Wednesday , July 26 2017
Home / གསར་འགྱུར། / ལོ་བཞིར་བཙོན་འཇུག་ཁྲིམས་ཐག་བཅད་པའི་བོད་ཀྱི་སྒྲ་སྙན་རྡུང་ལེན་སྒྱུ་རྩལ་པ་སྐལ་བཟང་ཡར་འཕེལ་བཙོན་གྲོལ་ཐོབ།

ལོ་བཞིར་བཙོན་འཇུག་ཁྲིམས་ཐག་བཅད་པའི་བོད་ཀྱི་སྒྲ་སྙན་རྡུང་ལེན་སྒྱུ་རྩལ་པ་སྐལ་བཟང་ཡར་འཕེལ་བཙོན་གྲོལ་ཐོབ།

སྐལ་བཟང་ཡར་འཕེལ།

མིང་དུ་གྲགས་པའི་བོད་ཀྱི་གླུ་བ་དང་གླ་ཚིག་རྩོམ་པ་པོ་སྐལ་བཟང་ཡར་འཕེལ་ལགས་ལོ་ངོ་ཧྲིལ་པོ་བཞིའི་བཙོན་འཇུག་ཁྲིམས་ཐག་ཚང་ནས་གློད་གྲོལ་བྱུང་པར་འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་དགའ་བསུ་བྱེད་ཀྱི་ཡོད།

སྐུ་ཞབས་སྐལ་བཟང་ཡར་འཕེལ་ལགས་དགུང་ལོ་༤༡དང་། ཁ་སང་སི་ཁྲོན་ཞིང་ཆེན་གྱི་གྲོང་ཁྱེར་གཙོ་གྲས་ཁྲིན་ཏུའུ་ཡི་ཉེ་འཁྲིས་ཀྱི་མེན་ཡང་བཙོན་ཁང་ནས་གློད་གྲོལ་བྱུང་པའི་གནས་ཚུལ་ཁག་ཅིག་འདི་ག་ལྟེ་གནས་ཁང་ལ་རག་པའི་བརྙན་ཐུང་དང་པར་རིས་ལས་སྒྱུ་རྩལ་པ་ཁོང་བཙོན་གྲོལ་ཐོབ་པར་ཁོང་གི་དགའ་ཉེ་གྲོགས་མང་པོ་ཞིག་གིས་བོད་ཀྱི་སྲོལ་རྒྱུན་ལྟར་དགའ་བསུའི་ཁ་བཏགས་འཐེན་པ་དང་། བརྙན་ཐུང་གཞན་པ་ཞིག་ལས་གསོལ་མགྲོན་ཁང་ཞིག་ཏུ་ཁོང་གིས་དེང་རབས་ཞྭ་མོ་སྣ་རིང་ཞིག་གྱོན་ནས་དགའ་ཉེ་གྲོགས་པོ་ཚོ་ལྷན་འཛོམས་ཀྱི་གླུ་གཞས་གཏོང་གི་ཡོད་པ་སོགས་ཁོང་བཙོན་གྲོལ་ཐོབ་པར་རྟེན་འབྲེལ་ཞུ་བའི་རྣམ་པ་མཐོང་ཐུབ་ཀྱི་འདུག

སྐུ་ཞབས་སྐལ་བཟང་ཡར་འཕེལ་དང་ཁོང་གི་ནང་མི་རྣམས་ཁྲིན་ཏུའུ་ནས་ཞག་གཅིག་བསྡད་ནས་ཕྱི་ཉིན་ཞོགས་པ་ཕ་ཡུལ་རྨ་ཆུ་ལ་འབྱོར་ཡོད་པ་རེད།

ད་ལྟའི་ཆར་རྒྱ་གཞུང་གིས་བརྒྱུད་ལམ་ཁག་དམ་བསྒྲགས་ཆེ་བས་འདི་ག་ལྟེ་གནས་ཁང་ནས་ཁོང་གི་གཟུགས་གཞིའི་གནས་སྟངས་གང་འདྲ་ཡིན་ཤེས་རྟོགས་ཡོངས་ཐབས་བྲལ།

སྐུ་ཞབས་ཡར་འཕེལ་ཁོང་ཕྱི་ལོ་༢༠༡༣ལོ་ཟླ་༧པའི་ཚེས་༡༤་ཉིན་བོད་ཀྱི་རྒྱལ་ས་ལྷ་ས་ནས་འཛིན་བཟུང་བཙན་ཁྲིད་ཀྱིས་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་གྱི་ལྟ་རྟོག་ཁང་ཞིག་ཏུ་བཀག་ཉར་གྱིས་ཕྱི་ལོ་༢༠༡༤ལོའི་ཟླ་༡༡པའི་༢༧ཉིན་བཙོན་འཇུག་ཁྲིམས་ཐག་མ་བཅད་པར་གར་ཡོད་གནས་ཚུལ་ཤེས་རྟོགས་བྱུང་མེད། དེ་ནི་ཁོང་འཛིན་བཟུང་བྱས་པ་ཐེངས་གསུམ་པ་ཆགས་ཡོད།

ཕྱི་ལོ་༢༠༡༢་ལོར་ལྷ་ས་ནས་ཁོང་ས་གནས་ཉེན་རྟོག་པས་གང་བྱུང་འཇུ་བཟུང་ཐེངས་གཉིས་བྱས་འདུག་མོད་ཉེས་ཁྲིམས་མ་ཕོག་པར་གློད་འདུག དེ་སྐབས་ནས་བཟུང་ཁོང་གི་གླུ་གཞས་འོད་སྡེར་ཁག་ཚོང་འགྲེམས་བྱེད་པ་བཀག་སྡོམ་དང་གཞུང་བཞེས་བྱས་ཡོད་འདུག

སྐལ་བཟང་ཡར་འཕེལ་ནས་ཐོག་མ་ནས་བོད་ཀྱི་ལ་རྒྱ་དང་མཐུན་སྒྲིལ་ལ་དམིགས་པའི་རྡུང་ལེན་མང་པོ་བླངས་ཤིང་། ད་དུང་ཁོང་གིས་ལྟད་མོ་བ་མང་པོ་འཛོམས་སའི་གླུ་གཞས་དགོང་ཚོགས་བཀོད་སྒྲིག་བྱས་མྱོང་འདུག ཁོང་ནི་བོད་ནང་དུ་ཡོངས་གྲགས་ཀྱིས་དགའ་མོ་བྱ་སའི་གཞས་པ་ཡ་དུང་དང་ཤེར་བརྟན། དབྱངས་ཅན་ལྷ་མཛེས་སོགས་དང་འདྲ་།། ཕྱི་ལོ་༢༠༡༢་ལོ་ཟླ་བཅུ་པ་དང་བཅུ་གཅིག་ནང་ཁོང་གི་༼ཁ་བའི་མེ་ཏོག༽ཞེས་པའི་དགོང་ཚོགས་ཤིག་བསྡུས་ནས་དེ་སྟེང་ཁོང་གིས་༼བོད་པ་ཚོ་༽ཞེས་གཞས་ཤིག་བཏང་འདུག གཞས་ཚིག་ནི་ ” བོད་པ་ཚོ། ང་ཚོའི་བོད་ཡིག་སྦྱོང་། བོད་སྐད་བཤད། བོད་ཀྱི་སྐད་དང་ཡི་གེ་སྦྱོང་བའི་འོས་འགན་ང་ཚོར་ཡོད། བོད་པ་ཚོ། ང་ཚོས་མཐུན་སྒྲིལ་བྱེད། མཐུན་སྒྲིལ་བྱེད། སྟོད་སྨད་བར་གསུམ་མཐུན་སྒྲིལ་བྱས་ཏེ་རྡོག་རྩ་གཅིག་སྒྲིལ།  བོད་པ་ཚོ། ང་ཚོས་སྙིང་སྟོབས་སྐྱེད། སྐྱིད་སྡུག་འདྲེས་མའི་ལོ་ཟླ་བསམ་ཏེ་ང་ཚོས་སྙིང་སྟོབས་སྐྱེད། བོད་པ་ཚོ། ང་ཚོས་བདེ་སྡུག་གླེང་། མ་འོངས་བོད་མིའི་མདུན་ལམ་བསམ་དེ་ང་ཚོས་ཕུགས་བསམ་འཚོལ། བོད་པ་ཚོ། ང་ཚོས་ལ་རྒྱ་འཛིན། ལ་རྒྱའི་ཕྲག་གདང་གཤིབ་སྟེ། ང་ཚོ་མདུན་དུ་བསྐྱོད། བོད་པ་ཚོ། ང་ཚོས་འབད་བརྩོན་བྱེད། དུས་རབས་གསར་བའི་བོད་པའི་རྒྱུད་འཛིན་ང་ཚོ་ཡིན། བོད་པ་ཚོ། ” ལོ་དེར་ཁོང་གིས་༼གཉན་ཆེན་ཐང་ལ༌དགོང་ཚོགས་ཆེན་པོ༽གཙོ་སྒྲུབ་ཀྱིས་༼ང་ནི་བོད་ཀྱི་བུ་ཡིན་༽ཞེས་པའི་བདུད་བྷེའི་རྡུང་ལེན་ཞིག་བླངས་འདུག བདུད་བྷེ་ནི་རྡུང་ལེན་སྒྱུ་རྩལ་དོ་ཟླ་མེད་པ་ཞིག་དང་ཁོང་ཕྱི་ལོ་༢༠༡༦ལོའི་ཟླ་༢ནང་ལ་སྐུ་གཤེགས་པ་རེད།

ཕྱི་ལོ་༡༩༨༠ལོ་ཙམ་ནས་རྡུང་ལེན་སྒྱུ་རྩལ་གྱི་ལམ་ནས་བོད་མི་ཚོས་ལ་རྒྱ་དང་མི་་རིགས་ཀྱི་བདེ་སྡུག་མཚོན་པའི་གླུ་གཞས་གཏོང་འགོ་ཚུགས་དང་། རིམ་བཞིན་བོད་ཡུལ་མདོ་སྟོད་སྨད་བར་གསུམ་དུ་དར་ཁྱབ་ཆེན་པོ་ཕྱིན་ཡོད་པ་རེད། བོད་ཀྱི་རྩོམ་རིག་ཉམས་ཞིབ་པ་མཁས་དབང་མདའ་ཚན་བླ་མ་སྐྱབས་ཀྱིས་ཚད་མཐོའི་ཞིབ་འཇུག་ནང་དོན་དུའང་བོད་མི་ཚོའི་རང་གི་མངོན་འདོད་དང་དགག་རྒྱག་སོགས་གླུ་རུ་བླངས་ཡོད་ལ། བོད་མི་རིགས་ཀྱི་གཉན་འཕྲང་གི་གནས་སྟངས་དང་རིགས་གཞུང་། ལོ་རྒྱུས། ངོ་བོ་སོགས་ཐ་དད་པའི་མཚོན་དོན་རྡུང་ལེན་གྱི་དབྱངས་སུ་བཀུགས་སྐོར་གསུངས་ཡོད།

སྒྲ་སྙན་རྡུང་ལེན་གྱི་གཞས་ཚིག་གིས་མི་སེམས་ལ་སྟོབས་ཤུགས་སྐྲུན་ཞིང་དགྲ་བོ་དང་ཐ་དད་ཀྱི་བསམ་ཤུགས་ཆེ་རུ་གཏོང་གི་ཡོད་།

བདུད་བྷེ་ནི་རྡུང་ལེན་སྒྱུ་རྩལ་ས་ཁྱབ་རྡོ་ཁྱབ་དུ་གཏོང་མཁན་མི་རབས་གཉིས་པ་ཡིན་ལ། ཁོང་དང་རྡོ་རེད་སོགས་ཀྱི་དགེ་རྒན་ནི་བོད་ཀྱི་རྡུང་ལེན་པའི་ཡབ་ཆེན་དུ་འབོད་པའི་རྒན་དཔལ་མགོན་ཡིན།

སྐལ་བཟང་ཡར་འཕེལ་ནི་ཕྱི་ལོ་༢༠༠༠ལོ་ཙམ་ལ་རྡུང་ལེན་སྒྱུ་རྩལ་ཀྱི་ལམ་དུ་ཞུགས་ཤིང། དུས་ཡུན་ཐུང་ཐུང་ཞིག་གི་ནང་ལ་རྡུང་ལེན་ཐད་གྲུབ་འབྲས་ཆེན་པོ་ཐོན་ཅིང་། རིམ་བཞིན་མཚོ་སྔོན་བརྙན་འཕྲིན་ཁང་གི་གོ་སྒྲིག་བྱེད་པ་འི་ལོ་སར་དགོང་ཚོགས་སོགས་ཀྱི་གདན་ཞུས་བྱེད་པའི་རྡུང་ལེན་པ་ཞིག་ཏུ་གྱུར། སྔ་གཞུག་ཏུ་ཁོང་གིས་༼གཡུ་འབྲུག་སྔོན་མོའི་འཁྱུག་རྩལ༽དང་༼དགུང་ནས་གཡུ་འབྲུག་གྲགས་བྱུང་།༽༼གེ་སར་གྱི་ཕ་ཡུལ༽སོགས་སྒྲ་ཐག་དང་འོད་སྡེར་མང་པོ་བཏོན་ཞིང་། དེ་དག་གི་གྲས་སུ་དབྱངས་དང་ཚིག་མང་པོ་ཞིག་ཁོ་རང་གིས་བརྩམས་ཡོད།

རིམ་བཞིན་ཁོང་གིས་བོད་མི་རིགས་ཀྱི་ངོ་བོ་དང་ལ༌རྒྱ་དྲན་པའི་གླུ་གཞས་སོགས་འོད་སྡེར་བཞི་བཅུ་འགྲེམས་སྤེལ་བྱས་ཡོད། རྗེས་སུ་ཁོང་ལྷ་སར་སོང་སྟེ་དེ་རུ་གླུ་གཞས་དགོང་ཚོགས་མང་པོ་གཙོ་སྒྲུབ་གནང་ཡོད་།

སྐལ་བཟང་ཡར་འཕེལ་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་རྨ་ཁུག་རྟ་རའི་རུ་ཁག་ལྔ་བའི་འབྲོག་སྡེ་ཞིག་ཏུ་སྐྱེས་ཤིང་འཚར། ཁོའི་ཕ་མིང་ལ་མགོན་པོ་ཚེ་བརྟན་དང་མ་མིང་ལ་མ་ཁོ།  བཟའ་ཟླའི་མིང་ལ་ཚེ་འཛིན་དཔལ་མོ་བཅས་ཟེར་གྱི་ཡོད། ཁོང་གཉིས་ལ་བུ་གཉིས་དང་བུ་མོ་གཅིག་བཅས་བུ་ཕྲུག་གསུམ་ཡོད་པ་ལས། ཆེ་བ་བུ་ཨོ་རྒྱན་སྐྱབས་ལོ་ ༢༦དང་། བུ་ཆུང་བ་དཀོན་མཆོག་བསྟན་པ་ལོ་ ༢༤ཡིན ། བུ་མོ་སྒྲོལ་དཀར་ལྷ་མོ་ལོ་ ༢༣ ཡིན་འདུག

འདི་ག་ལྟེ་གནས་ཁང་ནས་ཁོང་གི་གཟུགས་གཞིའི་གནས་སྟངས་ལ་སེམས་ཁུར་ཆེན་པོ་བྱེད་ཀྱི་ཡོད། རྒྱ་གཞུང་གི་དགག་བྱ་ཚོད་འཛིན་སོགས་མེད་པར་སྨན་བཅོས་བྱེད་བའི་རང་དབང་སྤྲོད་དགོས།
རྒྱ་གཞུང་གིས་བོད་ཀྱི་ཆབ་སྲིད་བཙོན་པ་ཚོ་གློད་གྲོལ་བཏང་རྗེས། ལོ་གཉིས་ནས་ལྔ་བར་གྱི་ཆབ་སྲིད་ཁྱེད་དབང་འཕྲོག་གི་ཡོད་ལ། དུས་ཡུན་དེའི་རིང་ཁོང་ཚོར་སྨྲ་བརྗོད་རང་དབང་དང་། བསམ་ཚུལ། འདུ་འཛོམས། ཚོགས་ཞུགས། གོམས་བགྲོད། རྔམས་སྟོན་ཁྲོམ་སྐོར་སོགས་ཀྱི་རང་དབང་མེད་པ་མ་ཟད། ས་གནས་ཉེན་རྟོག་པས་ལྟ་རྟོག་དང་ཚོད་འཛིན་ཁོ་ནས་སྡོད་དགོས་ཀྱི་ཡོད།

འདི་ག་ལྟེ་གནས་ཁང་ནས་་སྐུ་ཞུབས་སྐལ་བཟང་ཡར་འཕེལ་ལགས་བཙོན་འཇུག་བྱས་པ་ནིརྒྱ་ནག་གི་རྩ་ཁྲིམས་དུ་གསལ་པའི་མི་སྒེར་གྱི་སྨྲ་བརྗོད་རང་དབང་དང་དེ་མཚུངས་རྒྱལ་སྤྱིའི་འགྲོ་བ་མའི་ཐོབ་ཐང་གི་ཁྲིམས་ལུགས་རྡོག་རལ་བཏང་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། སྐལ་བཟང་ཡར་འཕེལ་ལྟ་བུའི་བོད་མི་མང་པོ་ཞིག་རྒྱ་ནག་གི་བཙོན་འོགཏུ་སྡུག་སྦྱོར་མནར་གཅོད་ཚད་མེད་མྱངས་དང་མྱོང་བཞིན་ཡོད།

རྒྱ་ནག་དབང་འཛིན་པ་ཚོས་རྒྱལ་སྤྱིའི་འགྲོ་བ་མའི་ཐོབ་ཐང་གི་ཁྲིམས་ལུགས་བརྩི་འཇོག་གིས་འཕྲད་དུ་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པར་ཀློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད།

About Tibetan Section TCHRD

Check Also

སྨན་པའི་འགན་འཛིན་ཞིག་གིས་འགྲོ་བ་མིའི་ཐོབ་ཐང་དང་༸གོང་ས་མཆོག་འབྲེལ་ཆགས་ཀྱི་རྩོམ་ཡིག་བྲིས་རབས་ཀྱི་བསྐྱར་དུ་འཇུ་བཟུང་བྱས་འདུག

འདི་ལོའི་ཕྱི་ཟླ་༢ཚེས་༢༧ཉིན། རྒྱ་གཞུང་གིས་བསྐྱར་དུ་ཨ་མདོ་རྨ་ཆུ་རྫོང་མུ་ར་དགོན་པའི་སྨན་པ་མཁས་གྲུབ་ལགས་བསྐྱར་དུ་འཇུ་བཟུང་གིས་རྫོང་ཉེན་རྟོག་ཁང་དུ་བཀག་ཉར་བྱེད་བཞིན་ཡོད་འདུག   དེ་ནི་ཉིན་དེར་རྨ་ཆུ་རྫོང་གི་ཉེན་རྟོག་པ་སྐོར་ཅིག་ཁོང་གི་ལས་ཤག་ཏུ་ཡོང་སྟེ།   དེ་སྔ་ཁོང་གློད་གྲོལ་སྐབས་གཞུང་བཞེས་བྱས་ཡོད་པའི་ཁ་པར་དང་ཅ་དངོས་སོགས་ལེན་དུ་འགྲོ་དགོས་རབས།  སྐྱ་ཆོས་གོན་དགོས་པ་བཤད་ནས་བཙན་འཁྲིད་བྱས་ནས་ད་ལྟའི་བར་ཟླ་ངོ་གཉིས་ཙམ་ཕྱིན་འདུག་ཀྱང་། གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་ཙང་།  ཡུལ་མི་རྣམས་ཀྱིས་རྒྱ་གཞུང་གིས་ཁོང་ལ་ཉེས་འགེལ་བྱས་ནས་ཁྲིམས་ཐག་གཅོད་པར་དོགས་ནས་སེམས་ཁྲལ་བྱེད་ཀྱི་ཡོད་འདུག     དགུང་ལོ་༥༠ལྷག་ཙམ་ཡིན་པའི་སྨན་པ་མཁས་གྲུབ་ལགས་རྒྱ་གཞུང་གིས་དེ་སྔ་ཕྱི་ལོ་༢༠༡༦ཟླ་༡༢ཚེས་༡༤ཉིན་གྱི་དགོང་མོའི་ཆུ་ཚོད་༡༡ཡས་མས་ཤིག་ལ། རྨ་ཆུ་རྫོང་གི་འཐབ་རྩོད་གཅིག་གྱུར་གྱི་མི་སྣ་ཁོང་གི་བཞུགས་ཤག་ཏུ་སླེབས་སྟེ་ཁོང་བཙན་འཁྲིད་བྱས་པ་དང་། སྐབས་དེར་བཞུགས་ཤག་ཏུ་ཁོང་གཅིག་པུ་ལས་མེད་ཙང་། ཁོང་གང་དུ་སོང་མིན་ཤེས་རྟོགས་བྱུང་མཁན་མེད་པར་བརྟེན། ཕྱི་ཉིན་མུ་ར་དགོན་པའི་འཛིན་སྐྱོང་དོ་དམ་པ་རྒན་ཚེ་བརྟན་དང་སྨན་པ་མུ་ར་རྒྱ་པ་བཅས་ཁོང་གཉིས། ས་གནས་ཉེན་རྟོག་ཁང་དུ་སོང་སྟེ་སྨན་པ་མཁས་གྲུབ་ལགས་ཀྱི་སྐོར་སྐད་ཆ་འདྲི་སྐབས། ཉེན་རྟོག་ཁང་ནས་དེའི་སྐོར་གང་ཡང་ཤེས་རྟོགས་མེད་སྐོར་བརྗོད་ཡོད་པ་དང་། དེ་ནས་ཁོང་གཉིས་ཀྱིས་སྨན་པ་མཁས་གྲུབ་ཁོང་གློ་བུར་དུ་བརླག་པའི་བརྡ་ཁྱབ་བཏང་སྟེ་ས་གནས་མི་མང་ཡོངས་ནས་འཚོལ་ཞིབ་བྱ་རྒྱུ་ཡིན་ལུགས་བཤད་པ་ན།   ས་གནས་ཉེན་རྟོག་པས་རྫོང་འབྲེལ་ཡོད་ལས་ཁུངས་ལ་ཁ་པར་བཏང་སྟེ་སྐད་ཆ་དྲིས་པ་བརྒྱུད། ཁོང་འཐབ་ཕྱོགས་གཅིག་གྱུར་ཁང་གི་མི་སྣས་འཛིན་བཟུང་བྱས་ཏེ་རྫོང་ཉེན་རྟོག་ཁང་དུ་བཀག་ཉར་བྱས་ཡོད་པ་བརྗོད་འདུག ཡིན་ནའང་། …

Leave a Reply

Your email address will not be published. Required fields are marked *