Sunday , July 22 2018
Home / གསར་འགྱུར། / རང་ཉིད་ཀྱི་སྐུ་མཆེད་རྒྱ་གཞུང་གི་བཙན་འོག་ནས་བཙོན་གྲོལ་ཐོབ་ཆེད་ཞི་རྒོལ་གནང་མཁན་གྱི་དགེ་འདུན་པ་རྒན་གྲས་ཤིག་ལོ་ངོ་ ༡༠ ཡི་རྗེས་བཙོན་གྲོལ་ཐོབ་པ།

རང་ཉིད་ཀྱི་སྐུ་མཆེད་རྒྱ་གཞུང་གི་བཙན་འོག་ནས་བཙོན་གྲོལ་ཐོབ་ཆེད་ཞི་རྒོལ་གནང་མཁན་གྱི་དགེ་འདུན་པ་རྒན་གྲས་ཤིག་ལོ་ངོ་ ༡༠ ཡི་རྗེས་བཙོན་གྲོལ་ཐོབ་པ།

བོད་མདོ་ཁམས་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཟེར་བའི་ལི་ཐང་རྫོང་རྒྱ་གཞུང་བདེ་སྲུང་ཉེན་རྟོག་པས་རང་ཉིད་ཀྱི་སྐུ་མཆེད་འཛིན་བཟུང་བྱས་པ་གློད་གྲོལ་གཏོང་དགོས་པར་ཞི་རྒོལ་གནང་མཁན་གྱི་དགེ་འདུན་པ་རྒན་གྲས་རང་ལོ་ ༥༥ ལ་ཕེབས་པ་ཨ་ཀྲུག་བློ་སྤོ་ལགས་རྒྱ་གཞུང་གིས་དུས་བཀའ་བཙོན་འཇུག་ལོ་ ༡༠ ཡི་ཁྲིམས་གཅོད་བྱས་པའི་དུས་ཡུན་རྫོགས་ནས། འདི་ཟླའི་ཚེས་ ༢༡ རེས་གཟའ་ཟླ་བ་བོད་ནང་གི་མཚན་མོའི་ཆུ་ཚོད་ ༡༡ ཙམ་ལ་གློད་གྲོལ་ཐོབ་ཡོད། ཁོང་ནི་ཁམས་ལི་ཐང་སྤོང་དཀར་གཡོན་རུ་དཀར་ཤུར་གྲོང་ཚོ་ནས་ཡིན་པ་དང་། གནས་ཚུལ་དེ་ནི་རྒྱ་གར་དུ་ཡོད་པ་རོང་རྒྱས་ཨ་གྲགས་ལགས་ཀྱི་ཚ་བོ་ཨ་ཀྲུག་ཚེ་བརྟན་ལགས་ནས་འགྲེལ་བརྗོད་གནང་ཡོད། དེའི་དགོང་མོ་ཁོང་གཟིམ་ཁང་ལ་འབྱོར་སྐབས་ཁོང་གི་ནང་མི་གཉེན་ཉེ་དང་། ཕེབས་བསུར་འབྱོར་ཐུབ་པའི་བོད་མི། དེ་བཞིན་དགེ་འདུན་པ་འགའ་ཤས་བཅས་མཉམ་དུ་སྒྲོན་པའི་སྐུ་པར་ཞིག་ཡོད་པར་གཞིགས་ན། ཁོང་གི་ལུས་ཟུངས་ཡོངས་སུ་ཟད་པའི་རུས་ཁོག་པགས་གཡོག་གྱི་གཟུགས་བརྙན་ལྟ་བུར་གྱུར་ཡོད།

ཨ་ཀྲུག་བློ་སྤོ་ལགས་ནི། ཕྱི་ལོ་ ༢༠༠༧ ཟླ་ ༨ པའི་ཚེས་ ༢༡ ཉིན་རོང་རྒྱས་ཨ་གྲགས་ལགས་གློད་གྲོལ་གཏོང་དགོས་པའི་སྐད་འབོད་གནང་བས་རྒྱ་གཞུང་དྲག་ཆས་བདེ་སྲུང་བས་བཙན་བཟུང་བྱས་ནས་ཟླ་བ་གསུམ་རིང་མི་སུ་ཞིག་དང་འབྲེལ་བ་མེད་པར་བཀག་ཉར་བྱས་པ་དང་། དེ་རྗེས་ཕྱི་ལོ་ ༢༠༠༧ ཟླ་ ༡༡ པའི་ཚེས་ ༢༠ ཉིན་ཁོང་ལ་མེས་རྒྱལ་ཁ་བྲལ་དང་རྒྱལ་ཁབ་ཀྱི་གསང་བ་ཕྱིར་གྱར་སོགས་བྱས་པའི་ཉེས་འཛུགས་བྱས་ཏེ་རྒྱ་གཞུང་གིས་དུས་བཀག་བཙོན་འཇུག་ལོ་ ༡༠ ཡི་ཁྲིམས་གཅོད་བཏང་བ་ཞིག་ཡིན།

བོད་ཀྱི་ཆབ་སྲིད་བཙོན་ཟུར་རོང་རྒྱས་ཨ་གྲགས་ལགས་ནི། ཕྱི་ལོ་ ༢༠༠༧ ཟླ་ ༨ ཚེས་ ༡ ཉིན་ལི་ཐང་རྟ་རྒྱུག་དུས་ཆེན་སྐབས་མི་མང་འདུ་འཛོགས་སར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས་གལ་ཆེ་ཡིན་པ་སོགས་ཀྱི་སྐད་འབོད་གནང་བར་བརྟེན། ཁོང་ལ་དུས་བཀག་ཁྲིམས་གཅོད་ལོ་བརྒྱད་དང་། ཆབ་སྲིད་དབང་ཆ་ལོ་ ༤ འཕྲོག་པ་བཅས་བྱས་ནས། སྤྱི་ལོ་ ༢༠༡༥ ཟླ་ ༧ པའི་ཚེས་ ༣༡ ཉིན་གློད་གྲོལ་ཐོབ་ཡོད།

རོང་རྒྱས་ཨ་གྲགས་ལགས་འཛིན་བཟུང་བྱས་པ་དང་འབྲེལ་བའི་གནས་ཚུལ་བྱུང་སྐབས་ཡུལ་མི་ཚོས་ཁོང་གློད་གྲོལ་དགོས་པ་སོགས་ཀྱི་ཞི་རྒོལ་བདུན་ཕྲག་འགའི་རིང་གནང་ཡོད་པ་མ་ཟད། སྐབས་དེར་ལི་ཐང་རྫོང་སྤྱི་བདེ་ཉེན་རྟོག་ཁང་གི་མདུན་དུ་རོང་རྒྱས་ཨ་གྲགས་ལགས་གློད་གྲོལ་དགོས་པའི་ཞི་རྒོལ་གནང་མཁན་བོད་མི་ ༤ ནས་ཨ་ཀྲུག་བློ་སྤོ་ལགས་སུ་ཉེས་ཁྲིམས་ལྗི་ཤོས་བཅད་ཡོད་པ་དང་། རོལ་དབྱངས་སྒྱུ་རྩལ་བ་དགེ་རྒན་འཇམ་དབྱངས་ཀུན་མཁྱེན་ལགས་ལ་ལོ་ ༩། རང་ལོ་ ༣༦ ཡིན་པ་འབྲོག་པ་ཕྲུ་གུ་ལྔ་ཡི་ཕ་བློ་ཐོག་ལགས་ལ་ལོ་ ༣། ཨ་ཀྲུག་བློ་སྤོ་ལགས་ཀྱི་གཅུང་པོ་ཨ་ཀྲུག་སྐལ་བཟང་རྒྱ་མཚོ་ལགས་སུ་ལོ་ ༥ བཅས་བཙོན་འཇུག་ཁྲིམས་གཅོད་གཏོང་རྒྱུའི་ཁྲིམས་ཐག་བཅད་ཡོད། དེའི་ཁྲོད་ནས་ཀུན་མཁྱེན་ལགས་ཀྱི་ལུས་ཟུངས་ཧང་ཅང་གི་སྐྱོ་པོ་ཆགས་ནས་ ༢༠༡༦།༨།༢༡ ལ་གློད་གྲོལ་གཏོང་དགོས་ཐུག་ཡོད།

མཉམ་འབྲེལ་རྒྱལ་ཚོགས་ནས་དམིགས་བསལ་གྱིས་ཨ་ཀྲུག་བློ་སྤོ་ལགས་གློད་གྲོལ་གཏོང་དགོས་པར་རྒྱ་གཞུང་ལ་གཞུང་འགྲེལ་གྱི་བཀོད་ཁྱབ་ཐེངས་མང་བཏང་ཡོད་ལ། འགྲོ་བ་མིའི་བསམ་སྤྱོད་དང་སྨྲ་བརྗོད་ཀྱི་རང་དབང་སྲུང་སྐྱོབ་དང་ཡར་རྒྱས་ཆེད་དམིགས་བསལ་ལས་ཁུངས་ནས་ཀྱང་རྒྱ་གཞུང་ལ་རོང་རྒྱས་ཨ་གྲགས་ལགས་དང་ཁོང་གི་ཚ་བོ་ཨ་ཀྲུག་བློ་སྤོ་ལགས་ཀྱི་གནད་དོན་ཐོག་སྐྱོན་བརྗོད་ཀྱི་ཡི་གེ་དང་། ཨ་ཀྲུག་བློ་སྤོ་ལགས་སུ་རྡུང་རྡེག་དང་འཛིན་ཟུང་ཁྲིམས་གཅོད་གཏོང་བ་ལས་སྐྱོབ་ཐབས་སུ་ཛ་དྲག་གིས་ཞུ་བོད་ཀྱང་གནང་ཡོད།

ཨ་ཀྲུག་བློ་སྤོ་ལགས་ནི་ཁམས་ལི་ཐང་སྤོང་དཀར་གཡོན་རུ་དཀར་ཤུར་གྲོང་ཚོའི་ཕ་ཨ་ཀྲུག་དབང་འདུས་དང་མ་རོང་རྒྱས་ཚེ་དབང་སྒྲོལ་མ་གཉིས་སུ་ཕྱི་ལོ་ ༡༩༦༢ ལོར་འཁྲུངས། ཁོང་ནི་ཨ་ཀྲུག་ཚང་ལ་བུ་ཕྲུག་ ༧ ཡོད་པའི་ནང་ནས་རྒན་ཤོས་དེ་ཡིན། ཁོང་རང་ལོ་བརྒྱད་ལ་ལི་ཐང་དགོན་དུ་ཆོས་ཞུགས་གནང་བ་ནས་སློབ་གཉེར་ཕུལ་དུ་བྱུང་བར་གྱུར་ཏེ་དགོན་པའི་དབུ་མཛད་དུ་བསྐོས་པ་དང་། དེ་བཞིན་ལོ་འགའི་རིང་གཡོན་རུ་རབ་རྒྱལ་གླིང་དགོན་དུ་དགེ་སྐོས་ཀྱང་གནང་ཡོད། དེ་ནི་ལི་ཐང་དུ་རྒྱ་གཞུང་གི་ཆོག་མཆན་ཡོད་པའི་དགོན་སྡེ་ ༡༡༣ ཡོད་པའི་ནང་གི་གཅིག་ཡིན། ཕྱི་ལོ་ ༡༩༩༧ ་་་ ༩༨ ལོར་བོད་ཀྱི་དགོན་སྡེ་ཚང་མར་རྒྱལ་གཅེས་རིང་ལུགས་ཀྱི་བསམ་བློའི་སློབ་གསོ་ཟེར་བའི་ལས་འགུལ་སྤེལ་སྒོ་བརྩམས་སྐབས་ཁོང་དམངས་གཙོ་བདག་གཉེར་ཨུ་ཡོན་ལྷན་ཁང་གི་ཀྲུ་རིན་གཞོན་པར་བསྐོ་གཞག་བྱས་ཡོད་ཀྱང་། ལས་དོན་རུ་ཁག་དེའི་རྒྱབ་ལྗོངས་ཀྱི་གནས་སྟངས་ཇི་བཞིན་མཁྱེན་སྟབས། ཆོས་སྲིད་གང་ཐད་ནས་འགལ་གྱི་ཡོད་པ་ཙམ་དུ་མ་ཟད་རང་གི་རྩ་བའི་བླ་མར་མཚན་སྨད་ཞུ་དགོས་སོགས་ཀྱི་གནས་སྟངས་ལ་བརྟེན་དེ་ནས་དགོངས་ཞུ་གནང་ཡོད། གནད་དོན་དེ་ནི་དེ་སྔ་ཕྱི་ལོ་ ༢༠༠༧ ཟླ་བ་ ༨ པའི་ནང་ཁོང་འཛིན་བཟུང་མ་བྱས་པའི་སྔོན་གཡོན་རུ་རབ་རྒྱས་གླིང་དགོན་པར་མཚམས་ལ་བཞུགས་རྗེས་བར་གསེང་གི་སྐབས་ཞིག་ལ་བྱུང་བ་ཞིག་ཡིན།

 

About Tibetan Section TCHRD

Check Also

རྒྱ་རིགས་བོད་མིའི་ཁྲིམས་རྩོད་པའི་སྐོར་གྱི་དམིགས་བསལ་སྙན་ཐོ།

ཁ་སང་ཕྱི་ཚེས་༢༤ ཉིན་གྱི་ཞོགས་པའི་ཆུ་ཚོད་༡༠།༣༠ སྟེང་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ངོས་ནས། རྒྱ་རིགས་བོད་མིའི་ཁྲིམས་རྩོད་པའི་སྐོར་གྱི་དམིགས་བསལ་སྙན་ཐོ་འགྲེམ་སྤེལ་བྱས་ཤིང་། དམིགས་བསལ་སྐུ་མགྲོན་དུ་ཕྱི་སྡོད་རྒྱ་རིགས་རྩོམ་པ་པོ་ལྕམ་ཀྲུའུ་རཱེ་གདན་ཞུ་བྱས་ནས་ཞིབ་འཇུག་སྙན་ཐོ་དབུ་འབྱེད་གནང་ཡོད། འདི་ག་ལྟེ་གནས་ཁང་གི་ངོས་ནས་ཕྱི་ལོ་༢༠༠༨ ལོར་བོད་ས་བྱིའི་ཞི་རྒོལ་ལས་འགུལ་བྱུང་ནས་མི་ལོ་ཧྲིལ་བོ་༡༠ འཁོར་བ་དང་། རྒྱ་རིགས་ཁྲིམས་རྩོད་པ་རྣམ་པས་བོད་མིའི་གྱོད་དོན་ཁྲིམས་རྩོད་ཐད་ལ་རོགས་རམ་གནང་རྒྱུའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཏེ་མི་ལོ་ཧྲིལ་བོ་༡༠ འཁོར་བའི་དུས་དྲན་དང་སྟབས་བསྟུན། རྒྱ་རིགས་བོད་མིའི་ཁྲིམས་རྩོད་པའི་སྐོར་གྱི་དམིགས་བསལ་སྙན་ཐོ་འདི་བཞིན་འགྲེམ་སྤེལ་བྱས་པ་ཡིན་ལ། ལྷག་པར་དུ་བོད་མིའི་དྲང་བདེན་ཁྲིམས་རྩོད་ཐད་ལ་རོགས་རམ་གནང་རྒྱུའི་ཡོངས་ཁྱབ་གསལ་བསྒྲགས་དེ་ལ་མཚན་རྟགས་བསྐྱོན་པ་རྒྱུ་མཚན་དུ་བསྙད་ནས། རྒྱ་གཞུང་གིས་འཁོན་ལན་ཉེ་ཆད་བཅད་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་བཀའ་དྲིན་རྗེས་དྲན་ཞུ་ཆེད་ཀྱང་ཡིན། ཕྱི་ལོ་༢༠༠༨ …