Sunday , November 19 2017
Home / གསར་འགྱུར། / ༧གོང་ས་མཆོག་གི་སྐུ་པར་ཉར་བའི་རྐྱེན་གྱིས་ལོ་གཉིས་ཀྱི་ཁྲིམས་ཐག་བཅད་པའི་བོད་ཀྱི་དགེ་འདུན་པ་ཞིག་བཙོན་ནས་གློད་པ།

༧གོང་ས་མཆོག་གི་སྐུ་པར་ཉར་བའི་རྐྱེན་གྱིས་ལོ་གཉིས་ཀྱི་ཁྲིམས་ཐག་བཅད་པའི་བོད་ཀྱི་དགེ་འདུན་པ་ཞིག་བཙོན་ནས་གློད་པ།

༧གོང་ས་མཆོག་གི་སྐུ་པར་བདག་ཉར་དང་སྤྱི་ཚོགས་དྲ་ལམ་དུ་བརྒྱུད་སྐུར་བྱས་པའི་ཉེར་ལེན་གྱིས་ལོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་པའི་དགེ་འདུན་པ་ཞིག་ཟླ་སྔོན་མའི་ནང་ཁྲིམས་ཆད་ཀྱི་ལོ་ཁ་གང་སྟེ་བཙོན་ནས་གློད་ཡོད།

ཟླ་བདུན་པའི་བདུན་ཕྲག་གཉིས་པའི་ནང་ལོ་ན་༤༨ ཡིན་པའི་དགེ་འདུན་པ་སྒོ་དམར་ཆོས་འཕེལ་ཧའོ་མེན་བཙོན་ཁང་ནས་གློད་གྲོལ་བཏང་ཡོད། ཧའོ་མེན་བཙོན་ཁང་ནི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་སུ་ཡོད་པ་དང་། དེ་སྔ་བོད་ཀྱི་རྩོམ་པ་པོ་ཞོགས་ལྗང་ཡང་དེར་བཙོན་འཇུག་བྱས་ཡོད་འདུག

སྒོ་དམར་ཆོས་འཕེལ་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རེབ་གོང་རོང་བོ་དགོན་གྱི་དགེ་འདུན་པ་ཞིག་ཡིན་འདུག

འདི་ག་ལྟེ་གནས་ཁང་གིས་སྔོན་ཆད་སྤེལ་བའི་སྙན་ཐོའི་ནང་འཁོད་པ་ལྟར་ན། ཕྱི་ལོ་༢༠༡༥ ཟླ་༧ ཚེས་༡༠ ཉིན་ཁོང་དགོན་པའི་ནང་བཙན་དབང་གིས་བཀག་སྐྱིལ་བྱས་ཤིང་། དོ་དམ་ཁང་དུ་མ་ཁྲིད་སྔོན་ལ་བདེ་སྲུང་མི་སྣ་ཚོས་ཁོང་གི་གྲྭ་ཤག་དང་ཅ་ལག་ཡོད་རྒུ་བསྔོག་བཤེར་བྱས་ཡོད་ལ། བསྔོག་བཤེར་སྐབས་ཁོའི་ནང་དུ་༧གོང་ས་མཆོག་གི་སྐུ་པར་འགའ་ལག་སོན་བྱུང་བར་སྙད་དེ་ཁོང་བཀག་སྐྱིལ་བྱས་ཡོད། ཁྲིམས་ལུགས་དང་མཐུན་པའི་འགྲོ་ལུགས་གང་ཡང་མ་བརྒྱུད་པར། ཁོང་ལ་སྤྱི་ཚོགས་ཀྱི་བརྟན་ལྷིང་ལ་གནོད་སྐྱེལ་བ་དང་རྒྱལ་ཁབ་ཁ་བྲལ་གཏོང་བའི་ལས་འགུལ་ལ་འབྲེལ་བ་ཡོད་པའི་ཉེས་མིང་བཀལ་ཏེ་ཟླ་བ་བདུན་གྱི་རིང་གསང་བའི་སྒོ་ནས་བཀག་སྐྱིལ་བྱས་མཐར་ལོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཆད་བཅད་ཡོད།

དགེ་འདུན་པ་སྒོ་དམར་ཆོས་འཕེལ་འཛིན་དོན་ནི་ཁ་པར་ནང་༧གོང་ས་མཆོག་གི་སྐུ་པར་ཉར་བ་དང་། སྤྱི་ཚོགས་དྲ་ལམ་ཁག་ཏུ་སྐུ་པར་དང་མཉམ་དུ་འདྲ་མཉམ་མེད་ན་བརྟན་ལྷིང་མེད་ཅེས་པའི་བརྗོད་བྱང་བྲིས་ཏེ་སྤེལ་བས་ཡིན་འདུག

ཁོང་འཛིན་བཟུང་བྱས་པ་དེས་རྒྱལ་སྤྱི་དང་རྒྱ་ནག་གི་ཁྲིམས་ལུགས་ནང་གཏན་ལ་ཕབ་པའི་བསམ་བློ་དང་། འདུ་ཤེས། ཆོས་ལུགས་བཅས་ཀྱི་གཞི་རྩའི་ཐོབ་ཐང་རྡོག་རོལ་བཏང་ཡོད། རྒྱ་ནག་གི་དབང་འཛིན་པ་ཚོས་མི་ཞིག་གིས་རང་གི་ཆོས་ལུགས་ཀྱི་དབུ་ཁྲིད་ལ་དད་མོས་བྱེད་པ་ཁྲིམས་འགལ་དུ་ངོས་འཛིན་བྱེད་པ་དེ་ནི་བོད་ནང་སྔར་བྱུང་མ་མྱོང་ཆོས་ལུགས་དད་མོས་ལ་བཀག་འགོག་བྱེད་ཤུགས་ཆེ་རུ་བཏང་བ་ཞིག་ཡིན།

སྒོ་དམར་ཆོས་འཕེལ་བཙོན་ནས་གློད་སྐབས་ཁོང་གི་ནང་མི་དང་གཉེན་ཉེ་གྲོགས་པོ་མང་པོ་ཞིག་ཁོང་བསུ་བར་བཙོན་ཁང་གི་སྒོ་ཁར་ཕྱིན་ཡོད་ཀྱང་། ཉེན་རྟོག་པས་ཁོང་ཚོར་འདྲ་པར་རྒྱག་བཅུག་མི་འདུག

ཁོང་བཙོད་དུ་འདུག་དགོས་བྱུང་བའི་རིང་ཧའོ་མེན་ནོང་ཆང་བཙོན་ཁང་གི་ངལ་རྩོལ་ཁང་དུ་ཉིན་རྟག་པར་དུས་ཡུན་རིང་པོར་དམག་གི་སྒྲིག་ཆས་དང་བྱ་སྤུའི་གྱོན་གོས་འཚེམ་པ། གློག་སྐུད་གཏུབ་པ་སོགས་ལས་རིགས་སྣ་ཚོགས་ལས་དགོས་བྱུང་འདུག

ད་ཆ་ཁོང་རང་ཉིད་ཀྱི་དགོན་པའི་ནང་ཆོས་ཕྱོགས་ཀྱི་མཛད་སྒོ་སོགས་ལ་ཞུགས་ཆོག་པ་བྱས་འདུག འོན་ཀྱང་ཁོང་གི་འགྲོ་འདུག་ཀུན་ལ་ས་གནས་ཉེན་རྟོག་པས་ལྟ་རྟོག་ནན་པོ་བྱེད་ཀྱི་ཡོད་པ་དང་། ཁོང་གིས་རང་ཉིད་ཀྱི་གྲོང་ཚོའི་ཕྱི་ལ་འགྲུལ་བཞུད་བྱ་ཆོག་གི་མེད། རྒྱ་ནག་ནང་གི་ཆབ་སྲིད་བཙོན་མ་ཚང་མར་གློད་མ་ཐག་འདི་ལྟར་ཚོད་འཛིན་ནན་པོ་བྱེད་ཀྱི་ཡོད། དེ་ནི་ཆབ་སྲིད་ཀྱི་ཐོབ་ཐང་འཕྲོག་པའི་ཐོག་བཅད་པའི་ཁྲིམས་ཆད་ཅིག་ཡིན། ཆབ་སྲིད་བཙོན་ཟུར་མང་པོ་ཞིག་གིས་བཙོན་ཁང་ནས་གློད་རྗེས་ཁྲིམས་ཆད་འདི་འཁུར་དགོས་ཐུག་ཡོད།  

ཧའོ་མེན་བཙོན་ཁང་དུ་བོདཀྱི་ཆབ་སྲིད་བཙོན་པ་ཚོའི་གཉེན་ཉེ་དང་ནང་མི་རྣམས་ལ་ཟླ་རེར་ལན་རེ་ཐུག་འཕྲད་བྱ་འཇུག་གི་ཡོད་པ་དང་། ཐུག་འཕྲད་དུས་ཡུན་སྐར་མ་སུམ་ཅུའི་རིང་ཡིན། ཐུག་འཕྲད་ཀྱི་དུས་ཡུན་དེའི་རིང་རྒྱ་སྐད་ཁོ་ན་བཤད་དགོས་ཀྱི་ཡོད། གལ་ཏེ་མི་ཞིག་གིས་ཐུག་འཕྲད་སྐབས་བོད་སྐད་བཤད་ཚེ། ཐུག་འཕྲད་ཀྱི་དུས་ཡུན་སྐར་མ་ལྔའི་ཐུང་ཏུ་གཏོང་གི་ཡོད་ལ། བཙོན་སྲུང་བ་ཚོས་ཀྱང་དོ་ནན་བྱེད་ཀྱི་ཡོད་འདུག

རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱིས་མི་སེར་སྤེལ་བའི་ད་ལྟའི་སྲིད་འཛིན་ས་ཁོངས་ལྟར་བྱས་ན། གྲྭ་ཆོས་འཕེལ་ལགས་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་རྫོང་གཉན་ཐོག་ཡུལ་ཚོ་སྒོ་དམར་གྲོང་ཚོ་ནས་ཡིན་པ་རེད། ཁོང་ད་ལྟ་རང་ལོ་ ༤༧ ཡིན་པ་དང་། ཆུང་དུས་ནས་རེབ་གོང་རོང་བོ་དགོན་པའི་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་ཞུགས་ཏེ་ད་ལྟ་འདུལ་བ་འཛིན་གྲྭར་བསླེབས་ཡོད་འདུག

About Tibetan Section TCHRD

Check Also

རྒྱ་གཞུང་གིས་བཀག་བསྡོམས་བྱས་པའི་བོད་ཀྱི་དགེ་འདུན་པ་ཞིག་གི་བརྩམས་ཆོས་འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་དཔར་བསྐྲུན་གྱིས་དབུ་འབྱེད་བྱས་པ།

ཐེངས་འདིར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བོད་ནང་གནས་བཞུགས་དགེ་འདུན་པ་ཀླུ་དཀོན་མཆོག་རྒྱ་མཚོས་བྲིས་པའི་དེབ་<<ཉིན་ཞག་ང་བཞི།>>ཞེས་པ་དཔར་བསྐྲུན་བྱ་རྒྱུ་བྱུང་བར་དགའ་བོ་བྱུང་། དེབ་འདིའི་ནང་རྩོམ་པ་པོ་ཁོང་གིས་ཕྱི་ལོ་༡༩༩༤ ལོར་ཧི་མ་ལ་ཡ་བརྒལ་ནས་བཙན་བྱོལ་དུ་ཡོང་བའི་ལམ་བར་གྱི་འཇིགས་སྐྲག་དང་། ཉེན་ཁ། དཀའ་ཚེགས་ཆེ་བའི་འགྲུལ་བཞུད་བཅས་ཀྱི་མྱོང་ཚོར། བོད་མིའི་བླ་ན་མེད་པའི་སྐྱབས་གནས་༧་སྤྱི་ནོར་༧གོང་ས་མཆོག་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཚུལ། བྱེས་ཀྱི་གདན་ས་ཆེན་པོ་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་གཞུང་ཆེན་བཀའ་པོད་ལྔར་སློབ་གཉེར་གནང་སྟེ་ཕྱི་ལོ་༢༠༠༠ ལོ་ཕྱིར་བོད་དུ་ལོག་པ། དེ་བཞིན་ཕྱི་ལོ་༢༠༡༥ ལོར་དེབ་འདི་བརྩམས་གྲུབ་པ་བྱས་པའི་རིམ་པ་དང་གནས་ཚུལ་ཞིབ་ཕྲ་འཁོད་ཡོད།    ཀླུ་དཀོན་མཆོག་རྒྱ་མཚོ་ནི་མདོ་སྨད་གཅན་ཚའི་ཡུལ་གྱི་ལ་མོ་བདེ་ཆེན་དགོན་པའི་གྲྭ་བ་ཞིག་ཡིན་པ་དང་། ཕྱི་ལོ་༢༠༡༥ ཟླ་༡༡ ཚེས་༧ ཉིན་ཁོང་གིས་དེབ་འདི་དཔར་བསྐྲུན་བྱ་རྩིས་བྱས་པར་བརྟེན་རྒྱ་གཞུང་གི་དབང་འཛིན་པ་ཚོས་ཁོང་འཛིན་བཟུང་བཀག་ཉར་བྱས་ཡོད། མཚན་གུང་ཆུ་ཚོད་གཉིས་པ་ཙམ་ལ་གཅན་ཚ་རྫོང་གི་སྤྱི་བདེ་མི་སྣ་ཁོང་གི་ཁྱིམ་ལ་འཛུལ་ནས་སྔོག་གཤེར་གྱིས་ཁ་པར་དང་གློག་ཀླད་གཞུང་བཞེས་བཏང་བ་མ་ཟད། གཅན་ཚ་རྫོང་སྤྱི་བདེ་ལས་ཁུངས་སུ་ཁྲིད་དེ་འདྲི་རྩད་བྱས་ཤིང་། ...