Tuesday , April 25 2017
Home / གསར་འགྱུར། / རང་ལུས་མེར་བསྲེགས་གནང་རྐྱེན་རྒྱ་གཞུང་གིས་རྐང་བ་ཡ་གཅིག་གཏུབ་པའི་བློ་བཟང་དཀོན་མཆོག་ལགས་གློད་གྲོལ་བྱུང་འདུག

རང་ལུས་མེར་བསྲེགས་གནང་རྐྱེན་རྒྱ་གཞུང་གིས་རྐང་བ་ཡ་གཅིག་གཏུབ་པའི་བློ་བཟང་དཀོན་མཆོག་ལགས་གློད་གྲོལ་བྱུང་འདུག

དེ་སྔ་དགེ་འདུན་པ་གཉིས་ཀྱིས་དུས་མཉམ་དུ་རང་ལུས་མེར་བསྲེགས་ཀྱི་སྒོ་ནས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་བློ་བཟང་དཀོན་མཆོག་མི་ལོ་དྲུག་ལ་གར་སོང་ཆ་མེད་གྱུར་རྗེས།  ཕྱི་ཟླ་༣པའི་ཕྱི་ཚེས་༢༨ཉིན་ཟི་ཁྲོན་བདེ་ཡེང་བཙོན་ཁང་་གློད་གྲོལ་བཏང་ཡོད་ཀྱང་། ཁོང་གི་རྐང་བ་གཡོན་པ་བཏུབ་ཡོད་འདུག་ཐོག དགོན་པ་དང་གྲོང་ཁྱེར་དུ་འགྲོ་རུ་བཅུག་པར་འབྲོག་ས་རུ་བཟང་བཙོན་ལྟ་བུ་བཀག་ཡོད་འདུག

ཕྱི་ལོ་༢༠༡༡ཟླ་༩ཚེས་༢༦ཉིན་གྱི་བོད་ནང་གི་སྔ་དྲོའི་ཆུ་ཚོད་༡༠ཡས་མས་སུ་རྔ་བ་ཀིརྟི་དགོན་པ་ནས་ཡིན་ཞིང་། སྐབས་དེར་དགུང་ལོ་༡༩ཡིན་པའི་དགེ་འདུན་པ་བློ་བཟང་སྐལ་བཟང་དང་། དགུང་ལོ་༡༨ཡིན་པའི་དགེ་འདུན་པ་བློ་བཟང་དཀོན་མཆོག་གཉིས་ཀ་མཉམ་གཅིག་ཏུ་ཁྲོམ་དུ་ཐོན་ཏེ་རང་ལུས་མེར་བསྲེགས་གཏོང་ནས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཤིང་། མེ་དཔུང་དྲག་ཏུ་འབར་བཞིན་པའི་དགེ་འདུན་པ་གཉིས་གོམ་པ་ཁ་ཤས་འགྲོ་མཚམས། རྒྱ་མིའི་ཉེན་རྟོག་པ་དེ་མུར་སླེབས་ནས་ཁོང་གཉིས་ཀྱི་ལུས་སྟེང་གི་མེ་བསད་དེ་བཙན་འཁྲིད་བྱས་རྗེས། སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ།  ཁོང་གཉིས་སྨན་ཁང་དུ་འཁྲིད་པ་རེད་ཅེས་པ་དང་། རྐང་ལག་བཏུབ་འདུག་ཟེར་བ་མ་གཏོགས། གཟུགས་གཞིའི་གནས་བབ་དང་། ནང་མིར་ཐུག་འཕྲད། ཁྲིམས་ཆད་ཅི་ཞིག་བཅད་ཡོད་མེད་སོགས་གང་ཡང་ཤེས་རྟོགས་མ་ཐུབ་པ་རེད།

སྤྱི་ཚོགས་དྲ་རྒྱ་ལྟར་ན ། དགེ་འདུན་པ་བློ་བཟང་དཀོན་མཆོག་ལགས། ཟླ་འདིའི་ཚེས་༢༨ཉིན་གྱི་མཚོན་མོར།  བཙོན་ཁང་གི་འབྲེལ་ཡོད་ནས་ཚུར་ཁྱིམ་དུ་བསྐྱལ་ཡོད་འདུག་ལ། ཉེན་རྟོག་པས་མུ་མཐུད་ལྟ་རྟོག་ནན་མོ་བྱེད་བཞིན་ཡོད་པ་མ་ཟད། དགོན་པ་དང་རྫོང་མཁར་སོགས་སུ་འགྲོ་རུ་མི་བཅུག་པ་དང་། གཉེན་ཉེ་དང་སློབ་གྲོགས་སོགས་ཐུག་འཕྲད་སྐབས་སུ་་འདྲ་པར་རྒྱག་མི་ཆོག་པ།  གློད་གྲོལ་སྐོར་གྱི་གནས་ཚུལ་ཡང་ཁྱབ་བརྡལ་གཏོང་མི་ཆོག་པ་སོགས་རང་དབང་སྤུ་ཙམ་མེད་པར། ཕ་མ་ཡོད་སའི་འབྲོག་ས་རུ་བཟང་བཙོན་ལྟ་བུ་བཀག་ཡོད་འདུག

ང་བརྒྱུད་ལམ་ལྟར་ན། དགེ་འདུན་བློ་བཟང་དཀོན་མཆོག་ལགས་བཙོན་དུས་རྫོགས་ནས་གློད་གྲོལ་གྱི་ཚེས་གྲངས་དངོས་ནི་ཕྱི་ཟླ་གསུམ་པའི་ཚེས་མགོ་ཡིན་ཡང་། གསུམ་བཅུ་དུས་དྲན་དང་གསུམ་པའི་བཅུ་དྲུག་སོགས། ཆབ་སྲིད་ཀྱི་ཚོར་བ་རྣོ་བའི་ཚེས་གྲངས་དེའི་སྐབས་སུ་རྙོག་ཟིང་ཡོང་དོགས་ཀྱི་ད་ལྟའི་བར་གློད་གྲོལ་མ་བྱས་པ་རེད་འདུག

བློ་བཟང་དཀོན་མཆོག་དང་བློ་བཟང་སྐལ་བཟང་གཉིས་ཀས་མཉམ་དུ་རང་ལུས་མེར་བསྲེགས་གནང་ནས་རྒྱ་གཞུང་གིས་བཙན་འཁྲིད་བྱས་རྗེས། བློ་བཟང་དཀོན་མཆོག་གི་སྐུ་གཟུགས་གནས་སྟངས་ཧ་ཅང་ཛ་དྲག་གིས་གཞུང་འབྲེལ་སྨན་ཁང་ཞིག་ཏུ་སྨན་བཅོས་བྱས་སྐབས་སུའང་། སྨན་པ་དང་ལྟ་རྟོག་པས། ཁོང་ལ་ “ རྒྱལ་ཁབ་ཀྱི་དགྲ་བོ་དང་མང་ཚོགས་ནང་དཀྲུགས་ཤིང་རྒྱག་མཁན ” ཡིན་ཚུལ་བཤད་དེ་ནམ་རྒྱུན་མཐོང་ཆུང་དང་ཁྱད་གསོད་བྱེད་ཀྱིན་ཡོད་འདུག་ལ།  དགེ་འདུན་པ་བློ་བཟང་སྐལ་བཟང་ལགས་རྒྱ་གཞུང་གིས་བཙན་འཁྲིད་རྗེས་ད་ལྟ་བར་གར་སོང་ཅི་བྱུང་གི་གནས་སྟངས་ད་དུང་ཡང་ཅི་ཡང་ཤེས་རྟོགས་མ་ཐུབ་པ་རེད།

ློ་བཟང་དཀོན་མཆོག་འཇུ་བཟུང་བྱས་ནས་ལོ་དྲུག་གི་ཁྲིམས་ཐག་བཅད་པ་དེང་འདིར་གཞི་ནས་ཤེས་རྟོགས་བྱུང་བ་ལས། ཁོང་ལ་ནག་ཉེས་ཅི་ཞིག་འཛུགས་མིན་ཡང་གསལ་ཁ་བྱུང་མེད་ཀྱང་། རྒྱ་གཞུང་གིས་དུས་རྒྱུན་རང་ལུས་མེར་བསྲེགས་གནང་མཁན་ལ་སྤྱི་ཚོགས་ཀྱི་བདེ་འཇགས་ལ་གནོད་སྐྱོན་བཟོས་པ་ཞེས་པའི་ཉེས་འགེལ་བྱེད་ཀྱིན་ཡོད་ཅིང་། ལྷག་པར་སྔར་ལོ་༢༠༡༦ཟླ་༥ནང་། རྒྱ་གཞུང་གིས་རང་བསྲེགས་ནི་ནག་ཉེས་ཡིན་པའི་ཁྲིམས་སྲོལ་གསལ་བསྒྲགས་བྱས་ཡོད་ལ། བོད་ནང་དུ་ད་ལྟའི་བར་རང་ལུས་མེར་བསྲེགས་གནང་མཁན་༡༤༦བྱུང་ཁྲོད། མི་གྲངས་༡༨མ་ཤི་བར་གསོན་ནས་བསྡད་ཡོད་ཀྱང་། རྒྱ་གཞུང་གིས་ཁོང་ཚོར་སྤྱི་ཚོགས་ཀྱི་བདེ་འཇགས་ལ་གནོད་སྐྱོན་བཟོས་པའི་ནག་ཉེས་བཙུགས་ནས། ཁྲིམས་ཐག་གི་དུས་ཡུན་ལོ་༣ནས་༡༠གཅོད་ཀྱིས། ཐ་ན་སྲོག་ཁྲིམས་གཅོད་པ་བྱུང་ཡོད། ཕྱི་ལོ་༢༠༡༦ཟླ་༣ནང་། རང་ལོ་༡༦ཡིན་པའི་དགེ་འདུན་པ་བསམ་གྲུབ་ཅེས་པ་ཞིག་གིས་རང་བསྲེགས་བྱ་གྲབས་བྱས་འདུག་ཅེས་འཇུ་བཟུང་བཀག་ཉར་གྱི་ཁྲིམས་ཆད་ལོ་༣་བཅད་ནས་གློད་གྲོལ་བྱུང་ཞིང་། ཕྱི་ལོ་༢༠༡༦ཟླ་༩ནང་། ཕྱི་ལོ་༢༠༡༦ཟླ་༩ནང་། བོད་ནང་ནས་ཆེས་ཐོག་མར་རང་ལུས་མེར་བསྲེགས་གནང་མཁན་རྟ་བྷེ་ལགས་བདེ་ཡེང་ཞེས་པའི་བཙོན་ཁང་དུ་བཅུག་པའི་གནས་ཚུལ་གཞི་ནས་ཤེས་རྟོགས་བྱུང་བ་རེད།

དི་ག་ལྟེ་གནས་ཁང་གིས་ངོས་ནས། རྒྱ་གཞུང་གིས་བློ་བཟང་དཀོན་མཆོག་གི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཁག་ཏེ། འགྲོ་བསྐྱོད་རང་དབང་དང་། ཤེས་ཡོན་སློབ་སྦྱོང་གི་ཐོབ་ཐང་། བསམ་བློ་རང་དབང་སོགས་ལོངས་སུ་སྤྱོད་བཅུག་དགོས་པའི་འབོད་སྐུལ་དང་སྦྲགས། བློ་བཟང་དཀོན་མཆོག་གང་བྱུང་འཇུ་བཟུང་གིས་ལོ་མང་བཙོན་འཇུག་བྱས་པ་ནི། ཁོང་གི་བསམ་བློའི་རང་དབང་དང་ལྷག་པར་ངོ་རྒོལ་ཁྲོམ་སྐོར་བྱ་ཆོག་པའི་རང་དབང་སོགས་བརྩི་མེད་རྡོག་རོལ་བཏང་བ་ཞིག་ཆགས་ཡོད་པ་དང་། རང་བསྲེགས་ངོ་རྒོལ་ནི་དུས་ནམ་ཡང་སྤྱི་ཚོགས་ཀྱི་བདེ་འཇགས་གཏོར་སྐྱོན་བཏང་བའི་ཉེས་པར་ཆགས་མི་སྲིད་པར། དེ་བས་སྤྱི་ཚོགས་ཀྱི་བདེ་འཇགས་ལ་འཇིགས་དངངས་དང་གནོད་སྐྱོན་ནི་སྲིད་གཞུང་གིས་བཙན་ཤེད་ཀྱི་མི་དམངས་ཀྱི་བསམ་སྦྱོར་ལ་དམ་དྲག་ཤུགས་ཆེར་བྱས་པ་ལས་བྱུང་གི་ཡོད་པ་ཤེས་དགོས་པའི་དུས་ལ་སླེབས་ཡོད་ཅེས་དྲན་སྐུལ་ཞུ་ཡི་ཡོད།

About Tibetan Section TCHRD

Check Also

ཁམས་ཉག་རོང་ནས་བོད་མི་ན་གཞོན་ཞིག་གིས་རང་ལུས་མེར་བསྲེགས་གནང་འདུག

༢༠༡༧ཟླ་༣ཚེས་༡༨ཉིན་གྱི་བོད་ནང་གི་ཆུ་ཚོད་༤ཡས་མས་སུ།  ཁམས་དཀར་མཛེས་ཁུལ་ཉག་རོང་རྫོང་ནས་ཡིན་ཞིང་། རང་ལོ་༢༤ཡིན་པའི་བོད་མི་ན་གཞོན་པདྨ་རྒྱལ་མཚན་ལགས་ཀྱིས། ཉག་རོང་གི་མཚོ་ཁ་དགོན་པ་ཞེས་པའི་ཉེ་འཁྲིས་སུ་རང་ལུས་མེར་བསྲེགས་གནང་འདུག ཁོང་ནི་ད་ལྟའི་བར་བོད་ནང་རང་ལུས་མེར་བསྲེགས་གནང་མཁན་ཨང་༡༤༧་དང་འདི་ལོའི་རང་བསྲེགས་གནང་མཁན་ཆེས་ཐོག་མ་དེ་ཆགས་ཡོད་ལ། སྔར་ལོར། རང་ལོ་༡༨ཡིན་པའི་དགེ་འདུན་པ་སྐལ་བཟང་དབང་འདུས་ཀྱིས་ཀྱང་དགོན་པ་དེ་ག་རང་གི་ཉེ་འདབས་སུ་རང་ལུས་མེར་བསྲེགས་གནང་ནས་སྐུ་སྲོག་ཤོར་པ་རེད། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལྟར་ན། པདྨ་རྒྱལ་མཚན་གྱིས་རང་ལུས་མེར་བསྲེགས་གནང་ནས་ཅུང་མ་འགོར་བར་རྒྱ་མིའི་ཉེན་རྟོག་པ་འབོར་ཆེན་སླེབས་སྟེ་བཙན་འཁྲིད་བྱས་པ་དང་ད་ལྟའི་ཆ། ཟིན་ཁྲོན་གྱི་རྒྱལ་ས་་ཁྲིན་ཏིའི་ཞེས་པ་རུ་སྨན་བཅོས་བྱེད་ཀྱི་ཡོད་པའི་བཤད་ཚུལ་གཅིག་དང་། ཡང་དེ་ལྟར་མིན་པར། པདྨ་རྒྱལ་མཚན་ལགས་རང་ལུས་མེར་བསྲེགས་བྱས་པའི་གནས་སྐབས་དེ་ག་རང་ལ་ཚེ་སྲོག་ཤོར་ཟིན་པ་བཤད་མཁན་ཡང་ཡོད་འདུག་ལ། པདྨ་རྒྱལ་མཚན་གྱིས་རང་ལུས་མེར་བསྲེགས་གནང་སྐབས། ༧གོང་ས་བོད་དུ་ཕེབས་བཅུག་དགོས་ཡོད། བོད་ལ་རང་དབང་མི་འདུག་ཅེས་འབོད་ཚིག་སྒྲོག་ཡོད་པ་གསལ་འདུག   ཡང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལྟར་ན།  ད་ལྟའི་ཆར་པདྨ་རྒྱལ་མཚན་ལགས་སྐུ་འཚོ་བཞུགས་ཡོད་མེད་ཀྱི་གནས་སྟངས་གསལ་ཁ་མ་བྱུང་ཡང་། …

Leave a Reply

Your email address will not be published. Required fields are marked *