Sunday , November 19 2017
Home / གསར་འགྱུར། / ཨ་མདོ་རྔ་བ་ནས་༣་༡༦དམར་གསོད་ཆེན་མོ་རྗེས་དྲན་གྱི་ཞི་རྒོལ་མུ་མཐུད་འབྱུང་བཞིན་འདུག

ཨ་མདོ་རྔ་བ་ནས་༣་༡༦དམར་གསོད་ཆེན་མོ་རྗེས་དྲན་གྱི་ཞི་རྒོལ་མུ་མཐུད་འབྱུང་བཞིན་འདུག

དགེ་འདུན་པ་བློ་བཟང་དར་རྒྱས།

༣ཿ་༡༦་རྔ་བའི་དམར་གསོད་ཆེན་མོའི་དུས་དྲན་ལ་སྲུང་བརྩི་བྱས་དབང་གིས། ཨ་མདོ་རྔ་བ་རྫོང་སྲིད་གཞུང་གིས་ཉེ་བའི་བདུན་ཕྲག་ནང་། རྔ་བའི་དགེ་འདུན་པ་ཞིག་དང་བུད་མེད་ཅིག་འཇུ་བཟུང་བཀག་ཉར་བྱས་འདུག

རྔ་བ་ཀིརྟི་དགོན་པ་ནས་ཡིན་པའི་དགེ་འདུན་པ་བློ་བཟང་དར་རྒྱས་ལགས་ཀྱིས་ཟླ་འདིའི་ཕྱི་ཚེས་༡༦ཉིན། རྔ་བ་རྫོང་གི་དཔའ་བོ་སྲུང་ལམ་དུ་ཁེར་རྐྱང་ངོ་རྒོལ་གྱི་གོམ་བགྲོད་བྱས་ནས་ཅུང་མ་འགོར་བར། ཉེན་རྟོག་པ་གློ་བུར་སླེབས་ནས་འཇུ་བཟུང་བཙན་འཁྲིད་བྱས་འདུག་ལ། ཁོང་གིས་གོམ་བགྲོད་སྐབས་སུ་༸གོང་ས་མཆོག་བོད་དུ་ཕེབས་བཅུག་དགོས་ཡོད། བོད་ལ་རང་དབང་དགོས་ཞེས་འབོད་ཚིག་སྒྲོག་ཡོད་པ་གསལ་འདུག

རྒྱ་གཞུང་གིས་ཕྱི་ཟླ་༣ནང་། བོད་ཁུལ་གྱི་སྤྱི་ཚོགས་ཀྱི་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོབ་ཅེས་དུས་རྒྱུན་ཁྲོམ་སྲིང་དུ་ཉེན་རྟོག་པ་འབོར་ཆེན་འགྲེམས་འཇོག་དང་།    སྤྱི་ཚོགས་དྲ་ལམ་ཁག་བཀག་སྡོམ་ཤུགས་ཆེར་བྱས་དབང་གིས། གནས་ཚུལ་ཁག་ཕྱི་ཕྱོགས་སུ་བརྡ་ལན་བྱེད་རྒྱུ་ཇེ་དཀའ་རུ་སོང་དབང་གིས། བློ་བཟང་དར་རྒྱས་ཀྱི་གནས་ཚུལ་གྱི་དངོས་སུ་བྱུང་ནས་བདུན་གཅིག་འགོར་རྗེས་མ་གཏོགས། ཁོང་གི་མིང་དང་ཕའི་མིང་ལ་མགོན་པོ་དང་། མའི་མིང་ལ་བསོད་ནམས་སྐྱིད། རྔ་བ་གཅའ་རོ་སྟོད་མ་ནས་ཡིན་པ་ཙམ་ལས། ཁོང་གི་ད་ལྟའི་གནས་སྟངས་དང་་གང་དུ་བཀག་ཉར་བྱས་ཡོད་མེད་སོགས་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད།

གདུགས་བྷེ།

ཡང་ཟླ་འདིའི་ཕྱི་ཚེས་༡༨ཉིན། དམར་གསོད་ཆེན་མོར་རྗེས་དྲན་མྱ་ངན་གྱི་སླད་དུ། ཕྲུ་གུ་གཉིས་ཀྱི་ཨ་མ་ཡིན་པའི་བུད་མེད་གདུགས་བྷེ་ཞེས་པ་ཞིག་གིས་ཀྱང་ཁེར་རྐྱང་ངོ་རྒོལ་གནང་བ་དང་། དེ་མུར་ཉེན་རྟོག་པ་སླེབས་ནས་ཁོང་མོ་འཇུ་བཟུང་བཙན་འཁྲིད་བྱས་རྗེས། ད་ལྟའི་ཆར་ཁོང་མོ་གང་དུ་བཀག་ཉར་བྱས་ཡོད་མེད་སོགས་གསལ་ཁ་མ་ཐུབ་པར་བསྡད་ཡོད། དེ་སྔ་ཁོང་མོས་རྔ་བ་ཀིརྟི་དགོན་ཆེན་གྱི་མདུན་དུ་ཡོད་པའི་སྟོན་པའི་སྐུ་འདྲར་གཙང་བཟོ་ཡི་ལས་ཀ་བྱས་ཀྱི་ཡོད་ཅིང་། རྔ་བ་རྫོང་ར་རུ་ཞང་ནས་ཡིན་ཞིང་། ཁོང་མོའི་བཟའ་ཟླའི་མིང་ལ་བསོད་ནམས་དང་། ཨ་ཕའི་མིང་ལ་སྔགས་ཆུང་དང་ཨ་མའི་མིང་ལ་དཔལ་སྐྱིད་རེད་འདུག

ཡང་འདི་ལོའི་ཁེར་རྐྱང་ངོ་རྒོལ་ཐོག་མ་དེ་ཉིད། ཕྱི་ཟླ་༢ཚེས་༢༥ཉིན། དགེ་འདུན་པ་བློ་བཟང་ཚུལ་ཁྲིམས་ལགས་ཀྱི་བོད་ལུགས་ཀྱི་ལོ་སར་དགུ་ཐུག་ཉིན་མོར་རྔ་བ་རྫོང་ཐོག་ནས། ༸གོང་ས་མཆོག་གི་སྐུ་པར་ཁྱེར་ནས་བོད་ལ་རང་དབང་དགོས། ༸གོང་ས་མཆོག་བོད་དུ་ཕེབས་དགོས་ཡོད་ཅེས་སྐད་འབོད་བྱས་ཞོར་གོམ་བགྲོད་བྱས་ནས་ཅུང་མ་འགོར་བས། ས་གནས་ཉེན་རྟོག་པ་སླེབས་ནས་འཇུ་བཟུང་བཙན་འཁྲིད་བྱས་པ་ལས། ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

ཕྱི་ལོ་༢༠༠༨ཟླ་༣ཚེས་༡༦ཉིན། རྔ་བ་ཀིརྟིའི་དགོན་པའི་དགེ་འདུན་པ་རྣམས་ཀྱིས་བཀག་སྡོམ་བྱས་པའི་བོད་ཀྱི་རྒྱལ་དར་ཁྱེར་ནས་ཞི་བའི་ངོ་རྒོལ་གནང་ནས་ཅུང་མ་འགོར་པར། བོད་མི་མི་སྐྱ་ཕོ་མོ་གང་མང་ཞིག་ཀྱང་མཉམ་ཞུགས་ཀྱི་སྐད་འབོད་བྱས། སྐྱ་སེར་མཉམ་འདུ་ཡི་ངོ་རྒོལ་ལས་འགུལ་དེ་ཉིད་སྤེལ་ནས་ཆུ་ཚོད་རིང་བོ་མ་སོང་བར།

དགེ་འདུན་པ་བློ་བཟང་ཚུལ་ཁྲིམས།

གློ་བུར་དགོན་པའི་ལྕགས་རའི་ནང་དུ་རྒྱ་མའི་བདེ་འཇགས་མི་སྣ་འབོར་ཆེན་སླེབས་ནས་ཞི་རྒོལ་བོད་མིའི་སྟེང་དུ་མིག་སྒྲིབ་རླུང་དབུགས་གཏོར་བ་མ་ཟད། ལྕགས་རའི་ཕྱི་རུ་ཐོན་དུ་མ་བཅུག་པས། དམངས་ཚོགས་འཚིང་ཁ་ཇེ་ཆེར་སོང་བའི་ཁྲོད་མེ་མདའ་གང་བྱུང་རྒྱབ་ནས་མི་གྲངས་༡༥ལྷག་ཙམ་དེ་མུར་བསད་ཡོད་ལ། བརྒྱ་ཕྲག་མང་བོ་རྨས་སྐྱོན་འཚབ་ཆེན་བྱུང་མིན་ལ་མ་ལྟོས་པར། ཉེན་རྟོག་པས་ནང་འཁྲོལ་དང་སྒྱུད་མ་སོགས་ཕྱི་རུ་ཐོན་ཞིང་། ཁྲག་གིས་འཚོས་པའི་བེམ་པོ་རྣམས་མི་དམངས་ཀྱི་མིག་མདུན་དུ་བསྒྲིགས་ནས་འཇིགས་སྐུལ་བྱས་ཡོད།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་༢༠༠༨་གྱི་མནར་གཅོད་གཏན་བཀག་སྡོམ་ཚན་པའི་ངོས་ནས།  རྔ་བ་དང་དཀར་མཛེས། ལྷ་སའི་ཕྱོགས་ཀྱི་བོད་མི་ཞི་རྒོལ་བའི་སྟེང་དུ་ཉེན་འཇགས་ཉེན་རྟོག་པས་དྲག་གནོན་བྱས་པ་བརྒྱུད་ཤི་རྨས་བྱུང་བའི་བོད་མི་ཐད་ལ་རྩད་གཅོད་འདྲི་ཞིབ་བྱས་ཀྱང་། རྒྱ་གཞུང་གིས་དེའི་ཐད་ལ་ལན་འདེབས་བྱས་ཐུབ་མེད་ལ། དེ་བཞིན་ཕྱི་ལོ་༢༠༡༥ཟླ་༡༢ནང་། རྒྱལ་ཚོགས་ཀྱིས་རྒྱ་ནག་གི་དུས་བཀག་བསྐྱར་ཞིབ་ཐེངས་༥ སྐབས་སུའང་གོང་གི་འདྲི་བ་དང་ལྷག་པར་བོད་མི་༢༤ནས་༢༦ཙམ་གྱི་མིང་འདོན་བྱས་ནས་དེ་དག་གི་གནས་སྟངས་དང་ཅི་ཞིག་སྐོར་རྒྱ་ནག་ལ་བྲིས་ཀྱང་། སླར་ཡང་ལན་འདེབས་མ་ཐུབ་པར་ལྷག་པ་རེད།

About Tibetan Section TCHRD

Check Also

རྒྱ་གཞུང་གིས་བཀག་བསྡོམས་བྱས་པའི་བོད་ཀྱི་དགེ་འདུན་པ་ཞིག་གི་བརྩམས་ཆོས་འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་དཔར་བསྐྲུན་གྱིས་དབུ་འབྱེད་བྱས་པ།

ཐེངས་འདིར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བོད་ནང་གནས་བཞུགས་དགེ་འདུན་པ་ཀླུ་དཀོན་མཆོག་རྒྱ་མཚོས་བྲིས་པའི་དེབ་<<ཉིན་ཞག་ང་བཞི།>>ཞེས་པ་དཔར་བསྐྲུན་བྱ་རྒྱུ་བྱུང་བར་དགའ་བོ་བྱུང་། དེབ་འདིའི་ནང་རྩོམ་པ་པོ་ཁོང་གིས་ཕྱི་ལོ་༡༩༩༤ ལོར་ཧི་མ་ལ་ཡ་བརྒལ་ནས་བཙན་བྱོལ་དུ་ཡོང་བའི་ལམ་བར་གྱི་འཇིགས་སྐྲག་དང་། ཉེན་ཁ། དཀའ་ཚེགས་ཆེ་བའི་འགྲུལ་བཞུད་བཅས་ཀྱི་མྱོང་ཚོར། བོད་མིའི་བླ་ན་མེད་པའི་སྐྱབས་གནས་༧་སྤྱི་ནོར་༧གོང་ས་མཆོག་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཚུལ། བྱེས་ཀྱི་གདན་ས་ཆེན་པོ་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་གཞུང་ཆེན་བཀའ་པོད་ལྔར་སློབ་གཉེར་གནང་སྟེ་ཕྱི་ལོ་༢༠༠༠ ལོ་ཕྱིར་བོད་དུ་ལོག་པ། དེ་བཞིན་ཕྱི་ལོ་༢༠༡༥ ལོར་དེབ་འདི་བརྩམས་གྲུབ་པ་བྱས་པའི་རིམ་པ་དང་གནས་ཚུལ་ཞིབ་ཕྲ་འཁོད་ཡོད།    ཀླུ་དཀོན་མཆོག་རྒྱ་མཚོ་ནི་མདོ་སྨད་གཅན་ཚའི་ཡུལ་གྱི་ལ་མོ་བདེ་ཆེན་དགོན་པའི་གྲྭ་བ་ཞིག་ཡིན་པ་དང་། ཕྱི་ལོ་༢༠༡༥ ཟླ་༡༡ ཚེས་༧ ཉིན་ཁོང་གིས་དེབ་འདི་དཔར་བསྐྲུན་བྱ་རྩིས་བྱས་པར་བརྟེན་རྒྱ་གཞུང་གི་དབང་འཛིན་པ་ཚོས་ཁོང་འཛིན་བཟུང་བཀག་ཉར་བྱས་ཡོད། མཚན་གུང་ཆུ་ཚོད་གཉིས་པ་ཙམ་ལ་གཅན་ཚ་རྫོང་གི་སྤྱི་བདེ་མི་སྣ་ཁོང་གི་ཁྱིམ་ལ་འཛུལ་ནས་སྔོག་གཤེར་གྱིས་ཁ་པར་དང་གློག་ཀླད་གཞུང་བཞེས་བཏང་བ་མ་ཟད། གཅན་ཚ་རྫོང་སྤྱི་བདེ་ལས་ཁུངས་སུ་ཁྲིད་དེ་འདྲི་རྩད་བྱས་ཤིང་། ...