Tuesday , October 24 2017
Home / གསར་འགྱུར། / བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་དང་འབྲེལ་བའི་ཞུ་ཡིག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་ཕུལ།

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་དང་འབྲེལ་བའི་ཞུ་ཡིག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་ཕུལ།

ཕྱི་ཟླ་༩ ཚེས་༡༩ ཉིན། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པའི་ཉིན་དང་པོར། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་དང་འབྲེལ་བའི་ཞུ་ཡིག་གྲོས་ཚོགས་འཐུས་མི་རེ་རེའི་ཕྱག་ཏུ་ཕུལ་ཡོད།

ཤོག་གྲངས་གཉིས་ཅན་གྱི་ཞུ་ཡིག་དེའི་ནང་། ཕྱི་ལོ་༢༠༡༧ ཟླ་༧ ནང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དང་བོད་ཀྱི་བུད་མེད་ལྷན་ཚོགས་གཉིས་ཀྱིས་མཉམ་འབྲེལ་ཐོག་མང་གཙོའི་གོ་རྟོགས་གོང་འཕེལ་སྐོར་བསྐྱོད་ལས་གཞིའི་སྐབས་མང་ཚོགས་ཀྱིས་བཏོན་པའི་རེ་འདུན་དང་བསམ་འཆར་རྣམས་ཕྱོགས་བསྡུས་བྱས་ཡོད། བསམ་ཚུལ་དེ་དག་ནི་འདི་ག་ལྟེ་གནས་ནས་མང་གཙོའི་གོ་རྟོགས་གོང་འཕེལ་སྐོར་བསྐྱོད་སྐབས་མང་ཚོགས་ཀྱི་བསམ་འཆར་ཡིག་ངག་གཉིས་ཐོག་ནས་ཕྱོགས་བསྡུས་བྱས་པ་ཞིག་ཡིན་ལ། མང་ཚོགས་ལ་བསམ་འཆར་བརྙན་དང་མང་ཚོགས་ཀྱི་བསམ་ཚུལ་སྤྱི་བསྡོམས་ཀྱིས་ཡིག་ཐོག་ལ་ཕབ་པའི་ཞུ་ཡིག་བཅས་འཐེབ་སྡེར་ཞིག་གི་ནང་བཅུག་ནས་གྲོས་ཚོགས་ཀྱི་འཐུས་མི་ཚང་མར་ཕུལ་ཡོད།

ཟླ་༩ ཚེས་༡༩ ཉིན་གྱི་ཞོགས་པར་འདི་ག་ལྟེ་གནས་ཁང་གི་ལས་བྱེད་བསྟན་འཛིན་ཟླ་བ་དང་། བསྟན་འཛིན་ཉི་མ། ཁྲི་སྲོང་རྡོ་རྗེ་བཅས་བོད་མི་མང་གྲོས་ཚོགས་ཚོགས་ཁང་གི་སྒོ་ཁར་ཕྱིན་སྟེ་གྲོས་ཚོགས་འཐུས་མི་རྣམ་པའི་ཕྱག་ཏུ་ཞུ་ཡིག་དེ་ཕུལ་ཡོད་ལ། ཟླ་༩ ཚེས་༡༨ ཉིན་འདི་ག་ལྟེ་གནས་ཁང་གིས་ཚོགས་གཙོ་སྦྲེལ་པོའི་གཙོས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱུན་ལས་རྣམ་པར་ཞུ་ཡིག་དེ་དངོས་སུ་ཕུལ་ཡོད།

མང་གཙོའི་གོ་རྟོགས་གོང་འཕེལ་སྐོར་བསྐྱོད་ལས་གཞི་དེ། བོད་མི་འདུས་སྡོད་ཀྱི་ས་གནས་ལྡེ་ར་ལྡུན་དང། ལྡི་ལི། བྷེང་ལོར། སྦེལ་ཀོབ། མོན་གྷོ་ཌ། ཨོ་རི་ས་བཅས་སུ་སྤེལ་ཡོད། མང་ཚོགས་ལ་གོ་བསྡུར་གནང་སྐབས་ཀྱི་དྲི་བ་ཁག་ནི། དང་པོ། ཕྱི་ལོ་༢༠༡༥ ལོའི་སྔོན་འགྲོའི་འོས་བསྡུའི་སྐབས་གླིང་ཆེན་ཨེ་ཤི་ཡའི་མངའ་ཁུལ་གྱི་གཞུང་འབྲེལ་མིན་པའི་འོས་བསྡུའི་སྐོར་ལ་ཆེད་མཁས་སྐུ་ཚབ་ཚོགས་པ་ཞིག་འདི་ག་ནས་གདན་འདྲེན་ཞུས་པ་དེས་བཏོན་པའི་དགོངས་འཆར་དང། གཉིས་པ། ༢༠༡༦ ལོར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་བ་རྣམ་པས་དངོས་གཞིའི་འོས་བསྡུར་རྟོགས་ཞིབ་གནང་རྗེས་བཏོན་པའི་སྙན་ཐོ། གསུམ་པ། བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་ཆེད་འཛུགས་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཚོགས་ཆུང་གི་བསྐྱར་བཅོས་སྙན་ཐོ་དང་འཆར་ཟིན། བཞི་པ། དེ་བཞིན་འདི་ག་ལྟེ་གནས་ཁང་ནས་ཕྱི་ལོ་༢༠༡༦ ཟླ་༦ ནང་ཉིན་གཉིས་རིང་བོད་ཀྱི་མང་གཙོའི་སྐོར་ལ་གྲྭ་བཙུན་དང། གྲོས་ཚོགས་འཐུས་མི། མཐོ་རིམ་སློབ་མ། དགེ་རྒན་སོགས་ཤེས་ཡོན་དང་གོ་རྟོགས་ལྡན་པ་གང་འཚམ་མཉམ་གོ་བསྡུར་བྱས་པའི་དགོངས་འཆར་བཅས་ལ་གཞི་བཞག་ནས་བཟོས་པ་ཞིག་ཡིན།


མང་ཚོགས་གྲངས་སུམ་བརྒྱ་ཙམ་ཞིག་བསམ་ཤོག་བསྡུ་བའི་ཁྱབ་ཁོངས་སུ་མཉམ་ཞུགས་བྱས་ཡོད་ལ་མང་པོ་ཞིག་གིས་གོ་བསྡུར་སྐབས་བརྙན་ནང་བཀའ་མོལ་གནང་ཡོད། སྤྱིར་བསམ་ཤོག་བསྡུ་བ་ནི་མང་ཚོགས་ཀྱི་བསམ་ཚུལ་རགས་བསྡུ་བྱེད་པའི་དཔེ་མཚོན་ཙམ་ལས་མང་ཚོགས་ཡོངས་རྫོགས་ཀྱི་བསམ་ཚུལ་གཞི་གཅིག་ཏུ་འདུས་པ་ཞིག་མིན་ཡང། དེས་མང་གཙོའི་སྤྱི་ཚོགས་ནང་གི་སྟོབས་ཤུགས་ཀྱི་འབྱུང་ཁུངས་གཙོ་བོ་སྟེ་མང་ཚོགས་ཀྱི་བསམ་ཚུལ་དང་། རེ་བ། འདེམ་ཀ་བཅས་མཚོན་གྱི་ཡོད། བསམ་ཤོག་བསྡུས་པའི་གྲུབ་དོན་ནང་བསམ་ཤོག་བསྡུ་ཡུལ་བརྒྱ་ཆ་༧༤ ལྷག་གིས་སྲིད་སྐྱོང་དང་སྤྱི་འཐུས་གཉིས་འོས་འདེམས་སྐབས་སྔོན་འགྲོ་དང་དངོས་གཞིའི་རིམ་པ་གཉིས་ཀ་དགོས་པ་བསྟན་ཡོད་ལ། གཞན་ཡང་བརྒྱ་ཆ་༧༤ ཡིས་སྔོན་འགྲོའི་འོས་འབྲས་གསལ་བསྒྲགས་ཀྱི་དུས་ཡུན་ཐུང་དུ་གཏོང་དགོས་པ་བསྟན་ཡོད།

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཞུ་ཡིག་ནང་ཕུལ་བའི་མང་ཚོགས་ཀྱི་དགོངས་འཆར་དང་གནད་དོན་ལ་དཔལ་ལྡན་བོད་མི་མང་སྤྱི་འཐུས་རྣམ་པས་ཐུགས་ཞིབ་དང་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་གང་མགྱོགས་ཡོང་བར་རེ་བ་བྱེད་ཀྱི་ཡོད། དེ་བཞིན་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཀྱིས་མ་འོངས་པར་སྔར་བས་མང་གཙོའི་ལམ་ལུགས་ཚད་ལྡན་གྱི་ལམ་དུ་བསྐྱོད་ཐུབ་རེ་དང་། མང་ཚོགས་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་རེ་འདུན་དང་བསམ་འཆར་མང་པོར་གཞིགས་ནས་བཅའ་ཁྲིམས་བསྐྱར་བཅོས་གནང་ཕྱོགས་ལའང་ཐུགས་ཞིབ་ཡོང་བའི་རེ་བ་བྱེད་ཀྱི་ཡོད།

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནི་ཕྱི་ལོ་༡༩༩༦ ལོར་བོད་ནང་གི་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་གོང་མཐོར་གཏོང་ཐབས་དང་སྲུང་སྐྱོབ་ཡོང་ཐབས། དེ་བཞིན་བཙན་བྱོལ་ནང་གི་བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་གོ་རྟོགས་སྤེལ་རྒྱུའི་རྩ་དོན་གཉིས་དམིགས་ཡུལ་དུ་བཟུང་སྟེ་བཙུགས་པ་ཞིག་ཡིན། གཞན་ཡང་འདི་ག་ལྟེ་གནས་ཁང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་དུས་དང་རྣམ་པ་ཀུན་དུ་ཞིབ་འཇུག་མཐིལ་ཕྱིན་པ་གནང་རྒྱུ་ཙམ་མ་ཟད། མང་གཙོའི་གོ་རྟོགས་གོང་མཐོར་གཏོང་བའི་ལས་འགུལ་སྤེལ་ཏེ། འགྲོ་བ་མིའི་ཐོབ་ཐང་དང་། ཁྲིམས་སྐྱོང་། རང་དབང་དང་དྲང་བདེན་གྱི་འོས་བསྡུ། མང་གཙོའི་ལམ་ལུགས་ལྡན་པའི་འཛིན་སྐྱོང་། མང་ཚོགས་ཀྱི་མཉམ་ཞུགས་བཅས་ལ་ཆ་འཇོག་ཡོད་པའི་མང་གཙོའི་ལམ་ལུགས་ཚད་ལྡན་ཞིག་བསྐྲུན་པར་ནུས་པ་འདོན་གྱི་ཡོད།

 

 

 

About Tibetan Section TCHRD

Check Also

༧གོང་ས་མཆོག་གི་ཕྱག་དེབ་ཉར་བར་བརྟེན་མི་ལོ་བཅུ་གཉིས་རིང་བཙོན་འཇུག་བྱས་པའི་བོད་མི་ཆབ་སྲིད་བཙོན་པ་ཞིག་གློག་གྲོལ་ཐོབ་པ།

བོད་མི་ཆབ་སྲིད་བཙོན་ཟུར་བསོད་ནམས་རྒྱལ་པོ་ཟེར་བ་ཞིག་ལྷ་ས་གྲོང་ཁྱེར་གྱི་ནུབ་ཕྱོགས་སུ་ཡོད་པའི་ཆུ་ཤུལ་བཙོན་ཁང་ཏུ་མི་ལོ་བཅུ་གཉིས་རིང་བཙོན་འཇུག་བྱས་མཐར་ཟླ་སྔོན་མའི་ནང་གློད་གྲོལ་ཐོབ་ཡོད་འདུག ཟླ་༨ ཚེས་༢༧ ཉིན་ལོ་ན་༥༦ ལ་སོན་པའི་བསོད་ནམས་རྒྱལ་པོ་མཆོག་བཙོན་ནས་གློད་དེ་བོད་རང་སྐྱོང་ལྗོངས་ཁོངས་ལྷོ་ཁ་ཁུལ་དུ་རང་ཁྱིམ་ལ་ལོག་ཡོད་འདུག་མོད། གནས་ཚུལ་ཞིབ་རྒྱས་ད་དུང་ཤེས་རྟོགས་བྱུང་མེད། འདས་པའི་ལོ་རབས་གསུམ་མམ་ལོ་ངོ་སུམ་ཅུ་ལྷག་གི་རིང་རྒྱུ་མཚན་ངེས་གཏན་དང་ཁ་གསལ་མེད་གང་ཡང་མེད་པར། ཆབ་སྲིད་ལ་འབྲེལ་བ་ཡོད་པར་བསྙད་ནས་ཁྱོན་བསྡོམས་ཁོང་མི་ལོ་བཅུ་དྲུག་རིང་བཙོན་འཇུག་བྱས་ཡོད། ཁོང་ལོ་བཅུ་གཉིས་རིང་བཙོན་འཇུག་བྱས་པ་དེ་ནི་ཁོང་བཙོན་ལ་འཇུག་ཐེངས་གསུམ་ཡིན་འདུག བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིསྙན་ཐོའི་ནང་། ཕྱི་ལོ་༢༠༠༥ ཟླ་༨ ཚེས་༢༨ ཉིན་རྒྱ་གཞུང་གི་སྤྱི་བདེ་མི་སྣ་ཁག་ལྷ་སར་ཁོང་གི་ཁྱིམ་དུ་ཡོང་ནས་འཛིན་བཟུང་བཀག་ཉར་བྱས་ཡོད། སྐབས་དེར་བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ་ངོ་༤༠ ...

Leave a Reply

Your email address will not be published. Required fields are marked *