Sunday , November 19 2017
Home / གསར་འགྱུར། / ༧གོང་ས་མཆོག་གི་ཕྱག་དེབ་ཉར་བར་བརྟེན་མི་ལོ་བཅུ་གཉིས་རིང་བཙོན་འཇུག་བྱས་པའི་བོད་མི་ཆབ་སྲིད་བཙོན་པ་ཞིག་གློག་གྲོལ་ཐོབ་པ།

༧གོང་ས་མཆོག་གི་ཕྱག་དེབ་ཉར་བར་བརྟེན་མི་ལོ་བཅུ་གཉིས་རིང་བཙོན་འཇུག་བྱས་པའི་བོད་མི་ཆབ་སྲིད་བཙོན་པ་ཞིག་གློག་གྲོལ་ཐོབ་པ།

བོད་མི་ཆབ་སྲིད་བཙོན་ཟུར་བསོད་ནམས་རྒྱལ་པོ་ཟེར་བ་ཞིག་ལྷ་ས་གྲོང་ཁྱེར་གྱི་ནུབ་ཕྱོགས་སུ་ཡོད་པའི་ཆུ་ཤུལ་བཙོན་ཁང་ཏུ་མི་ལོ་བཅུ་གཉིས་རིང་བཙོན་འཇུག་བྱས་མཐར་ཟླ་སྔོན་མའི་ནང་གློད་གྲོལ་ཐོབ་ཡོད་འདུག

ཟླ་༨ ཚེས་༢༧ ཉིན་ལོ་ན་༥༦ ལ་སོན་པའི་བསོད་ནམས་རྒྱལ་པོ་མཆོག་བཙོན་ནས་གློད་དེ་བོད་རང་སྐྱོང་ལྗོངས་ཁོངས་ལྷོ་ཁ་ཁུལ་དུ་རང་ཁྱིམ་ལ་ལོག་ཡོད་འདུག་མོད། གནས་ཚུལ་ཞིབ་རྒྱས་ད་དུང་ཤེས་རྟོགས་བྱུང་མེད།

འདས་པའི་ལོ་རབས་གསུམ་མམ་ལོ་ངོ་སུམ་ཅུ་ལྷག་གི་རིང་རྒྱུ་མཚན་ངེས་གཏན་དང་ཁ་གསལ་མེད་གང་ཡང་མེད་པར། ཆབ་སྲིད་ལ་འབྲེལ་བ་ཡོད་པར་བསྙད་ནས་ཁྱོན་བསྡོམས་ཁོང་མི་ལོ་བཅུ་དྲུག་རིང་བཙོན་འཇུག་བྱས་ཡོད། ཁོང་ལོ་བཅུ་གཉིས་རིང་བཙོན་འཇུག་བྱས་པ་དེ་ནི་ཁོང་བཙོན་ལ་འཇུག་ཐེངས་གསུམ་ཡིན་འདུག

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིསྙན་ཐོའི་ནང་། ཕྱི་ལོ་༢༠༠༥ ཟླ་༨ ཚེས་༢༨ ཉིན་རྒྱ་གཞུང་གི་སྤྱི་བདེ་མི་སྣ་ཁག་ལྷ་སར་ཁོང་གི་ཁྱིམ་དུ་ཡོང་ནས་འཛིན་བཟུང་བཀག་ཉར་བྱས་ཡོད། སྐབས་དེར་བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ་ངོ་༤༠ འཁོར་བའི་དུས་དྲན་ལ་ཁེལ་ཡོད་པ་དང་། དེ་ནི་རྒྱ་གཞུང་གི་དབང་འཛིན་པ་ཚོས་སྲིད་དོན་དང་འབྲེལ་བའི་དུས་དྲན་གལ་ཆེན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། བསོད་ནམས་རྒྱལ་པོ་ནི་སྐབས་དེར་བོད་མི་བཅུ་འཛིན་བཟུང་བྱས་པའི་ནང་གི་གཅིག་ཡིན། དུས་དྲན་བྱེད་རིང་རྒྱ་གཞུང་གི་དབང་འཛིན་པ་ཚོས་ལྷ་ས་གཙོས་བོད་ཀྱི་ས་གནས་གང་སར་དོགས་ཟོན་དང་སྟངས་འཛིན་ནན་པོས་གནས་ཚུལ་གང་ཡང་མི་འབྱུང་ཐབས་ལ་ཧུར་བརྩོན་བྱས་པ་མ་ཟད། བོད་ནི་བདེ་སྐྱིད་དང་ལྡན་པ། དེང་རབས་ཅན་ལ་ཕྱོགས་པ། འབྱོར་བ་ཕུན་སུམ་ཚོགས་པ་ཞིག་ཏུ་གྱུར་ཡོད་ཚུལ་གྱི་དྲིལ་བསྒྲགས་གང་ཐུབ་ཡོང་ཐབས་བྱས་ཡོད། རྒྱ་གཞུང་སྤྱི་བདེ་མི་སྣ་ཚོས་སྲིད་དོན་དང་འབྲེལ་བར་དོགས་པ་ཡོད་པའི་ཁྱིམ་ཚང་རྣམས་སྔོག་གཤེར་བྱས་ཤིང་། བསོད་ནམས་རྒྱལ་པོའི་ཁྱིམ་དུའང་སྔོག་གཤེར་བྱས་ཏེ་༧གོང་ས་མཆོག་གི་གསུང་ཆོས་གནང་བའི་བརྙན་འཁོར་བཞི་དང་། ཕྱག་དེབ་ཁག་ཅིག དེ་བཞིན་སྐུ་པར་ཁག་ཅིག་བཅས་ཁྲིམས་འགལ་གྱི་ཉེས་པ་བསགས་པའི་བདེན་དཔང་ལྟ་བུར་ལག་སོན་བྱུང་ཡོད།

ཕྱི་ལོ་༢༠༠༦ ལོའི་དཀྱིལ་ཙམ་ལ་ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་བསོད་ནམས་རྒྱལ་པོས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་ལས་བསྒྲུབས་པར་བསྙད་དེ་མི་ལོ་བཅུ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད། ཁོང་ལ་བཙོན་འཇུག་ཁྲིམས་ཆད་མ་བཅད་གོང་། ཟླ་བ་བཅུ་ཙམ་རིང་ལྷ་ས་རུ་བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གི་ལྟ་སྲུང་ཁང་དུ་སུ་ལའང་ཐུག་འཕྲད་དང་འབྲེལ་འདྲིས་བྱ་མ་བཅུག་པར་བཀག་ཉར་བྱས་ཡོད།

བསོད་ནམས་རྒྱལ་པོ་མཆོག་ཐོག་མར་ཕྱི་ལོ་༡༩༨༧ ཟླ་༩ ཚེས་༢༧ ཉིན་འཛིན་བཟུང་བྱས་ཡོད། སྐབས་དེར་ཁོང་དཔལ་ལྡན་འབྲས་སྤུངས་དགོན་པའི་གྲྭ་བ་ཡིན་པ་དང་། ཁོང་ནི་ཕྱི་ལོ་༡༩༨༧ ལོར་ལྷ་ས་རུ་བོད་རང་བཙན་གྱི་རྔམ་སྟོན་ཁྲོམ་སྐོར་སྐབས་འཛིན་བཟུང་བྱས་པའི་དགེ་འདུན་པ་ཉེར་གཅིག་གི་གྲས་སུ་ཡིན་འདུག ཕྱིས་སུ་ཁོང་གིས་གསར་བརྗེ་ངོ་ལོག་གི་ལས་འགུལ་སྤེལ་བར་བསྙད་དེ། གྲ་བཞི་བཙོན་ཁང་དུ་ལོ་གསུམ་གྱི་ཁྲིམས་ཆད་བཅད་དེ་བཙོན་འཇུག་བྱས་ཤིང་། ཕྱི་ལོ་༡༩༩༠ ཟླ་༩ ཚེས་༢༠ ཉིན་གློད་གྲོལ་ཐོབ་ཡོད།

གསར་བརྗེ་ངོ་ལོག་པ་ཟེར་བ་ནི་རྒྱ་གཞུང་གིས་ཁྲིམས་འགལ་ཉེས་ཆད་ལྕི་ཤོས་སུ་བགྲང་བའི་མིང་བྱང་ཞིག་ཡིན་པ་དང་། ཕྱི་ལོ་༡༩༩༧ ལོར་རྒྱལ་སྤྱིའི་གནོན་ཤུགས་ལ་བརྟེན་ནས་མིང་བྱང་དེའི་ཚབ་ལ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་བྱ་སྤྱོད་ཟེར་བ་བཏགས་ཡོད། དེ་ནི་ཆབ་སྲིད་དང་འབྲེར་བར་ཁྲིམས་གཅོད་བྱེད་པའི་ཉེས་མིང་ཞིག་ཏུ་གྱུར་བ་དང་། ད་ཆ་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ལས་འགུལ་སྤེལ་མཁན་དང་སྲིད་གཞུང་གི་བྱ་སྤྱོད་ལ་དགག་རྒྱག་བྱེད་མཁན་ཚོར་སྟངས་འཛིན་དང་ཁྲིམས་ཆད་གཅོད་པར་མིང་བྱང་འདི་ཆེད་དུ་སྤྱོད་ཀྱི་ཡོད།

ཕྱི་ལོ་༡༩༩༣ ལོར་ཁོང་ཐེངས་གཉིས་པར་འཛིན་བཟུང་བྱས་ཡོད། སྐབས་དེ་ནི་ཁོང་བལ་ཡུལ་དུ་རང་གི་སྤུན་མཆེད་ལ་ཐུག་འཕྲད་དང་སྦྲགས། རྒྱ་གར་དུ་༧གོང་ས་མཆོག་ལ་མཇལ་ཁ་ཞུས་ནས་ཕྱིར་འཁོར་མཚམས་ཡིན། ཁོང་འགྲམ་ཟེར་བའི་བལ་ཡུལ་གྱི་ས་མཚམས་སུ་མགྲོན་ཁང་དུ་སྡོད་སྐབས་སྤྱི་བདེ་མི་སྣ་ཁོང་གི་མགྲོན་ཁང་དུ་འཛུལ་ནས་སྔོག་གཤེར་བྱས་ཡོད། ཕྱི་ལོ་༡༩༩༣ ཟླ་༧ ཚེས་༢༣ ཉིན་གྱི་མཚན་དཀྱིལ་དུ་ཁྲིམས་མཐུན་གྱི་ཡིག་ཆ་མེད་པར་ཕྱི་བསྐྱོད་བྱས་པའི་ཉེས་མིང་གཡོགས་ཏེ་འཛིན་བཟུང་བྱས་ཡོད། སྐབས་དེར་ཐོག་མར་ཁོང་གཞིས་རྩེའི་ཉལ་རི་བཙོན་ཁང་དུ་མ་ཁྲིད་གོང་བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གི་ལྟ་སྲུང་ཁང་དུ་ཉིན་ཤས་རིང་བཀག་ཉར་བྱས་ཤིང་། ཉལ་རི་བཙོན་ཁང་དུ་ཟླ་དྲུག་རིང་སུ་གང་ལའང་ཐུག་འཕྲད་དང་འབྲེལ་འདྲིས་བྱ་མ་བཅུག་པར་བཀག་ཉར་བྱས་མཐར། ལྷ་སར་ཡོད་པའི་གསང་ཡིབ་བཙོན་ཁང་ཟེར་བར་ཁྲིད་པ་དང་། དེར་ཡང་ཟླ་དྲུག་རིང་བཙོན་འཇུག་བྱས་ཡོད་འདུག

About Tibetan Section TCHRD

Check Also

རྒྱ་གཞུང་གིས་བཀག་བསྡོམས་བྱས་པའི་བོད་ཀྱི་དགེ་འདུན་པ་ཞིག་གི་བརྩམས་ཆོས་འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་དཔར་བསྐྲུན་གྱིས་དབུ་འབྱེད་བྱས་པ།

ཐེངས་འདིར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བོད་ནང་གནས་བཞུགས་དགེ་འདུན་པ་ཀླུ་དཀོན་མཆོག་རྒྱ་མཚོས་བྲིས་པའི་དེབ་<<ཉིན་ཞག་ང་བཞི།>>ཞེས་པ་དཔར་བསྐྲུན་བྱ་རྒྱུ་བྱུང་བར་དགའ་བོ་བྱུང་། དེབ་འདིའི་ནང་རྩོམ་པ་པོ་ཁོང་གིས་ཕྱི་ལོ་༡༩༩༤ ལོར་ཧི་མ་ལ་ཡ་བརྒལ་ནས་བཙན་བྱོལ་དུ་ཡོང་བའི་ལམ་བར་གྱི་འཇིགས་སྐྲག་དང་། ཉེན་ཁ། དཀའ་ཚེགས་ཆེ་བའི་འགྲུལ་བཞུད་བཅས་ཀྱི་མྱོང་ཚོར། བོད་མིའི་བླ་ན་མེད་པའི་སྐྱབས་གནས་༧་སྤྱི་ནོར་༧གོང་ས་མཆོག་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཚུལ། བྱེས་ཀྱི་གདན་ས་ཆེན་པོ་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་གཞུང་ཆེན་བཀའ་པོད་ལྔར་སློབ་གཉེར་གནང་སྟེ་ཕྱི་ལོ་༢༠༠༠ ལོ་ཕྱིར་བོད་དུ་ལོག་པ། དེ་བཞིན་ཕྱི་ལོ་༢༠༡༥ ལོར་དེབ་འདི་བརྩམས་གྲུབ་པ་བྱས་པའི་རིམ་པ་དང་གནས་ཚུལ་ཞིབ་ཕྲ་འཁོད་ཡོད།    ཀླུ་དཀོན་མཆོག་རྒྱ་མཚོ་ནི་མདོ་སྨད་གཅན་ཚའི་ཡུལ་གྱི་ལ་མོ་བདེ་ཆེན་དགོན་པའི་གྲྭ་བ་ཞིག་ཡིན་པ་དང་། ཕྱི་ལོ་༢༠༡༥ ཟླ་༡༡ ཚེས་༧ ཉིན་ཁོང་གིས་དེབ་འདི་དཔར་བསྐྲུན་བྱ་རྩིས་བྱས་པར་བརྟེན་རྒྱ་གཞུང་གི་དབང་འཛིན་པ་ཚོས་ཁོང་འཛིན་བཟུང་བཀག་ཉར་བྱས་ཡོད། མཚན་གུང་ཆུ་ཚོད་གཉིས་པ་ཙམ་ལ་གཅན་ཚ་རྫོང་གི་སྤྱི་བདེ་མི་སྣ་ཁོང་གི་ཁྱིམ་ལ་འཛུལ་ནས་སྔོག་གཤེར་གྱིས་ཁ་པར་དང་གློག་ཀླད་གཞུང་བཞེས་བཏང་བ་མ་ཟད། གཅན་ཚ་རྫོང་སྤྱི་བདེ་ལས་ཁུངས་སུ་ཁྲིད་དེ་འདྲི་རྩད་བྱས་ཤིང་། ...