Monday , August 26 2019
Home / གསར་འགྱུར། / རྒྱ་གཞུང་གིས་ཁྲིམས་འགལ་ཐོག་བཀག་ཉར་བྱེད་བཞིན་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་པ་བཀྲ་ཤིས་དབང་ཕྱུག་གློད་གྲོལ་གཏོང་དགོས་ཡོད།

རྒྱ་གཞུང་གིས་ཁྲིམས་འགལ་ཐོག་བཀག་ཉར་བྱེད་བཞིན་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་པ་བཀྲ་ཤིས་དབང་ཕྱུག་གློད་གྲོལ་གཏོང་དགོས་ཡོད།

 འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ངོས་ནས།  རྒྱ་གཞུང་གིས་བོད་ཀྱི་སྐད་ཡིག་རིག་གཞུང་སྲུང་སྐྱོབ་ཆེད་ཞི་བའི་ལས་འགུལ་སྤེལ་མཁན་བཀྲ་ཤིས་དབང་ཕྱུག་བཙན་ཁྲིད་དང་ཁྲིམས་འགལ་ཐོག་བཀག་ཉར་བྱས་པར་སྐྱོན་བརྗོད་དྲག་པོ་དང་།  ཁོང་གང་མགྱོགས་གློད་གྲོལ་གཏོང་དགོས་པའི་འབོད་བསྐུལ་ཞུ་ཡི་ཡོད།

TashiWangchuk_MultiSocial-2

ཨ་རིའི་ནེའུ་ཡོག་དུས་བབ་སྟེང་དུ།  བཀྲ་ཤིས་དབང་ཕྱུག་གིས་ས་གནས་སྲིད་གཞུང་གིས་བོད་ཀྱི་རིག་གཞུང་དང་སྐད་ཡིག་དར་སྤེལ་དང་སྲུང་སྐྱོབ་མ་བྱས་པའི་གནས་ཚུལ་གོང་རིམ་ལ་ཞུ་གཏུགས་བྱེད་ཀྱིན་ཡོད་པའི་སྐོར་ལ་བཅར་འདྲི་དང་ལེན་བྱས་པ་ཐོན་རྗེས་ཀྱི་ཟླ་གཅིག་ལྷག་གི་རྗེས་དེ། འདི་ལོའི་ཟླ་༡ཚེས་༢༧ཉིན། རྒྱ་གཞུང་གིས་བཀྲ་ཤིས་དབང་ཕྱུག་ལགས་བོད་མདོ་ཁམས་ཀྱི་མཚོ་སྔོན་ཞིང་ཆེན་སྐྱེ་རྒུ་མདོ་བོད་རིགས་རང་སྐྱོང་ཁུལ་ནས་གང་བྱུང་འཇུ་བཟུང་གིས་བཀག་ཉར་བྱས་པ་ནས་ད་ལྟའི་བར་ཁྲིམས་ར་མ་འཚོགས་པར་བཞག་ཡོད་ཅིང་།  འདི་ལོའི་ཟླ་༣ཚེས་༢༤ཉིན། ཁོང་གིས་བོད་རང་བཙན་དང་ཁ་བྲལ་གྱི་ལས་འགུལ་བརྩམས་པའི་ཡིག་ཚེགས་དང་ལོ་རྒྱུས་གང་ཡང་མེད་ཀྱང་། ཁོང་ལ་དངོས་སུ་རྒྱལ་ཁབ་ཁ་བྲལ་གྱི་ནག་ཉེས་བཙུགས་པ་རེད།

བཀྲ་ཤིས་དབང་ཕྱུག་ལགས་སྔ་ཕྱི་ཟླ་བ་༡༡ལ་བཀག་ཉར་བྱས་རིང་།  ཡུལ་ཤུལ་ཁུལ་གྱི་སྤྱི་བདེ་མི་སྣས་ཁོང་ལ་ཐེངས་མང་འདྲི་བརྩད་བྱས་ནས་རྒྱལ་ཁབ་ཁ་བྲལ་ཞེས་ཆབ་སྲིད་ཀྱི་ངོ་བོར་སྒྱུར་ཐབས་བྱས་ཡོད་ཅིང་།  ཁོང་ཚོས་བཀྲ་ཤིས་དབང་ཕྱུག་གིས་ཕྱི་ཕྱོགས་ཀྱི་སྤྱི་ཚོགས་དྲ་རྒྱ་བརྒྱུད་ལམ་དུ་བཅར་འདྲི་དང་ལེན་བྱས་པའི་གནད་དོན་དེ་ཉིད་གཅིག་པུ་དམིགས་བཀར་གྱི་འདྲི་བརྩད་ཞིབ་འཇུག་བྱས་བསྡད་པ་རེད།   དུས་ཡུན་དེའི་རིང་། ཞིབ་དཔྱོད་ཁང་གི་ཞིབ་འཇུག་མི་སྣས་སྤྱི་བདེ་མི་སྣར་གྱོད་གཞི་གནད་དོན་དེ་ཉིད་བསྐྱར་དུ་ཞིབ་འཇུག་དགོས་པའི་ཐག་གཅོད་བྱས་ཤིང་།   ཕྱི་ཟླ་བརྒྱད་པའི་ཟླ་མཇུག་ཏུ་ཞིབ་འཇུག་གི་གྲུབ་འབྲས་དེ་ཉིད་ཁྲིམས་ཁར་བསྐྱལ་རྒྱུ་ཐག་གཅོད་བྱུང་བ་ལྟར། ཕྱི་ཟླ་༩བའི་ནང་། ཞིབ་དཔྱོད་ཁང་གིས་བཀྲ་ཤིས་དབང་ཕྱུག་གི་གྱོད་གཞི་དེ་ཉིད་ཡུལ་ཤུལ་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་དུ་བསྐྱལ་བ་རེད།

ནེའུ་ཡོག་དུས་བབ་སྟེང་དུ་གནས་ཚུལ་ཐོན་པ་ལྟར་ན། ཟླ་འདིའི་ནང་དུ།  ཞིབ་དཔྱོད་མི་སྣས་པར་སླར་ཡང་ཁྲིམས་ཁང་ལ་གྱོད་གཞི་དེ་ཉིད་ཚུར་སློག་དགོས་པའི་རེ་བསྐུལ་ཞུས་འདུག་པས།   བཀྲ་ཤིས་དབང་ཕྱུག་ལ་མུ་མཐུད་ཞིབ་འཇུག་བྱ་གཏན་འཁེལ་ཞིང་། ཞིབ་དཔྱོད་ཁང་གི་མི་སྣས་ཁོང་གི་གྱོད་གཞི་དེ་ཉིད་སང་ལོའི་ཕྱི་ཟླ་༡ཚེས་༤ཉིན་བར་ཁྲིམས་བཤེར་ཞིབ་འཇུག་བྱེད་ཚར་ངེས་ཞེས་ལན་སྐྱོན་འདུག

འདི་ག་ལྟེ་གནས་ཁང་གི་ངོས་ནས།   དེའང་བཀྲ་ཤིས་དབང་ཕྱུག་གི་གྱོད་གཞི་ལ་སྔ་ཕྱི་ཡུན་རིང་ལ་སྤྱི་བདེ་མི་སྣས་ཞིབ་འཇུག་བྱས་ཀྱང་ཁོང་ཚོར་ལ་དགོས་ངེས་ཀྱི་བདེན་དཔང་རེག་མེད་ཀྱང་།  ད་ལྟའི་ཆར་ཁོང་ཚོས་བཀྲ་ཤིས་དབང་ཕྱུག་གི་སྟེང་དུ་ཚུལ་མིན་གྱི་བྱ་ཐབས་དང་བདེན་དཔང་རྫུན་མ་སྤྱད་ནས།  ཁོང་ལ་བཙན་ཤེད་ཀྱི་ནག་ཉེས་ཁས་ལེན་བྱེད་དུ་བཅུག་པའི་ཉེན་ཁ་ཡོད་པ་མཐོང་བས། དེ་ནི་བློ་འཚབ་སྐྱེས་གཞི་རུ་གྱུར།

“དུས་རྒྱུན་བོད་མི་སུ་ཡིན་ལ།  རྒྱ་གཞུང་གིས་བཀྲ་ཤིས་དབང་ཕྱུག་ལྟར་དུས་ཡུན་རིང་བོར་གསང་བའི་བཀག་ཉར་དང་གར་སོང་ཆ་མེད་ལྟ་བུ་མི་འཇོག་པར་དེ་མུར་ནག་ཉེས་བཙུགས་རྐྱང་བྱེད་ཀྱི་ཡོད་པ་མ་ཟད།  བོད་མི་གང་མང་ཞིག་ལ་ངོ་ཚབ་ཁྲིམས་རྩོད་པ་དང་ཁྲིམས་མཐུན་གྱི་གོ་རིམ་སོགས་གང་ཡང་མེད་པར།  རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བྱས་པ་སོགས་ཀྱི་ནག་ཉེས་འགེལ་གྱི་ཡོད་རེད་་”  ཅེས་འདི་ག་ལྟེ་གནས་ཁང་གི་བོད་ཡིག་སྟེང་ཉམས་ཞིབ་པ་པདྨ་ཆོས་སྒྲོན་གྱིས་བཤད་ཅིང་།  ཡང་ཁོང་མོས་  “  ཡང་ཕྱོགས་གཅིག་ནས། བཀྲ་ཤིས་དབང་ཕྱུག་ནི་ལས་ངན་ནང་གི་ལས་ཅན་ཞིག་ཏེ།   ཁོང་གི་གྱོད་གཞི་འདིར་ཕྱི་ཕྱོགས་ནས་དོ་ནན་ལྟ་རྟོག་དང་། ཁོང་དང་འབྲེལ་བའི་གནས་ཚུལ་རྣམས་དུས་རྒྱུན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་ཐོན་བསྡད་ཡོད་ཙང་།  རྒྱ་གཞུང་གི་དབང་ཡོད་མི་སྣས་དེ་མུར་བཀྲ་ཤིས་དབང་ཕྱུག་བཙོན་དུ་འཇུག་རྒྱུ་ཁོག་པོ་ཆགས་ཡོད། ”

འདི་ག་ལྟེ་གནས་ཁང་གིས་རྒྱ་གཞུང་གི་འབྲེལ་ཡོད་དབང་ལྡན་མིར།  བཀྲ་ཤིས་དབང་ཕྱུག་གི་གྱོད་གཞི་དེ་ཁྲིམས་མཐུན་གྱི་གོ་རིམ་བརྒྱུད་ཀྱི་ཡོད་པའི་རྣམ་པ་སྟོན་པའམ་འཁྲབ་སྟོན་དེ་ཉིད་མཚམས་འཇོག་གིས།    ཁོང་ལ་གཡོག་པའི་ནག་ཉེས་ཁག་ཕྱིར་འཐེན་བྱ་དགོས་པའི་འབོད་བསྐུལ་དང་།  ལྷག་པར་ཁོང་ལ་མུ་མཐུད་བོད་ཀྱི་སྐད་ཡིག་ལས་དོན་གྱི་ལས་འགུལ་སྤེལ་བཅུག་དགོས་ཡོད་ཅེས་གསལ་འདེབས་དང་སྦྲགས།  རྒྱ་གཞུང་གི་རྩ་ཁྲིམས་དང་རང་སྐྱོང་ས་ཁུལ་གྱི་ཁྲིམས་སྒྲིག་ཁག་ཏུ་གསལ་བ་ལྟར།  བཀྲ་ཤིས་དབང་ཕྱུག་གིས་བོད་ཀྱི་སྐད་ཡིག་འཛིན་སྐྱོང་སྤེལ་གསུམ་གྱི་ཐོབ་ཐང་དང་སྒྲིག་འཛུགས་བཙུགས་ཆོག་པའི་ཐོབ་ཐང་ཡོད་པ་ཁག་ལག་བསྟར་བྱེད་དགོས་པའི་དྲན་བསྐུལ་ཞུས་ཡོད།      ཁོང་གིས་འབད་བརྩོན་ཆེན་པོས་ས་གནས་སྲིད་གཞུང་གི་ཁྲིམས་མེད་ལུགས་མེད་ཀྱི་བྱེད་སྟངས་དེ་དག་པེ་ཅིན་དབུས་གཞུང་ལ་གཏུགས་བཤེར་བྱ་ཐབས་བྱས་པ་ཙམ་ཡིན།

དེ་ལྟ་མོད། རྒྱ་གཞུང་གིས་བཀྲ་ཤིས་དབང་ཕྱུག་མུ་མཐུད་ཁྲིམས་འགལ་ཐོག་བཀག་ཉར་བྱེད་བཞིན་པ་འདི་ནི་བསྐྱར་དུ། རྒྱ་གཞུང་ནི་ཁྲིམས་ཀྱི་སྐྱོོང་བའི་རྒྱལ་ཁབ་ཅིག་ཡིན་པར་བཤད་པ་ནི་སྐྱག་རྫུན་ཡིན་པ་ཐེར་འདོན་བྱས་ཡོད།

Check Also

རྒྱ་གཞུང་གིས་གར་སོང་ཆ་མེད་བཟོས་པའི་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་སྣང་མེད་བཏང་སྟེ་རྒྱ་ནག་གི་པཎ་ཆེན་རྒྱལ་མཚན་ནོར་བུ་བོད་ལྗོངས་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོར་བསྐོས་འདུག

༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་ཐུགས་ཐག་བཅད་བའི་༸ཀུན་གཟིགས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་རྩིས་མེད་བཙོན་འཇུག་བྱས་ཏེ། རྒྱ་ནག་དམར་ཤོག་སྲིད་གཞུང་གི་པཎ་ཆེན་རྒྱལ་མཚན་ནོར་བུ་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཡན་ལག་བོད་རང་སྐྱོང་ལྗོངས་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོར་བསྐོས་ཡོད་པ་རེད། འདི་ལོའི་ཕྱི་ཟླ་༦ ཚེས་༢༢ ཉིན་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་ཝུ་ཡང་ཅེ་(Wu Yingjie)གསར་དུ་བསྐོ་བཞག་བྱས་པའི་ཚོགས་མི་ཚོར་ཐུག་འཕྲད་བྱས་ཡོད་པ་དང་། བོད་ལྗོངས་ནང་བསྟན་མཐུན་ཚོགས་ནི་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་སྟངས་འཛིན་འོག་ཏུ་ཡོད་པའི་ཡན་ལག་མཐུན་ཚོགས་ཡིན་པ་རེད། ཚོགས་མི་གསར་བར་གཏམ་བཤད་སྐབས་སུ། ཝུ་ཡང་ཅེས། རྒྱ་གཞུང་གི་ཆོས་ལུགས་སྲིད་ཇུས་ཀྱི་གལ་གནད་ཁག་གསལ་འདོན་བྱས་ཏེ། “ཏང་གི་རྗེས་སུ་འབྲང་བ་དང་། རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་སེམས་ཟབ་ཏུ་གཏོང་བ། དར་ཆ་གསལ་སྟོན་ངང་ཁ་བྲལ་ལ་ངོ་རྒོལ་བྱེད་དགོས་པ་དང་མངའ་ཁོངས་ཕྱི་རོལ་གྱིས་ཆོས་ལུགས་བེད་སྤྱད་དེ་སིམ་འཛུལ་བྱ་བར་འགོག་རྒོལ་མཐའ་གཅིག་ཏུ་བྱེད་དགོས་པ། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས”ལུགས་བཤད་འདུག ལྷ་མེད་སྨྲ་བ་དམར་ཤོག་སྲིད་གཞུང་གིས་དུས་ཡུན་རིང་བོར་ཆོས་ལུགས་ལ་གཞི་རྒྱ་ཆེ་བའི་སྟངས་འཛིན་དང་དོ་དམ་ཤུགས་ཆེན་བྱས་པ་དང་། …