Tuesday , October 24 2017
Home / གསར་འགྱུར། / བླ་རུང་སྒར་གྱི་གསང་བ། ལོ་གཅིག་གི་ནང་གཏོར་བཤིག་བཏང་ནས་འཛམ་གླིང་ཐོག་གི་བོད་ཀྱི་ནང་པའི་སློབ་གཉེར་ཁང་ཆེ་ཤོས་དེ་ཆུ་ག་གོན་བཞིན་དུ་དུམ་བུར་བཏང་བ།

བླ་རུང་སྒར་གྱི་གསང་བ། ལོ་གཅིག་གི་ནང་གཏོར་བཤིག་བཏང་ནས་འཛམ་གླིང་ཐོག་གི་བོད་ཀྱི་ནང་པའི་སློབ་གཉེར་ཁང་ཆེ་ཤོས་དེ་ཆུ་ག་གོན་བཞིན་དུ་དུམ་བུར་བཏང་བ།

 

འཛམ་གླིང་ཐོག་བོད་ཀྱི་ནང་པའི་སློབ་གཉེར་ཁང་ཆེ་ཤོས་བླ་རུང་སྒར་ནི་ཆུ་ག་གོན་བཞིན་དུ་དུམ་བུར་བཏང་སྟེ། ལོ་གཅིག་ནང་རྒྱ་ནག་གི་དབང་འཛིན་པ་ཚོས་དགོན་པའི་གྲྭ་ཤག་སྟོང་ཕྲག་འགའ་ཤས་རྩ་གཏོར་བཏང་བ་དང་། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཟེར་བའི་གསེར་རྟ་ཁུལ་གྱི་ཆོས་སྡེ་བླ་རུང་སྒར་གྱི་སློབ་གཉེར་བ་སྟོང་ཕྲག་འགའ་ཤས་ཕྱིར་འབུད་བཏང་བ་དང་། ཡོངས་གྲགས་ལྟར་ནང་པའི་སློབ་གཉེར་བྱ་སའི་ལྟེ་གནས་ཆོས་སྡེ་དེ་དུམ་བུར་བཏང་སྟེ་གྲྭ་བཙུན་ཚོའི་བཞུགས་ཤག་བཏོར་ཏེ་ལམ་དང་། སྐས་ལམ། དེའི་གཡས་གཡོན་གྱི་ས་སྟོང་བཅས་སུ་བཟོས་ཡོད།

ས་གནས་དེ་རང་ནས་གསང་བའི་ཐོག་གནས་ཚུལ་གསར་པ་འགའ་ཤས་བོད་ཀྱི་འགྲོ་བ་མིའི་ཐོབ་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དུ་འབྱོར་ཡོད་པ་རེད། དེ་ནི་ཕྱི་ལོ་ ༢༠༡༦ ལོའི་ཟླ་ ༧ པ་ནས་འདི་ལོའི་ལོ་སྟོད་བར་གྱི་གཏོར་བཤིག་ག་ཚོད་བཏང་མིན་དང་། ཡར་རྒྱས་ལ་ཁ་གཡར་བའི་གཏོར་ཤིག་གཏོང་བཞིན་པ་དེ། སྤྱི་ལོ་ ༢༠༠༡ ལོར་གཏོར་བཤིག་ཤུགས་ཆེ་བཏང་བ་དེ་དང་གཅིག་མཚུངས་སུ་གྱུར་ཡོད། བླ་རུང་སྒར་གཏོར་བཤིག་གཏོང་དགོས་དོན་ནི་སློབ་གཉེར་ཁང་དེའི་མཚན་ཉན་ཇི་ཆེར་སོང་ནས་ནང་ཆོས་དོན་གཉེར་བ་མང་པོ་ཞིག་འཛམ་གླིང་ཡུལ་གྲུ་གང་ས་ནས་ཕེབས་ཀྱི་ཡོད་སྟབས་རྒྱ་གཞུང་གིས་སྟངས་འཛིན་བྱེད་བདེ་ཆེད་དུ་ཡིན་པ་དང་། གཏོར་བཤིག་དེས་བོད་རིགས་ཙམ་མ་ཟད་རྒྱ་རིགས་ནང་ཆོས་དོན་གཉེར་བ་ཚོས་ཀྱང་འཁོན་འཛིན་དང་བློ་ཕམ་བྱེད་ཀྱི་ཡོད། དེས་རྐྱེན་པས་རྒྱ་གཞུང་གྱི་ཆེ་མཐོང་ལ་ཡང་གནོད་སྐྱོན་བྱུང་ཡོད།

གྲྭ་བཙུན་རྣམས་ཕྱིར་འབུད་བཏང་ནས་ཡུལ་སྐོར་སྤྲོ་འཆམ་པའི་ཆེད་དུ་འགྲོ་ལམ་བཟོས་པ།

ཟླ་སྔོན་མའི་ནང་པར་དང་བརྙན་ཐུང་འགའ་ཤས་རག་པ་དེ་ནས་བླ་རུང་སྒར་གྱི་གྲྭ་བཙུན་རྣམ་པའི་གྲྭ་ཤག་གཏོར་ནས་སྐས་ལམ་ཆེན་པོ་བཅུས་བླ་རུང་སྒར་དུམ་བུར་བཏང་ཡོད་པ་དང་། སྐས་ལམ་དེའི་རིང་ཚད་ལ་མི་ཌར་བརྒྱ་ལྷག་ཙམ་ཡོད་ལ། དེ་ཡུལ་སྐོར་སྤྲོ་འཆམ་ཚོ་རི་རྩེར་སྐྱོད་ཆེད་དུ་བཟོས་ཡོད་ལ། སྐས་ལམ་གྱི་གཡས་གཡོན་དུ་ས་སྟོང་ཧ་ཅང་གི་ཆེན་པོ་བཟོས་ཡོད། དེ་ནི་ས་གནས་རྒྱ་གཞུང་གི་ལས་བྱེད་པས་མེ་སྐྱོན་བྱུང་ཚེ་མེ་རྒྱ་ཁྱབ་མི་ཡོང་བའི་ཆེད་དུ་ཡིན་པར་ཁ་གཡར་གྱི་ཡོད་ཀྱང་། པར་རིས་ལ་གཞིགས་ན་མི་སྐྱོན་ཆེད་དུ་ས་སྟོང་ཆེན་པོ་དེ་འདྲ་འཇོགས་དགོས་དོན་མེད་པ་མཐོང་ཐུབ། ཕྲེད་ལམ་གསར་བཟོ་བྱས་པ་དེས་ཀྱང་གྲྭ་ཤག་དང་ཆོས་སྡེ་དེའི་ཁོར་ཡུག་དུམ་མཚམས་མང་པོར་བཏང་ཡོད་ལ། དེ་བཞིན་རི་ལམ་ཡང་མང་པོ་བཟོས་ཡོད་པ་དེ་དག་ཡུལ་སྐོར་སྤྲོ་འཆམ་པ་ཚོ་མགྲོན་ཁང་སོགས་ལ་འགྲོ་བདེ་ཆེད་དུ་ཡིན་པ་མཐོང་ཐུབ། 

རྒྱ་གཞུང་གིས་བཙན་དབང་ཐོག་གཏོར་བཤིག་དེ་འདྲ་གཏོང་དགོས་དོན་ནི། ནང་པའི་ཆོས་སྡེ་སློབ་གཉེར་ཁང་དེའི་མཚན་སྙན་གྱི་ནུས་ཤུགས་རྒྱ་ཁབ་ཏུ་མི་འགྲོ་བའི་ཆེད་དུ་རེད་ཅེས་རྒྱ་མི་ནང་ཆོས་དོན་གཉེར་བ་མང་པོ་ཞིག་གིས་བཤད་ཀྱི་ཡོད་ཅིང་། དེ་བཞིན་རྒྱ་རིགས་བུ་མེད་ནང་ཆོས་དོན་གཉེར་བ་འགའ་ཞིག་གིས་དེ་ནི་ཡར་རྒྱས་ལ་ཁག་གཡར་བ་ཙམ་ལས་དོན་དངོས་སུ་གྲྭ་ཤག་དང་མི་འབོར་ཉུང་དུ་གཏང་རྒྱུའི་ཆེད་དུ་རེད་ཅེས་བཤད་ཀྱི་ཡོད། དེ་མཚུངས་སུ་ལོ་སྔོན་མར་ཡ་ཆེན་སྒར་དུ་ཡང་དོན་མེད་ཀྱི་ལམ་ཆེན་བཟོས་ནས་ཁང་པ་མང་པོ་རྩ་གཏོར་བཏང་ཡོད།

ཁང་པ་དམར་པོ་གཏོར་བཤིག་བཏང་བ།

ཟླ་བ་གསུམ་སོང་བའི་བླ་རུང་སྒར་དུ་ཡོད་པའི་རྒྱ་རིགས་ལས་མི་གཉིས་ཀྱིས་བརྗོད་དོན་ལ་སྐལ་ལམ་བཟོ་ཆེད་དུ་ཁང་པ་མང་པོ་གཏོར་བཤིག་བཏང་ཡོད་ཀྱང་ཁང་པ་དམར་པོ་གཏོར་བའི་གྲྭ་བཙུན་རྣམས་ལ་བླ་རུང་སྒར་གྱི་ཉེ་འགྲམ་ལ་གྲྭ་ཤག་གསར་པ་རྒྱ་གཞུང་གིས་སྤྲད་ཡོད་ཚུལ་བཤད་ཡོད། འོན་ཀྱང་ཁང་པ་གསར་པ་བརྒྱབ་པ་དེའི་ནང་ཡོད་པའི་མི་རྣམས་ཕྱིར་འབུད་བཏང་པའི་གྲྭ་བཙུན་ཡིན་པ་བཤད་ཚོད་ཐིག་གི་མེད་ལ། ཁང་པ་ཡང་ཧ་ཅང་གི་ཉུང་ཉུང་ཡིན་པ་རེད།

དེ་ཚོས་ཚང་མ་གོ་ཐུབ།

རྩ་གཏོང་བཏང་བའི་གྲྭ་ཤག་འགའ་ཤས་ལ་གུན་གསབ་རྒྱ་སྒོར་ཁྲི་གསུམ་སྤྲད་ཡོད་ཀྱང་། དེ་ཧ་ཅང་གིས་ཉུང་བས་གདང་ངེས་ཤིག་མེད། དཔེར་ན། བཙུན་མ་ཞིག་ལ་གུན་གསབ་རྒྱ་སྒོར་ཁྲི་གསུམ་སྤྲད་ཡོད་ཀྱང་ཁོ་མོའི་གྲྭ་ཤག་གཏོང་བཤིག་བཏང་བ་དེ་རྒྱག་སྐབས་རྒྱ་སྒོར་ཁྲི་བཅོ་ལྔ་ལྷག་ཕྱིན་ཡོད། ཁོ་མོ་བླ་རུང་སྒར་དུ་སླེབས་ནས་ལོ་སུམ་ཅུ་ཙམ་ཕྱིན་པ་དང་། ཁོ་མོའི་གྲྭ་ཤག་གཏོར་བཤིག་གཏོང་སྐབས་ཁོང་ཁྲོ་དང་བློ་ཕབ་ཧང་ཅང་ཆེན་པོ་བྱུང་ཚུལ་བཤད་ཡོད། དེ་བཞིན་བཙུན་མ་འགའ་ཤས་རང་ཤི་བརྒྱབ་ཡོད་ཚུལ་ལས་བཀའ་འདྲི་ཞུས་པར་ཁོང་ཚོས་ཚང་མ་ཤེས་ཀྱི་འདུག་ཅེས་འཇིགས་སྣང་ངང་ནས་ཞིབ་ཕྲའི་གནས་ཚུལ་གསུང་ཐུབ་ཀྱི་མེད། གུན་གསབ་དེ་གཏོར་བཤིག་གི་ཐོ་འགོད་བྱས་པའི་གྲྭ་ཤག་རྣམས་ལ་སྤྲད་ཡོད་ཚུལ་བཤད་ཡོད་ཀྱང་། དེ་ཚང་མར་རག་ཡོད་མེད་ཁ་གསལ་མེད་པ་རེད།

བཙན་བྱོལ་དུ་ཕེབས་ཡོད་པའི་བླ་རུང་སྒར་གྱི་མཁན་ཟུར་ཞིག་གི་གསུང་གསལ་ལ། གཏོར་བཤིག་དེས་རྐྱེན་པས་གྲྭ་བ་ལས་བཙུན་མ་ཚོར་དཀའ་ངལ་མང་བ་འཕྲད་ཡོད་ཚུལ་གསུངས་ཡོད། གང་ཡིན་ཞེས་ན། གྲྭ་བ་མང་ཆེ་བ་སོ་སོའི་གཞིས་དགོན་སོ་སོར་ཕྱིར་ལོག་བྱ་རྒྱུ་ཡོད་ཀྱང་བཙུན་མ་རྣམས་ལ་དེ་ལྟར་མེད། དེ་བཞིན་ས་གནས་མི་མང་གིས་ཀྱང་གྲྭ་བ་ལས་བཙུན་མ་མང་བ་ཕྱིར་འབུད་གཏང་ཡོད་ཚུལ་བཤད་ཡོད། གྲྭ་ཤག་གཏོར་བཤིག་བཏང་བའི་རྗེས་སུ་སྤྱི་ལོ་ ༢༠༡༧ ལོའི་སྟོན་ཀ་དང་དགུན་ཁར་ཕྱིར་འབུད་བཏང་བའི་བཙུན་མ་རྣམས་ལ་གནས་སྡོད་བྱ་ས་མེད་པའི་དཀའ་ངལ་ཆེན་པོ་འཕྲད་ཡོད།

ཉེ་བའི་འཆར་ཕྱིར་འབུད་བྱས་པའི་བཙུན་མའི་ཆེད་དུ་མཚོ་སྔོན་དང་སི་ཁྲོན་ཁུལ་དུ་བཙུན་དགོན་ཆེ་བ་ལྔ་ཙམ་བརྒྱབ་ཡོད་པ་དང་། དེ་མིན་བོད་ནང་གི་ས་ཁུལ་འགའ་ཤས་སུའང་བཙུན་མའི་སྡོད་ཁང་ཆུང་ངུ་འགའ་ཤས་བརྒྱབ་ཡོད། བཙུན་དགོན་དེ་དག་ལ་ལྟ་རྟོག་གནང་མཁན་བླ་རུང་སྒར་གྱི་མཁན་པོ་དང་དཔེ་འཁྲིད་དགེ་རྒན་ཚོས་གནང་གི་ཡོད། རྒྱ་གཞུང་གིས་ཁང་པ་གསར་རྒྱག་བཀག་སྡོམ་བྱས་རྐྱེན་ཕྱིར་འབུད་བྱས་པའི་གྲྭ་བ་འགའ་ཞིག་མི་ཉག་དཀར་མཛེས་ཁུལ་གྱི་བ་ལུ་རི་ཁྲོད་དུ་གུར་ཕུབ་ནས་བཞུགས་དགོས་ཀྱི་གནས་སྟངས་ཆགས་ཡོད། ཉ་རོང་ནས་བླ་རུང་སྒར་དུ་ཕེབས་ཏེ་ལོ་ ༨ ཙམ་སོང་བའི་གྲྭ་བ་ཞིག་གིས་གསུངས་པར། ལོ་སྔོན་མར་དགོན་པ་གཏོར་བཤིག་བཏང་བ་དང་འདི་ལོ་གསར་རྒྱག་བྱེད་སྐབས་གང་ཞིག་གཏོང་བཤིག་གཏོང་གི་ཡོད་མེད་ཤེས་ཀྱི་མེད་ཀྱང་། བཙུན་མའི་ཤག་མང་བ་གཏོར་ཡོད་པ་མ་ཟད་གཏོར་བཤིག་བཏང་བ་རྣམས་སྐས་ལམ་དང་འཕྲེད་ལམ་གྱི་ཆེད་དུ་ཡིན་པ་ད་ཆ་ཤེས་སོང་ཞེས་གསུང་ཡོད།

ནང་ཆོས་སློབ་གཉེར་བ་ལས་ཡུལ་སྐོར་སྤྲོ་འཆམ་པ་མང་བ་ཡོད།

དགོན་པའི་དཔེ་འཁྲིད་དགེ་རྒན་ཞིག་གིས་གསུངས་པར། དགོན་པའི་ནང་སློབ་གཉེར་བྱ་ཡུལ་གྱི་ས་ཆ་ལས་ཡུལ་སྐོར་སྤྲོ་འཆམ་པའི་ས་ཁྱོན་ཆེ་བ་བཟོས་སོང་ཞེས་གསུངས་ཡོད་ལ། སློབ་གཉེར་གནང་སའི་ཆོས་སྡེའི་ཁོར་ཡུག་ཇི་ཆུང་དུ་བཏང་ནས་ད་ལྟའི་ཆར་བླ་རུང་སྒར་དུ་སློབ་གཉེར་བ་ལས་ཡུལ་སྐོར་སྤྲོ་འཆམ་པ་མང་བ་དང་དེའི་ཆེད་དུ་ས་ཁྱོན་ཡང་ཆེ་བ་བཟོས་ཡོད། ཕྱིར་འབུད་བྱས་པའི་གྲྭ་བཙུན་ཁག་གཅིག་གི་ཕ་མ་འབྲོག་པ་ཡིན་པ་དང་། འགའ་ཤས་འདས་གྲོངས་སུ་གྱུར་སྟབས་ཕྱིར་ལོག་བྱ་ས་མེད་པར་ལུས་ཡོད།

བླ་རུང་སྒར་གྱི་རྒྱལ་སྒོའི་ཉེ་འགྲམ་དུ་མི་སྐྱ་ནང་ཆོས་སློབ་གཉེར་བ་བཞུགས་སའི་ཁང་པ་དེ་དེ་སྔ་མར་པོ་ཡིན་ཡང་། འདི་ལོ་རྒྱ་གཞུང་གིས་དེ་གསེར་སྐྱར་བཟོ་རུ་བཅུག་པ་དང་། དེ་ནི་རྒྱ་གཞུང་ནས་གྲྭ་བཙུན་དང་དབྱེ་འབྱེད་བདེ་བ་དང་། སྟངས་འཛིན་བྱེད་བདེ་བའི་ཆེད་དུ་ཡིན་པ་རེད།

དེང་སྐབས་འཛུགས་སྐྲུན་གྱི་ཟང་ཟིང་དབང་གིས་དགོན་པའི་ནང་བསུན་པོ་བཟོས་ནས་སློབ་གཉེར་ཚུལ་བཞིན་ཡོང་གི་མེད་པ་དང་། འཛུགས་སྐུན་པ་རྒྱ་ནག་གྲན་ཏུར་ཡོད་པའི་སི་ཁྲོན་ཧོ་ཞིས་(Chengdu-based Sichuan Huashi Co. Ltd) ཨར་ལས་པས་བྱེད་ཀྱི་ཡོད་སྟབས་རྒྱ་མི་ལས་མི་མང་དག་ཞིག་འབྱོར་ཡོད་ཀྱང་བོད་མི་འགའ་ཤས་ལས་མེད།

རྒྱ་གཞུང་གི་བླ་རུང་སྒར་དུ་ཁང་པ་ཆེན་པོ་ཞིག་གསར་སྐྲུན་བྱས་ཡོད་པ་དེ་ཕྱི་མིའི་ཆེད་དང་ཟ་ཁང་གི་ཆེད། གནས་མཇལ་བའི་ཆེད་རེད་སོགས་འདྲ་མིན་བཤད་ཀྱི་ཡོད། དེ་བཞིན་བཙུན་དགོན་གྱི་ཉེ་འགྲམ་དུ་ཁང་པ་གསར་པ་ཆེན་པོ་ཞིག་ཀྱང་བརྒྱབ་ཡོད་པ་དེ་འགའ་ཤས་ཀྱིས་དཔེ་མཛོད་ཁང་དང་། ཡང་འགའ་ཤས་ཀྱིས་དཔེ་ཚོང་ཁང་རེད་ཅེས་འདྲ་མིན་བཤད་ཀྱི་ཡོད། དེ་བཞིན་བླ་རུང་སྒར་གྱི་ཁོར་ཡུག་དང་གཡས་གཡོན་དུ་ཁང་པ་གསར་སྐྲུན་མང་པོ་བྱས་དང་བྱེད་མུས་ཡིན།

ཕྱི་རྒྱལ་བ་དང་ཤིན་ཅང་ངམ་ཤར་ཏུར་ཁེ་སི་ཐན་གྱི་མི་རིགས་ཡིན་པ་རྣམས་ཡོང་མི་ཆོག་པ།

འདི་ལོའི་ཕྱི་ཟླ་བདུན་པའི་ནང་ཆོས་འཁོར་དུས་ཆེན་སྐབས་རྒྱ་ནག་ནས་རྒྱ་རིགས་ཧ་ཅང་གི་མང་པོ་འབྱོར་ཡོད་པ་མ་ཟད། གནས་མཇལ་བ་ཚོས་དགོན་པའི་ནང་གི་ཁང་པ་ཐོག་རྩེག་གཉིས་བདག་ཉར་བྱས་ཡོད་པ་དང་། ཆོས་འཁོར་དུས་ཆེན་གྱི་རྗེས་སུ་ཡང་རླངས་འཁོར་འབབས་ཚུགས་སུ་རྒྱ་མི་ཡུལ་སྐོར་སྤྲོད་འཆམ་པའི་རླངས་འཁོར་མང་པོ་འབྱོར་བཞིན་ཡོད། དེ་གའི་སློབ་གཉེར་ཁང་གི་བོད་རིགས་སློབ་ཕྲུག་འགས་བརྗོད་གསལ་ལ། དེ་གར་རྒྱ་མི་ཡུལ་སྐོར་སྤྲོ་འཆམ་པ་ཚོ་དགོན་པའི་ནང་གང་བྱུང་དུ་འགྲོ་སྐྱོད་ཆོག་ཀྱང་། ཕྱི་རྒྱལ་བ་དང་ཤིན་ཅང་ནས་ཡིན་པ་ཚོ་ཡོང་ཆོག་གི་མེད་པ་དང་། གལ་སྲིད་རེ་ཟུང་སླེབས་ཐུབ་ཀྱང་བླ་རུང་སྒར་དུ་ཞག་སྡོད་ཆོག་གི་མེད་པ་མ་ཟད། གསེར་རྟ་རྫོང་ཐོག་གི་མགྲོན་ཁང་ཚོས་ཀྱང་ཁོང་ཚོར་སྣེ་ལེན་བྱེད་མི་ཆོག་པ་བཟོས་ཡོད་པ་རེད་ཅེས་གསུངས།

བྱ་གཏོར་ལ་ལྟ་ཆེད་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་འབྱོར་བ།

བྱ་གཏོར་ལ་ལྟ་ཆེད་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་བླ་རུང་སྒར་དུ་འབྱོར་གྱི་ཡོད་པ་དེ་ནི། ཕྱི་ལོ་ ༢༠༡༣ ལོར་རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་པའི་ཚོང་ལས་ཤུགས་ཆེར་བཏང་བ་དང་མཉམ་དུ་བླ་རུང་སྒར་གྱི་དུར་ཁྲོད་དེ་རྩེད་ར་ལྟ་བུའི་བཀོད་འདོན་བྱས་ཏེ། དུར་ཁྲོད་ལ་ལྕགས་ར་བསྐོར་ནས་པར་ལེན་མི་ཆོག་ཚུལ་བྲིས་ཡོད་ན་ཡང་། བོད་ཀྱི་གནའ་སྲོལ་གྱི་དུར་ས་དེ་དེང་སྐབས་ཡུལ་སྐོར་སྤྲོ་འཆམ་པའི་རྩེད་ར་ལྟ་བུར་བསྒྱུར་ཡོད་པ་རེད།

 

 

 

About Tibetan Section TCHRD

Check Also

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་དང་འབྲེལ་བའི་ཞུ་ཡིག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་ཕུལ།

ཕྱི་ཟླ་༩ ཚེས་༡༩ ཉིན། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པའི་ཉིན་དང་པོར། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་དང་འབྲེལ་བའི་ཞུ་ཡིག་གྲོས་ཚོགས་འཐུས་མི་རེ་རེའི་ཕྱག་ཏུ་ཕུལ་ཡོད། ཤོག་གྲངས་གཉིས་ཅན་གྱི་ཞུ་ཡིག་དེའི་ནང་། ཕྱི་ལོ་༢༠༡༧ ཟླ་༧ ནང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དང་བོད་ཀྱི་བུད་མེད་ལྷན་ཚོགས་གཉིས་ཀྱིས་མཉམ་འབྲེལ་ཐོག་མང་གཙོའི་གོ་རྟོགས་གོང་འཕེལ་སྐོར་བསྐྱོད་ལས་གཞིའི་སྐབས་མང་ཚོགས་ཀྱིས་བཏོན་པའི་རེ་འདུན་དང་བསམ་འཆར་རྣམས་ཕྱོགས་བསྡུས་བྱས་ཡོད། བསམ་ཚུལ་དེ་དག་ནི་འདི་ག་ལྟེ་གནས་ནས་མང་གཙོའི་གོ་རྟོགས་གོང་འཕེལ་སྐོར་བསྐྱོད་སྐབས་མང་ཚོགས་ཀྱི་བསམ་འཆར་ཡིག་ངག་གཉིས་ཐོག་ནས་ཕྱོགས་བསྡུས་བྱས་པ་ཞིག་ཡིན་ལ། མང་ཚོགས་ལ་བསམ་འཆར་བརྙན་དང་མང་ཚོགས་ཀྱི་བསམ་ཚུལ་སྤྱི་བསྡོམས་ཀྱིས་ཡིག་ཐོག་ལ་ཕབ་པའི་ཞུ་ཡིག་བཅས་འཐེབ་སྡེར་ཞིག་གི་ནང་བཅུག་ནས་གྲོས་ཚོགས་ཀྱི་འཐུས་མི་ཚང་མར་ཕུལ་ཡོད། ཟླ་༩ ཚེས་༡༩ ཉིན་གྱི་ཞོགས་པར་འདི་ག་ལྟེ་གནས་ཁང་གི་ལས་བྱེད་བསྟན་འཛིན་ཟླ་བ་དང་། བསྟན་འཛིན་ཉི་མ། ...