Tuesday , September 26 2017
Home / གསར་འགྱུར། / བོད་ས་ཡོངས་བཙོན་ཁང་ཆེན་པོ་ཞིག་ཏུ་གྱུར་ཡོད།

བོད་ས་ཡོངས་བཙོན་ཁང་ཆེན་པོ་ཞིག་ཏུ་གྱུར་ཡོད།

འདི་ག་ལྟེ་གནས་ཁང་གི་༢༠༡༦ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ཀྱི་ལོ་འཁོར་སྙན་ཐོ།

   རྒྱ་གཞུང་གིས་བོད་མིའི་གཞི་རྩའི་ཐོབ་ཐང་དང་། རང་དབང་ཁག་མུ་མཐུད་ཁྲིམས་འགལ་དང་ནག་ཉེས་སུ་བརྩིས་ནས་བོད་མི་གང་བྱུང་འཇུ་བཟུང་བཀག་ཉར་དང་། གར་སོང་ཆ་མེད། མནར་གཅོད་ཀྱིས་མཚོན་པའི་བོད་མིའི་ཁོར་ཡུག་གཏོར་སྐྱོན་དང་།  ཐུན་མོང་ལ་ཉེས་འགེལ་གྱི་གནས་ཚུལ་བསྟུད་མར་བྱུང་བསྡད་ཡོད་པར་མ་ཟད། སྔར་ཡོད་ཀྱི་ཁྲིམས་སྒྲིག་ལ་བསྐྱར་བཅོས་ཀྱིས་གསར་དུ་སྒྲིག་སྲོལ་གང་མང་བཟོས་ཤིང་། འཆར་གཞི་ལྡན་པའི་སྒོ་ནས་བོད་མིའི་གཞི་རྩའི་ཐོབ་ཐང་ཁག་རྩིས་མེད་རྡོག་རོལ་གཏོང་མུས་སུ་ཡོད་པ་ཡིན། དེ་ལྟར་བོད་ནང་གི་གནས་སྟངས་ཡ་ང་ཡི་མུག་སྐྱེ་གཞི་ཞིག་ཆགས་ཡོད་ཀྱང་། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་སྤུ་ཙམ་ཡང་མ་གཏོང་བར། མུ་མཐུད་དྲག་པོའི་དབང་ཚད་སྤྱད་རྐྱང་དང་།  ལྐོག་ནས་སྲིད་གཞུང་གིས་བརྒྱུད་བསྐུལ་དང་འགྲོ་གྲོན་བཏང་ནས་བོད་མིའི་སྟེང་འཚེ་བ་སྤེལ་གྱི་ཡོད་པ་རེད།

དེ་ལྟར་༢༠༡༦ལོའི་སྙན་ཐོའི་ནང་དུ་གཙོ་བོ། རྒྱ་གཞུང་གིས་བོད་ནང་གི་བོད་མིའི་བསམ་བློའི་རང་དབང་དང་སྨྲ་བརྗོད་རང་དབང་། སྒེར་གྱི་རང་དབང་ཐོབ་ཐང་། ཆོས་དད་རང་དབང་དང་ཞི་བའི་འདུ་འཛོམས་ཀྱི་རང་དབང་སོགས་ཀྱི་ཐད་ལ་དམ་དྲག་དང་བཀག་སྡོམ་ཤུགས་ཆེར་བྱེད་ཀྱིན་ཡོད་པའི་གནས་ཚུལ་གཙོ་འདོན་དང་། ལྷག་པར་རྒྱ་གཞུང་གི་ཁྲིམས་སྒྲིག་ཁག་ཏུ་གསལ་བའི་ཁེ་དབང་དང་ཐོབ་ཐང་སྲུང་སྐྱོབ་སོགས་བོད་མིར་ཇི་བཞིན་མེད་པར། དེ་བས་རྣམ་བྱ་རྒྱུན་དུ་་བོད་མིའི་བྱ་བྱེད་ཅི་ཞིག་སྤེལ་ཡང་། ཆབ་སྲིད་ཀྱི་ངོ་བོར་ཁ་སྒྱུར་གྱིས་ཁྲིམས་ཆད་ནག་ཉེས་བཙུགས་ཀྱི་ཡོད་པ་ཐེར་འདོན་དང་། ། ཡང་རྒྱ་གཞུང་གིས་ཡར་རྒྱས་འཛུགས་སྐྲུན་ལ་ཁ་གཡར་ཁག་དཀྲི་བྱེད་པའི་སྒོ་ནས་བོད་ཀྱི་རང་བྱུང་གཏེར་ཁ་བསྔོག་འདོན་དང་འོར་འདྲེན། སྐྱེས་ཁམས་ཁོར་ཡུག་གཏོར་བཤིག་དང་འབག་བཙོག་བཟོ་བའི་སྒོ་ནས། བོད་མི་རང་ས་རང་ཡུལ་དུ་འཚོ་ཐབས་ཉམས་ཞན་དང་དབུལ་བོར་གྱུར་ཡོད་ཀྱང་། རྒྱ་གཞུང་གིས་བཤད་བཞིན་པའི་དཔལ་འབྱོར་དར་འཕེལ་གྱི་མཆོངས་བསྐྱོད་ཆེན་པོའི་འོག་ན།  བོད་མི་རྣམས་རྒྱ་གཞུང་གི་སྐྱོབ་གསོ་ལག་དངུལ་ལ་བསྟེན་དགོས་ཐུག་ཡོད་པའི་ཛ་དྲག་གི་གནས་སྟངས་ཤིག་ཆགས་ཡོད་པ་གསལ་འདོན་བྱས་ཡོད།

  

   རྒྱ་གཞུང་གིས་འཇིགས་སྐུལ་དྲག་སྤྱོད་ལ་རྒོལ་བའི་ཁྲིམས་དང་དྲ་རྒྱའི་བདེ་འཇགས་ཀྱི་ཁྲིམས།   རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ཀྱི་ཁྲིམས་སོགས་ཁྲིམས་སྒྲིག་འདྲ་མིན་ངོ་སྤྲོད་དང་གསར་བཟོ་བྱས་པའི་སྒོ་ནས་བོད་མིའི་བསམ་བློའི་རང་དབང་དང་སྨྲ་བརྗོད་རང་དབང་ལ་རྡོག་རོལ་གཏོང་བའི་ལོ་ཞིག་ཆགས་ཡོད་ལ། ལྷག་པར་རྒྱ་གཞུང་གིས་ཆེད་དུ་རྒྱལ་ཁབ་ཀྱི་བདེ་འཇགས་དང་གསང་བ་སོགས་བཤད་པའི་ཁྲིམས་སྒྲིག་གི་ཐ་སྙད་ཀྱི་གོ་བ་མག་མོག་དང་རགས་བཤད་དུ་བཞག་སྟེ། གཞུང་ལ་སྐྱོན་བརྗོད་བྱེད་མཁན་དང་བསམ་ཚུལ་ཐ་དད་ཡིན་མཁན། བོད་ཕྱི་ནང་དང་རྒྱལ་སྤྱིའི་རྒྱུད་ལམ་ཁག་ནས་གནས་ཚུལ་མཁོ་སྒྲུབ་དང་བརྒྱུད་གཏོང་བྱེད་པའི་རིགས་གཙོས། སྤྱི་དམངས་ཀྱིས་ཞི་བའི་སྨྲ་བརྗོད་དང་བསམ་ཚུལ་རང་དབང་ཁག་ལ་དྲག་གནོན་བྱ་རྐྱང་དང་། ཡང་བོད་ཁུལ་ཐད་ཀར་བཏང་འཛིན་བྱེད་བཞིན་པའི་ས་གནས་སྲིད་གཞུང་གིས་བོད་མིས་རྒྱལ་ཞེན་གྱི་རྒྱལ་དར་དང༧གོང་ས་མཆོག་གི་སྐུ་པར་འཁྱེར་བ། བོད་ནང་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་དགོས་སོགས་ཀྱི་སྐད་འབོད་བྱས་པ་ཙམ་གྱིས་ནག་ཉེས་སུ་བརྩིས་ནས་ཁྲིམས་ཐག་གཅོད་ཀྱི་ཡོད་པར་མ་ཟད། བོད་ཁུལ་ཁྱོན་ཡོངས་སུ་མངོན་ལྐོག་གཉིས་ཀྱི་ལམ་ནས་སོ་ལྟ་འཕྲུལ་ཆས་ཕོན་ཆེན་བཙུགས་ནས་བོད་མིར་ལྟ་རྟོག་བྱེད་ཤུགས་ཆེ་དྲག་པས། ད་ལྟའི་ཆར་བོད་མི་ནང་ཁུལ་དུའང་ཕན་ཚུན་བར་ཡིད་ཆེས་མེད་པར་དོགས་ཟོན་དང་གཟབ་ནན་བྱེད་པའི་ལམ་ནས་རང་ཉིད་ལ་ཞིབ་བཤེར་བྱ་དགོས་བྱུང་འདུག

མི་སྒེར་གྱི་རང་དབང་ཐོབ་ཐང་ལ་སྲིད་གཞུང་དང་གཞན་སུས་ཀྱང་ཐེ་བྱུས་བྱ་མི་ཆོག་པར་རང་འདོད་ངང་གཅིག་པུ་ཟུར་འདུག་བྱ་ཆོག་པ་དང་།  སྒེར་གྱི་དོན་དག་གསང་རྒྱ་བྱ་ཆོག་པ་སོགས་ཏེ། སྒེར་གྱི་རང་དབང་ཐོབ་ཐང་ནི་འགྲོ་བ་མིའི་ཆེ་མཐོང་དང་གཞི་རྩའི་ཐོབ་ཐང་ཁག་ཐོབ་པར་དགོས་ངེས་ཀྱི་ཆ་རྐྱེན་དང་བོ་དེ་ཆགས་ཡོད།  འོན་ཀྱང་།   ཕྱི་ལོ༢༠༡༧ཟླ༦ནང་ནུས་ལྡན་ཁྲིམས་སུ་ཆགས་ལ་ཉེ་བའི་རྒྱ་གཞུང་གི་དྲ་རྒྱ་དོ་དམ་གྱི་ཁྲིམས་གསར་དེ་ཉིད་ཀྱི་ནང་དུའང་།  གོ་དོན་གསལ་བོ་མེད་པའི་ཁྲིམས་སྒྲིག་དེ་དག་གིས། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་བརྟན་ལྷིང་ཡོང་ཆེད་དུ། དྲ་རྒྱ་ཚོང་བདག་དང་མི་སྒེར་གྱི་ཁ་པར་དང་གློག་ཀླད་ལ་སོ་ཉུལ་དང་། གློག་རྡུལ་ཁ་བྱང་གི་གསང་ཡིག་སོགས་སྲིད་གཞུང་ལ་རྩིས་སྤྲོད་དགོས་པའི་ཆ་རྐྱེན་བཏོན་པའི་སྒོ་ནས།  བོད་ནང་གི་ཟིན་བྲིས་འབྲི་མཁན་དང་གནས་འཕྲིན་དྲ་རྒྱ། འཕྲིན་ཐུང་གཏོང་འོང་བྱེད་ས། གླེང་སྟེགས་སོགས་སུ་དུས་རྒྱུན་ཞིབ་བཤེར་དང་ལྟ་རྟོག་བྱེད་ཀྱིན་ཡོད་ཙང་། གོང་གི་དྲ་རྒྱའི་ཁྲིམས་གསར་གྱིས་བོད་མི་སྒེར་གྱི་རང་དབང་ཐོབ་ཐང་ཅི་ཙམ་བརྡལ་བཤིག་དང་རྡོག་རོལ་གཏོང་གི་ཡོད་པ་བཤད་མ་དགོས་པ་ལྟ་བུ་རེད།  ཕྱི་ལོ༢༠༡༡ནས་བཟུང་ནས། རྒྱ་གཞུང་གིས་བོད་ཁུལ་གྱི་དྲ་རྒྱ་དང་ཁ་པར་གོ་སྤྱོད་མཁན་ཚང་མའི་དངོས་མིང་བེད་སྤྱོད་བྱ་དགོས་པའི་ཁྲིམས་སྒྲིག་བཟོས་ནས། སྐད་འཕྲིན་བེད་སྤྱོད་བྱེད་མཁན་གྱི་བོད་མི་ཇེ་མང་དུ་སོང་བ་དང་བསྟུན། དེར་བརྟེན་ནས་རྒྱ་གཞུང་གིས་འཇུ་བཟུང་བཙོན་འཇུག་བྱས་པའི་བོད་མིའི་གྲངས་ཀའང་ཇེ་མང་དུ་སོང་ཡོད་དེ། ལྷག་པར་༸གོང་ས་མཆོག་གི་འཁྲུངས་སྐར་དང་འབྲེལ་བའི་སྐད་ཆ་དང་གནས་ཚུལ་ཕན་ཚུན་བརྒྱུད་གཏོང་བྱས་པ་བརྒྱུད་བཙོན་འཇུག་ཐེབས་པ་ཇེ་མང་དུ་སོང་ཡོད་ལ། བོད་རང་སྐྱོང་ལྗོངས་སུ་གཞུང་གིས་བཀག་སྡོམ་བྱས་ཟིན་པའི་བོད་ཀྱི་ལ་རྒྱའི་གླུ་གཞས་དང་། ༸གོང་ས་མཆོག་གི་སྐུ་པར་སོགས་ཁ་པར་ནང་དུ་ཡོད་པ་ཤེས་རྟོགས་བྱུང་ཚེ། ནག་ཉེས་ཁྲིམས་ཆད་བདུག་ཕྲག་༢ནས་ལོ་གཉིས་ལ་བཙོན་འཇུག་བྱེད་ཀྱི་ཡོད་པ་རེད།

    ཡང་རྒྱ་གཞུང་གིས་སྒྲིག་གཞི་དང་ཁྲིམས་འཆར་སྣ་མང་གི་སྒོ་ནས་བོད་ནང་གི་ཆོས་དད་རང་དབང་ལའང་བཀག་སྡོམ་ཤུགས་ཆེར་བྱེད་ཀྱི་ཡོད་པ་རེད། སྤྱིར་ཆོས་མེད་སྨྲ་བའི་སྲིད་གཞུང་ཡིན་པའི་རྒྱ་ནག་གཞུང་གིས་དུས་རྒྱུན་ཆོས་ལུགས་དང་ཆོས་ལུགས་དད་མོས་ཞེས་པ་ཁས་ལེན་བྱེད་ཀྱི་མེད་པས། ཆོས་ལུགས་ཀྱི་གནས་བབ་སྤྱི་ལ་ཆོས་ལུགས་ཅན་གྱི་འགྲོ་བ་མིའི་ཐོབ་ཐང་ཞེས་མི་འདོད་པའི་ཁ་སྒྱུར་དང་། ཡང་ཁྲིམས་དང་སྒྲིག་སྲོལ། ལག་བསྟར་བྱ་དགོས་སོགས་གཏན་འབེབས་བྱས་པ་སོགས་འདྲ་མིན་གང་མང་ཞིག་མཉམ་བསྡེབས་ཀྱིས་བོད་མིའི་ཆོས་དད་རང་དབང་དང་དད་མོས་ལ་ཚོད་འཛིན་དང་བཀག་སྡོམ་བསྟུད་མར་བྱེད་ཀྱིན་ཡོད། དེའང་ཕྱི་ལོ༢༠༠༥ནང་།  ཆོས་ལུགས་ལས་དོན་ཐད་ཀྱི་སྒྲིག་གཞི་ཞེས་པ་གཏན་འབེབས་ཟིན་ཡོད་པ་དེ་ཉིད་བསྐྱར་ཞིབ་ཀྱིས་ཕྱི་ལོ༢༠༡༧ནང་དངོས་སུ་ལག་བསྟར་བྱ་རྒྱུ་རེད་འདུག རྒྱ་གཞུང་གིས་སྒྲིག་གཞི་དེ་བརྒྱུད་ནས་བོད་ཀྱི་ཡང་སྲིད་ལམ་ལུགས་ལ་ཐེ་བྱུས་དང་སྟངས་འཛིན་བྱ་རྒྱུ་དང་། ལྷག་དོན༧སྤྱི་ནོར་གོང་ས་མཆོག་གི་མཛད་འཕྲིན་ལ་རྨ་འབྱིན་ཐབས་དང་གཏོར་རྒོལ་བྱ་རྒྱུའི་མཚོན། ༧གོང་ས་མཆོག་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་ཡིན་པར་འགྱུར་བའམ་ཚབ་བརྗེ་བྱ་རྒྱུའི་དམིགས་ཡུལ་ལྡན་ཡོད་པ་ཡིན། རྒྱུ་མཚན་དེའི་དབང་གིས་དུས་རྒྱུན་བོད་མིས༧གོང་ས་མཆོག་བོད་དུ་ལོག་ཕེབས་བཅུག་དགོས་དང་། སྐུ་ཚེ་བརྟན་པར་ཤོག་སོགས་ཀྱི་སྐད་འབོད་བྱས་པ། ༧སྐུའི་འཁྲུངས་སྐར་སྲུང་བརྩི་བྱས་པ་ཙམ་གྱིས་རྒྱ་གཞུང་གིས་གང་བྱུང་འཇུ་བཟུང་བཀག་ཉར་གྱིས་མི་སྤྱོད་ལས་འདས་པའི་མནར་གཅོད་དང་། ཁྲིམས་ཐག་ལྕི་མོ་གཅོད་ཀྱི་ཡོད་པར་མ་ཟད། ༧གོང་ས་མཆོག་གིས་གནང་བའི་དུས་འཁོར་དབང་ཆེན་ལ་མཇལ་བཅར་དུ་འགྲོ་མཁན་ནང་བ་སུ་ཡིན་ལ། ཁྲིམས་འགལ་བྱས་པའི་ནག་ཉེས་འཛུགས་ཀྱི་ཡིན་ཞེས་ཉེན་བརྡ་གཏོང་གི་ཡོད། ཡང༢༠༡༦ལོའི་ནང་གི་གནས་སྟངས་ཛ་དྲག་ཤོས་གཅིག་ནི།    རྒྱ་གཞུང་གིས་གྲྭ་བཙུན༢༠༠༠༠ལྷག་ཙམ་གྱིས་བསླབ་པ་སློབ་གཉེར་གནང་སའི་གསེར་རྟ་བླ་རུང་སྒར་གཏོར་བཤིག་དང་། གྲྭ་བཙུན་སྟོང་ཕྲག་མང་བོ་དེ་ག་ནས་བཙན་ཤེད་ཀྱིས་ཕྱི་ལ་ཕུད་ཅིང་། ལྷག་ཤུལ་དུ་གྲྭ་ཤག༥༠༠༠ལས་ཡོད་མི་ཆོག་པའི་ཚོད་འཛིན་བྱས་པ་དེ་ཡིན། ཡང་གནས་སྟངས་དེར་རྐྱེན་བྱས་ཏེ་ད་སྔ་བར་བཙུན་མ་གསུམ་གྱིས་རང་ཤི་རྒྱབ་ཡོད་ལ། ཕྱིར་ཕུད་ཟིན་པའི་གྲྭ་བཙུན་ཁག་རང་རང་གི་ས་ཁུལ་གྱི་ས་གནས་སྲིད་གཞུང་གིས་བདུན་ཕྲག་མང་བོར་འཇུ་བཟུང་བཀག་ཉར་གྱིས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤེལ་འདུག་པར་མ་ཟད། བླ་རུང་སྒར་གི་སློབ་གཉེར་པའི་གྲངས་འབོར་མུ་མཐུད་ཇེ་མང་འགྲོ་རྒྱུར་བཀག་འགོག་བྱ་ཆེད་དུ་བླ་རུང་སྒར་དུ་འཛུལ་ཞུགས་ཀྱི་ཚུད་རྒྱུགས་ནང་སྲིད་གཞུང་ལ་བློ་དཀར་གཞུང་དྲང་ཡིན་མིན་གྱི་ཆབ་སྲིད་ཡིག་རྒྱུགས་གཏོང་དགོས་པ་བཟོས་ཡོད། བླ་རུང་སྒར་གྱི་གནས་སྟངས་ཐད། རྒྱལ་སྤྱིའི་སྒང་གི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གིས་ངོ་རྒོལ་དང་སྐྱོན་བརྗོད་བྱས་མིན་ལ་མ་ལྟོས་པར་རྒྱ་གཞུང་གིས་བླ་རུང་སྒར་གཏོར་བཤིག་དང་གྲྭ་བཙུན་ཕྱིར་འབུད་ཀྱི་ལས་གཞི་མཚམས་འཇོག་བྱས་མེད།

    འདི་ལོར་རྒྱ་གཞུང་གིས་འཆར་གཞི་ལྡན་པའི་སྒོ་ནས་བོད་མིའི་འགྲོ་བསྐྱོད་རང་དབང་ལ་དམིགས་བསལ་གྱི་དམ་དྲག་བྱེད་ཡོད། ཕྱི་རྒྱལ་ལ་འགྲུལ་བཞུད་བྱས་པའི་ཐོབ་ཐང་ཁག་བཀག་སྡོམ་ནན་མོ་བྱས་ཏེ་བོད་མིར་ཕྱི་བསྐྱོད་ལག་ཁྱེར་མི་སྤྲོད་པ་དང་། དེ་སྔ་ནས་ཡོད་པ་ཁག་གཞུང་བཞེས་དང་། ཕྱི་རུ་ཐོན་ཟིན་པ་ཁག་ལ་ཕྱིར་གང་མགྱོགས་ལོག་དགོས་པ། མ་ལོག་ཚེ་ཉེས་ཆད་གཅོད་རྒྱུ་ཡིན་ལུགས་ཀྱི་འཇིགས་བསྐུལ་སོགས་བྱས་པ་དང། ཐ་ན་བོད་ཁུལ་ནང་ཕུན་ཚུན་ལ་འགྲོ་བསྐྱོད་བྱེད་པར་ཡང་བཀག་སྡོམ་དང་དམ་དྲག་བྱས་འདུག འགྲོ་བ་མི་ཞིག་ཡིན་ཕྱིན་ཕྱི་བསྐྱོད་ལག་ཁྱེར་ནི་གཞི་རྩའི་ཐོབ་ཐང་ཞིག་ལས། སྲིད་གཞུང་ཞིག་གིས་ངོ་སོ་བསྟེར་བ་ལྟ་བུ་མིན་ཡང་། རྒྱ་གཞུང་གིས་གཞི་རྩའི་ཐོབ་ཐང་དེ་ཉིད་བཀག་སྡོམ་གྱིས་བོད་ས་ཡོངས་བཙོན་ཁང་ལྟ་བུ་ཞིག་ཏུ་བཟོས་ཡོད།  དེ་ལྟར་འགྲོ་བསྐྱོད་རང་དབང་ལ་བཀག་སྡོམ་བྱས་པ་ནི། རང་དབང་གཞན་ཁག་ཏེ།   

ཆོས་ལུགས་རང་དབང་དང་། བདེ་འཇགས་དང་སྡོད་ཁང་རང་དབང་སོགས་རང་དབང་གང་མང་ཞིག་བརྩི་མེད་རྡོག་རོལ་གཏོང་བ་ཞིག་ཆགས་ལ། ཡང་དགོན་པ་ནས་བཙན་ཤེད་ཀྱི་གྲྭ་བཙུན་ཕྱིར་འབུད་དང་གནས་སྤོར་བྱེད་དུ་བཅུག་པ་སོགས་ནི་མི་རིགས་རང་རང་གི་ཆོས་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་བྱས་ཆོག་པར་འཁོད་པའི་ཁྲིམས་སྒྲིག་སོགས་ཁྲིམས་སྒྲིག་ཁག་དང་འགལ་བའི་བྱ་སྤྱོད་ཁོ་ན་ཞིག་ཏུ་གྱུར་ཡོད།

    དེ་མཚུངས་སུ།  རྒྱ་གཞུང་གིས་བོད་མིའི་ཞི་བའི་འདུ་འཛོམས་བྱས་ཁག་ལ་དྲག་གནོན་མ་གཏོགས། གུ་ཡངས་ཤིག་གཏན་ནས་བྱེད་མ་མྱོང་། བོད་མིས་རང་གི་ས་ཁང་བཙན་འཕྲོག་བྱས་པའི་ཐད་ལ་ངོ་རྒོལ་དང་། རང་བྱུང་གཏེར་ཁ་བསྔོག་འདོན་དང་སྐྱེས་ཁམས་ཁོར་ཡུག་གཏོར་སྐྱོན་ལ་མི་འདོད་པའི་ངོ་རྒོལ་དང་འདུ་འཛོམས་ནམ་བྱས་ལ། དྲག་ཆས་ཉེན་རྟོག་པ་དང་སྤྱི་བདེ་མི་སྣ་གཙོས་འབྲེལ་ཡོད་སྲིད་གཞུང་གིས་དེ་མུར་བོད་མི་ཞི་རྒོལ་བའི་སྟེང་དྲག་མཚོན་བེད་སྤྱོད་བྱེད་པ་དང་། གང་བྱུང་འཇུ་བཟུང་བཀག་ཉར་གྱིས་འདྲི་བརྩད་དང་མནར་གཅོད་གཏོང་རྒྱུ་ལས་ཁྲིམས་སྒྲིག་ཏུ་གསལ་བའི་རང་དབང་དང་ཐོབ་ཐང་ཁག་ནི་བོད་མིའི་ཉེས་པ་བསགས་བྱེད་ཀྱི་མ་ལག་ལྟ་བུ་གྱུར་ཡོད།

   ཡང་རྒྱ་གཞུང་གིས་ཧྥ་རན་སི་རྒྱལ་ས༼ཕེ་རི་སུར་འཚོགས་པའི་ཆིངས་གནས་རྒྱལ་ཁབ་ཀྱི་ཚོགས་ཆེན་ཐེངས་༢༡༽བརྒྱུད་དེ་གཏན་འབེབས་བྱུང་བའི་གནམ་གཤིས་འགྱུར་ལྡོག་དང་དུག་རླངས་ཕྱིར་གཏོང་ཉུང་འཕྲི་ཡི་མོས་མཐུན་གྲོས་ཆོད་གང་བྱུང་ལ་ལག་བསྟར་ཁས་ལེན་བྱས་ཡོད་ལ། དེ་མཚུངས་སུ་རྒྱ་གཞུང་གིས་ལྔ་ཚན་བཅུ་གསུམ་པའི་འཆར་གཞི་ཞེས་པ་གཏན་འབེབས་ཀྱིས་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་།     དུག་རླངས་ཕྱིར་གཏོང་བྱེད་ཚུལ་ཉུང་འཕྲི་དགོས་སྐོར་བཤད་ཡོད།  ཡིན་ནའང་། རྒྱ་གཞུང་གིས་བཤད་བཞིན་པའི་ཡར་རྒྱས་འཛུགས་སྐྲུན་གྱིས་བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་དང་དེར་ཡོད་པའི་བོད་མི་ས་ཡ་མང་བོའི་འཚོ་གནས་ལ་དོ་ཕོག་དང་།   ལྷག་པར་བོད་ཀྱི་རང་བྱུང་ཐོན་ཁུངས་བསྔོག་འདོན་དང་རྒྱ་ནག་དུ་འོར་འདྲེན་བྱས་པ་བརྒྱུད་ནས་རྒྱལ་ཁབ་འཕེལ་རྒྱས་གཏོང་བ་དང་། ཆུ་མཛོད་དང་གློག་ཁང་ས་ཚིགས་གང་མང་རྒྱག་བཞིན་པ་དང་རྒྱག་འཆར་ཡོད་པས་མཚོན།   རྒྱ་ནག་ཏུ་ཁོར་ཡུག་གཏོར་སྐྱོན་དང་ཁ་དབུགས་བཙོག་པ་ཆགས་པའི་གནས་སྟངས་ཧ་ཅང་ཛ་དྲག་ཡིན་ཡང་།  དཔལ་འབྱོར་དང་ཡར་རྒྱས་འཛུགས་སྐྲུན་གྱིས་ལས་གཞི་མུ་མཐུད་རྒྱུན་སྐྱོང་དང་མཐར་ཐུག་གི་དམིགས་ཡུལ་དང་བོ་བརྩི་བཞིན་པའི་བྱེད་བབ་འདི་ནི། རྒྱལ་ཚོགས་ཀྱིས་ཡར་རྒྱས་འཛུགས་སྐྲུན་གྱི་ཐོབ་དབང་ཐད་ཀྱི་སྤྱི་ཆིངས་དང་། དེའི་ནང་དོན་དང་འགལ་ཟླ་ཆགས་ཡོད་ཅིང་། སྤྱི་ཆིངས་དེའི་ནང་དུ་ཡར་རྒྱས་འཛུགས་སྐྲུན་བྱེད་སའི་ས་གནས་ས་ཐོག་གི་མི་དམངས་ལ་རང་གི་རང་བྱུང་ཐོན་སྐྱེད་དང་གཏེར་ཁ་ལ་བེད་སྤྱོད་བྱེད་ཕྱོགས་ཀྱི་བདག་དབང་ཆ་ཚང་ཡོད་ཅེས་འཁོད་ཡོད།

  འདི་ག་ལྟེ་གནས་ཁང་གི་ཆབ་སྲིད་བཙོན་པའི་མིང་གཞུང་ཐོ་འགོད་ཚན་པར་མཚོན་ནའང་།  རྒྱ་གཞུང་གིས་བོད་མིས་ཕྱི་ཕྱོགས་སུ་གནས་ཚུལ་བསྐྱལ་བ་དང་འབྲེལ་བ་ཉར་བ་སོགས་ལ་ཐུན་མོང་ཉེས་པ་བཅད་པའི་ཁྲིམས་སྒྲིག་ལག་བསྟར་གྱིས་བོད་ཕྱི་ནང་གི་འབྲེལ་བ་ལ་དམ་དྲག་བྱེད་ཤུགས་སྔར་བས་ཆེ་རུ་བཏང་བར་བརྟེན་ནས་ཕྱི་ལོ༢༠༡༥ནས༢༠༡༦བར། བོད་མི་འཇུ་

བཟུང་བཀག་ཉར་གྱི་གྲངས་ཐོ་ལག་སོན་བྱུང་རྒྱུ་ཇེ་དཀོན་དང་ཇེ་ཉུང་དུ་སོང་མིན་ལ་མ་ལྟོས་པར། ད་དུང་ལག་སོན་བྱུང་བ་ཉུང་ཉུང་ཞིག་མ་ཡིན་པར་ལོ་འདི་གཅིག་པུར་མི་གྲངས༧༠འཇུ་བཟུང་བྱས་པ་གསལ་ལ།  ཕྱི་ལོ༢༠༡༥ནང་། འཇུ་བཟུང་བྱས་པའི་མི་གྲངས་ཆ་སྙོམས་བྱས་ན། ཟླ་རེར་མི༩དང་། ཕྱི་ལོ༢༠༡༦ནང་། ཟླ་རེར་ཆ་སྙོམས་བྱས་ན་མི ༣.༢༧ འཇུ་བཟུང་བྱས་འདུག

 འདི་ག་ལྟེ་གནས་ཁང་གི་ཡིག་ཚགས་ནང་དུ། ཕྱི་ལོ༡༩༩༡ནས་ད་ལྟའི་བར། གང་བྱུང་འཇུ་བཟུང་དང་བཀག་ཉར་བྱེད་པའི་བོད་མི་ཆབ་སྲིད་བཙོན་པའི་གྲངས་འབོར་ནི༥༠༠༠ལྷག་ཙམ་ཡོད་པ་གསལ་ཡང་། གྲངས་ཀ་དེ་ནི་སྤྱི་གྲངས་སམ་དངོས་ཡོད་ཀྱི་གྲངས་ཀའི་ཆ་ཤས་ཙམ་ལས་དེ་ལས་མང་བ་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད། དེ་ནི་རྒྱ་གཞུང་གིས་འདས་པའི་ལོ་མང་རིང་། ཕྱི་ཕྱོགས་ཀྱི་རྒྱལ་སྤྱིའི་ཚོགས་སྡེ་ལ་བོད་ནང་གི་གནས་ཚུལ་རག་རྒྱུར་ཧ་ཅང་དམ་དྲག་ཆེན་པོ་དང་སྟངས་འཛིན་ཞིབ་བཤེར་ནན་པོའི་སྒོ་ནས་གསང་རྒྱ་དང་འགོག་ཐབས་བྱས་ཡོད་པར་མ་ཟད་།  རང་དབང་ཅན་གྱི་རྒྱལ་སྤྱིའི་སྒྲིག་འཛུགས་དང་ཕྱི་མི་ལ་འབྲེལ་བ་བྱེད་དུ་མ་བཅུག་པ་དང་། འབྲེལ་གཏུགས་བཅད་པ། སྒེར་གྱི་རང་དབང་ལ་རྩིས་མེད་རྡོག་རོལ་གྱི་སྒོ་ནས་ལྟ་རྟོག་བྱས་ཐལ་དྲག་པ་སོགས། ཕྱོགས་ཡོངས་ནས་བོད་ནང་གི་གནས་ཚུལ་ཆ་ཚང་བ་ཞིག་རག་རྒྱུ་ནི་ཧ་ཅང་ཁག་པོ་ཆགས་ཡོད་པས།  འདིར་འཁོད་ཀྱི་གནས་ཚུལ་གྱིས་རྒྱ་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཁག་རྡོག་རོལ་བཏང་བའི་གནས་སྟངས་ཆ་ཚང་མཚོན་ཐབས་བྲལ་བའམ།  ཕྱོགས་ཙམ་དང་ཉུང་ཤས་ཤིག་ཡིན་པར་ངོས་འཛིན་ཞུ་འོས་ལ། ཡང་ཕྱི་ཕྱོགས་ནས་བོད་ནང་དུ་འབྲེལ་བ་བྱ་རྒྱུར་ཁག་པོ་གཅིག་པུ་ཙམ་མ་ཡིན་པར། གནས་ཚུལ་ཞིག་བསྐྱལ་བའི་དབང་གིས་བཙོན་འཇུག་དང་ཁྲིམས་ཆད་འཁུར་དུ་འཇུག་རྒྱུ་ནི་བཟང་སྤྱོད་ཀྱིས་ཁུར་འགན་ཐེག་པའམ་འགན་བློས་བཟོད་པ་ཞིག་ཀྱང་མ་ཡིན་པས། སྲིད་དབང་སྒེར་གཅོད་ཅན་གྱི་རྒྱ་ནག་དྲག་པོའི་དབང་སྒྱུར་འོག་གི་བོད་མི་སྤྱིའི་གནས་སྟངས་དང་འགྲོ་བ་མིའི་ཐོབ་ཐང་ནི།  འདིར་འཁོད་པ་ལས་ཀྱང་ཡ་ང་ཡི་མུག་སྐྱེ་གཞི་ཞིག་ཡིན་པ་བཤད་མ་དགོས་པ་ཡིན་ནོ།

བོད་ཡིག་སྙན་ཐོའི་དྲ་ཐག

 

About Tibetan Section TCHRD

Check Also

རང་ཉིད་ཀྱི་སྐུ་མཆེད་རྒྱ་གཞུང་གི་བཙན་འོག་ནས་བཙོན་གྲོལ་ཐོབ་ཆེད་ཞི་རྒོལ་གནང་མཁན་གྱི་དགེ་འདུན་པ་རྒན་གྲས་ཤིག་ལོ་ངོ་ ༡༠ ཡི་རྗེས་བཙོན་གྲོལ་ཐོབ་པ།

བོད་མདོ་ཁམས་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཟེར་བའི་ལི་ཐང་རྫོང་རྒྱ་གཞུང་བདེ་སྲུང་ཉེན་རྟོག་པས་རང་ཉིད་ཀྱི་སྐུ་མཆེད་འཛིན་བཟུང་བྱས་པ་གློད་གྲོལ་གཏོང་དགོས་པར་ཞི་རྒོལ་གནང་མཁན་གྱི་དགེ་འདུན་པ་རྒན་གྲས་རང་ལོ་ ༥༥ ལ་ཕེབས་པ་ཨ་ཀྲུག་བློ་སྤོ་ལགས་རྒྱ་གཞུང་གིས་དུས་བཀའ་བཙོན་འཇུག་ལོ་ ༡༠ ཡི་ཁྲིམས་གཅོད་བྱས་པའི་དུས་ཡུན་རྫོགས་ནས། འདི་ཟླའི་ཚེས་ ༢༡ རེས་གཟའ་ཟླ་བ་བོད་ནང་གི་མཚན་མོའི་ཆུ་ཚོད་ ༡༡ ཙམ་ལ་གློད་གྲོལ་ཐོབ་ཡོད། ཁོང་ནི་ཁམས་ལི་ཐང་སྤོང་དཀར་གཡོན་རུ་དཀར་ཤུར་གྲོང་ཚོ་ནས་ཡིན་པ་དང་། གནས་ཚུལ་དེ་ནི་རྒྱ་གར་དུ་ཡོད་པ་རོང་རྒྱས་ཨ་གྲགས་ལགས་ཀྱི་ཚ་བོ་ཨ་ཀྲུག་ཚེ་བརྟན་ལགས་ནས་འགྲེལ་བརྗོད་གནང་ཡོད། དེའི་དགོང་མོ་ཁོང་གཟིམ་ཁང་ལ་འབྱོར་སྐབས་ཁོང་གི་ནང་མི་གཉེན་ཉེ་དང་། ཕེབས་བསུར་འབྱོར་ཐུབ་པའི་བོད་མི། དེ་བཞིན་དགེ་འདུན་པ་འགའ་ཤས་བཅས་མཉམ་དུ་སྒྲོན་པའི་སྐུ་པར་ཞིག་ཡོད་པར་གཞིགས་ན། ...