕྱོགས་ཡོངས་ནས་ཞིབ་འཇུག་བྱེད་འགོ་བཙུགས་ཡོད། ཁོ་ཚོས་འཚེ་མེད་ཞི་བའི་ངོ་རྒོལ་དང་། སྲིད་གཞུང་ལ་མཉམ་འབྲེལ་མི་བྱེད་པའི་ལས་འགུལ། རྒྱལ་སྤྱིའི་ཁྲིམས། རྒྱ་ནག་གི་ཁྲིམས་སོགས་ཀྱི་སྐོར་ལ་ཁ་ཕྱོགས་མི་འདྲ་བའི་སྒོ་ནས་ཞིབ་འཇུག་བྱེད་ཀྱི་ཡོད། དཔེར་ན། བཀྲ་རྒྱའི་<<གནམ་ས་གོ་འབྱེད།>>དང་། ངྷཱཿལྷ་ལྡན་གྱི་<<བསྟུན་རྒོལ་ཁྲིམས་གཏུགས།>>སོགས་བརྩམས་ཆོས་ཚད་ལྡན་འགའ་བྱུང་བ་ལྟ་བུའོ།། དེ་བཞིན་བཀྲ་ཤིས་དབང་ཕྱུག་གིས་མངོན་གསལ་དོད་པོས་རྒྱ་ནག་གཞུང་ལ་ཁྲིམས་ལུགས་ལག་བསྟར་གྱིས་བོད་ཀྱི་སྐད་དང་ཡི་གེ་སློབ་སྦྱོང་དང་བེད་སྤྱོད་ཀྱི་ཐོབ་ཐང་སྤྲོད་དགོས་པའི་རེ་སྐུལ་ཞུ་བའི་འཐབ་རྩོད་ཀྱི་རྣམ་པ་གསར་པ་ཞིག་གི་ཁ་ཕྱོགས་བཏོད་ཡོད། འདི་ནི་བོད་ཀྱི་བསྟུན་རྒོལ་ཁྲིམས་གཏུགས་ཀྱི་ལས་འགུལ་ལ་ངོས་འཛིན་དགོས་ཀྱི་ཡོད།

སྙན་ཐོ་འདིའི་ནང་རྒྱ་ནག་གཞུང་གིས་ཉེ་བའི་ལོ་འགའི་ནང་སྐད་གསང་མཐོ་པོས་སྒྲོག་བཞིན་པའི་ཁྲིམས་སྐྱོང་ཟེར་བ་ནི། རྒྱལ་སྤྱིའི་སྤྱི་ཚོགས་དང་མངའ་འོག་གི་འབངས་མི་སེར་ཚོར་མགོ་སྐོར་གཏོང་བྱེད་ཙམ་ལས་མ་འདས་ཤིང་། དོན་དངོས་སུ་དུས་རབས་སྔོན་མའི་ལོ་རབས་དྲུག་ཅུ་བའི་ནང་བོད་ཀྱི་མཐོ་རིམ་དམར་ཤོག་པ་ཕུན་ཚོགས་དབང་རྒྱལ་དང་༧པཎ་ཆེ་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་སོགས་ཀྱིས་རྒྱ་ནག་གཞུང་གི་ཁྲིམས་དང་དམར་ཤོག་ཚོགས་པའི་རྩ་འཛིན་ལྟར་བོད་མི་རིགས་ཀྱི་གཞི་རྩའི་ཐོབ་ཐང་དང་ཁེ་དབང་སྲུང་སྐྱོབ་གནང་ཐབས་བྱས་པར་རྒྱ་ནག་གཞུང་གིས་བཙོན་འཇུག་མནར་གཅོད་ཚད་མེད་བཏང་བ་དང་། དེའི་རྗེས་སུ་ཡང་བསྐྱར་༧པཎ་ཆེན་སྐུ་ཕྲེང་བཅུ་པ་དང་བོད་མི་མཐོ་རིམ་མི་སྣ་ཚོས་རྒྱ་ནག་གཞུང་གི་རྩ་ཁྲིམས་དང་མི་རིགས་ས་ཁུལ་རང་སྐྱོང་གི་བཅའ་ཁྲིམས་ལྟར་བོད་མིའི་ཐོབ་ཐང་སྲུང་སྐྱོབ་གནང་ཐབས་བྱས་པར་ཕམ་ཁ་བྱུང་བ་བཅས་ནས། ད་བར་རྒྱ་ནག་གཞུང་གིས་ཕྱི་ལ་སྒྲོག་པའི་ཁྲིམས་སྐྱོང་དང་ཁྲིམས་ཟེར་བ་ནི་ཤོག་བུའི་སྟེང་འཁོད་པ་ཙམ་ལས་ལག་ལེན་དུ་མེད་པ་གསལ་སྟོན་བྱས་ཡོད།

རྒྱ་ནག་གཞུང་གི་ཁྲིམས་སྐྱོང་ཟེར་བ་ནི་དམར་ཤོག་གི་དབང་ཆ་སྲུང་སྐྱོབ་ཁོ་ནའི་ཆེད་ཡིན། རྒྱུ་མཚན་ནི། རྒྱ་ནག་གཞུང་གིས་ཏང་ངམ་དམར་ཤོག་གི་ལམ་ལུགས་སྐྱོང་ཐབས་འབའ་ཞིག་བྱེད་ཀྱི་ཡོད། ཁྲིམས་སྐྱོང་དང་ཏང་སྐྱོང་གཉིས་མཉམ་དུ་ཡོང་ཐབས་གཏན་ནས་མེད། མཐར་ཐུག་གི་དམིགས་ཡུལ་ལ་ཏང་སྐྱོང་བཟུང་ཚེ་ཁྲིམས་སྐྱོང་ཞིག་ཡོང་ཐབས་རྩ་ནས་མེད། དོན་དངོས་སུ་རྒྱ་ནག་གཞུང་གིས་སྒྲོག་པའི་ཁྲིམས་སྐྱོང་ཟེར་བ་རྫུན་མ་ཡིན་པའི་རྒྱུ་མཚན་བོད་ཀྱི་གནད་དོན་དང་བོད་དུ་འབྱུང་བཞིན་པའི་གནས་ཚུལ་གཅིག་པུར་གཞིགས་ནས་བཤད་པ་ཙམ་མིན་པར། རྒྱ་ནག་ཏུ་བྱུང་དང་འབྱུང་བཞིན་པའི་ཝེ་ཆན་ལས་འགུལ་གྱིས་ཀྱང་ར་སྤྲོད་གསལ་པོ་བྱེད་ཀྱི་ཡོད། དཔེར་ན། ཕྱི་ལོ་༢༠༡༥ ཟླ་༧ ཚེས་༩ ཉིན་རྒྱ་ནག་གི་ཁྲིམས་རྩོད་པ་དང་། ཝེ་ཆན་ཞུ་གཏུགས་པ་དང་དེ་དག་གི་ནང་མི་སོགས་མི་སྣ་བརྒྱ་ཕྲག་ལྷག་རྒྱ་གཞུང་གིས་འཛིན་བཟུང་བྱས་སྟབས། དོན་རྐྱེན་༧༠༨ ཞེས་ཡོངས་སུ་གྲགས་པ་བྱུང་ནས། རྒྱ་ནག་གཞུང་གིས་གང་སར་སྒྲོག་པའི་ཁྲིམས་སྐྱོང་ཞེས་པའི་རྫུན་གྱི་གདོང་འབག་བཤུས་ཡོད་པ་ལྟ་བུའོ།།

མཐར་འདི་ག་ནས་རྒྱ་ནག་གཞུང་ལ་བོད་མི་ཚོས་ཀྱང་འགྲོ་བ་མིར་ལྷན་སྐྱེས་སུ་མངའ་བའི་གཞི་རྩའི་ཐོབ་ཐང་ཀུན་ལོངས་སུ་སྤྱོད་ཐུབ་པའི་ཆ་རྐྱེན་བསྐྲུན་དགོས་པ་དང་། བོད་ཀྱི་གནད་དོན་དངོས་དང་ལེན་གྱིས་མི་ངོ་དྲུག་ཅུ་ལྷག་རིང་ལག་བསྟར་བྱས་པའི་ནོར་འཁྲུལ་ཅན་གྱི་སྲིད་ཇུས་ལེགས་བཅོས་དང་། བོད་དོན་ཐག་གཅོད་ཡོང་བའི་ཁོར་ཡུག་ལེགས་པོ་བསྐྲུན་རྒྱུ་སོགས་འཚོགས་ལ་ཉེ་པའི་སྐབས་བཅུ་དགུ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཐོག་དོ་སྣང་དང་བགྲོ་གླེང་གནང་དགོས་པའི་འབོད་སྐུལ་་ཞུ་ཡི་ཡོད། དེ་བཞིན་རྒྱ་ནག་སྲིད་གཞུང་གི་འགོ་ཁྲིད་ཚོར་༼མེ་མདའ་ཁ་ནས་སྲིད་དབང་འབྱུང་༽ཟེར་བའི་ལྟ་ཚུལ་མ་རུང་པ་འཁྲེགས་འཛིན་གྱིས་མུ་མཐུད་བོད་མི་ཚོར་དྲག་གནོན་ཚད་ལས་འདས་པ་བྱས་ཚེ། བོད་མི་རྣམས་ཀྱང་འུ་ཐུག་ཐབས་ཟད་དུ་གྱུར་ཏེ་བློ་ཡིད་ལས་འདས་པའི་ངོ་རྒོལ་གྱི་དོན་རྐྱེན་ཆེ་ཕྲ་ཅི་བྱུང་ཡང་དེའི་འགན་འཁྲི་ཡོངས་རྫོགས་རྒྱ་ནག་གཞུང་ལ་ཡོད་པའི་གསལ་འདེབས་ནན་ཞུ་བྱ་འདོད་བྱུང་།

རྒྱ་མི་རིགས་དང་རྒྱ་ཡིག་ཐོག་གནས་ཚུལ་ལ་ཐུགས་སྣང་ཅན་ཚོའི་ཆེད། སྙན་ཐོ་འདི་ཐོག་མར་རྒྱ་ཡིག་ཏུ་བྲིས་པ་ཡིན་ལ། ཕྱིས་སུ་བོད་ཡིག་ཐོག་སྙིང་དོན་མདོར་བསྡུས་ཀྱིས་བསྒྱུར་བ་ཞིག་ཡིན། བོད་ཡིག་ཐོག་ཀློག་འདོད་ཡོད་མཁན་ཚོས་འདི་ལ་སྣུན།

རྒྱ་ཡིག་ཐོག་ཀློག་འདོད་ཡོད་མཁན་ཚོས་འདི་ལ་སྣུན

ཕྱི་ལོ་༢༠༡༧ ཟླ་༡༠ ཚེས་༡༧ ཉིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་སྤེལ།

About Tibetan Section TCHRD

Check Also

རྒྱ་རིགས་བོད་མིའི་ཁྲིམས་རྩོད་པའི་སྐོར་གྱི་དམིགས་བསལ་སྙན་ཐོ།

ཁ་སང་ཕྱི་ཚེས་༢༤ ཉིན་གྱི་ཞོགས་པའི་ཆུ་ཚོད་༡༠།༣༠ སྟེང་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ངོས་ནས། རྒྱ་རིགས་བོད་མིའི་ཁྲིམས་རྩོད་པའི་སྐོར་གྱི་དམིགས་བསལ་སྙན་ཐོ་འགྲེམ་སྤེལ་བྱས་ཤིང་། དམིགས་བསལ་སྐུ་མགྲོན་དུ་ཕྱི་སྡོད་རྒྱ་རིགས་རྩོམ་པ་པོ་ལྕམ་ཀྲུའུ་རཱེ་གདན་ཞུ་བྱས་ནས་ཞིབ་འཇུག་སྙན་ཐོ་དབུ་འབྱེད་གནང་ཡོད། འདི་ག་ལྟེ་གནས་ཁང་གི་ངོས་ནས་ཕྱི་ལོ་༢༠༠༨ ལོར་བོད་ས་བྱིའི་ཞི་རྒོལ་ལས་འགུལ་བྱུང་ནས་མི་ལོ་ཧྲིལ་བོ་༡༠ འཁོར་བ་དང་། རྒྱ་རིགས་ཁྲིམས་རྩོད་པ་རྣམ་པས་བོད་མིའི་གྱོད་དོན་ཁྲིམས་རྩོད་ཐད་ལ་རོགས་རམ་གནང་རྒྱུའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཏེ་མི་ལོ་ཧྲིལ་བོ་༡༠ འཁོར་བའི་དུས་དྲན་དང་སྟབས་བསྟུན། རྒྱ་རིགས་བོད་མིའི་ཁྲིམས་རྩོད་པའི་སྐོར་གྱི་དམིགས་བསལ་སྙན་ཐོ་འདི་བཞིན་འགྲེམ་སྤེལ་བྱས་པ་ཡིན་ལ། ལྷག་པར་དུ་བོད་མིའི་དྲང་བདེན་ཁྲིམས་རྩོད་ཐད་ལ་རོགས་རམ་གནང་རྒྱུའི་ཡོངས་ཁྱབ་གསལ་བསྒྲགས་དེ་ལ་མཚན་རྟགས་བསྐྱོན་པ་རྒྱུ་མཚན་དུ་བསྙད་ནས། རྒྱ་གཞུང་གིས་འཁོན་ལན་ཉེ་ཆད་བཅད་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་བཀའ་དྲིན་རྗེས་དྲན་ཞུ་ཆེད་ཀྱང་ཡིན། ཕྱི་ལོ་༢༠༠༨ …

Leave a Reply

Your email address will not be published. Required fields are marked *