Sunday , September 22 2019
Home / གསར་འགྱུར། / བཀག་ཉར་འོག་ཡོད་པའི་ཆབ་སྲིད་བཙོན་ཟུར་ཚེ་མགོན་རྒྱལ་གྱིས་ཁོང་ལ་རྒྱལ་ཁབ་ཁ་བྲལ་གྱི་ཉེས་འཛུགས་འདྲི་རྩད་ལ་ངག་བཅད་ངོ་རྒོལ་གནང་གི་འདུག

བཀག་ཉར་འོག་ཡོད་པའི་ཆབ་སྲིད་བཙོན་ཟུར་ཚེ་མགོན་རྒྱལ་གྱིས་ཁོང་ལ་རྒྱལ་ཁབ་ཁ་བྲལ་གྱི་ཉེས་འཛུགས་འདྲི་རྩད་ལ་ངག་བཅད་ངོ་རྒོལ་གནང་གི་འདུག

 མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གི་བཀག་ཉར་ཁང་ཞིག་ཏུ་བཀག་བསྐྱིས་བྱས་སྟེ་ནང་མི་དང་འབྲེལ་བ་བཅད་དེ་བདུན་གཉིས་འགོར་རྗེས་གྲགས་ཆེན་ཆབ་སྲིད་བཙོན་ཟུར་ཚེ་མགོན་རྒྱལ་ལ།  རྒྱ་གཞུང་གིས་ཟླ་འདིའི་ཡེ་ཤུ་འཁྲུངས་སྐར་ཉིན་གྱི་སྔ་ནུབ་ཏུ་རྒྱལ་ཁབ་ཁ་བྲལ་ལ་སྐུལ་སློང་ (煽动分裂国家罪) ཞེས་པའི་ཉེས་འཛུགས་བྱས་འདུག

tsegon-1

ཟླ་འདིའི་ཕྱི་ཚེས་༢༤ཉིན།  ཚེ་མགོན་རྒྱལ་ཉེས་འཛུགས་བྱས་སྐོར་གྱི་གནས་ཚུལ་དང་ལྷན་དུ་ཁོང་ཉིད་དངོས་སུ་འཇུ་བཟུང་བྱས་པའི་བརྡ་སྤྱོར་ཡི་གེ་ཉིན་དེར་ནང་མིར་སྤྲད་འདུག  ཟླ་འདིའི་ཕྱི་ཚེས་༩ཉིན་ནས་ཚེ་མགོན་རྒྱལ་མཚོ་བྱང་ཁུལ་གྱི་རྒྱལ་ཁབ་བདེ་འཇགས་མི་སྣས་མདའ་བཞི་རྫོང་ནས་འཇུ་བཟུང་བཙན་ཁྲིད་བྱས་ནས་རྐང་ཚ་རྫོང་སྤྱི་བདེ་བཀག་ཉར་ཁང་དུ་བཀག་ཉར་བྱས་འདུག

འདི་ག་ལྟེ་གནས་ཁང་དུ་གནས་ཚུལ་ཁུངས་ལྡན་འབྱོར་གསལ་ལྟར་ན།    ཚེ་མགོན་རྒྱལ་གྱིས་རྒྱལ་ཁབ་བདེ་འཇགས་མི་སྣས་བཀག་ཉར་གྱི་འདྲི་བརྩད་ལ་ཡ་ལན་མ་སྤྲད་པར་ངག་བཅད་ངོ་རྒོལ་((以沉默对抗))གནང་འགོ་བཙུགས་ཡོད་འདུག       “ཚེ་མགོན་རྒྱལ་གྱིས་བདེ་འཇགས་མི་སྣས་འདྲི་བརྩད་བྱས་པ་དེ་ནི་ཉེས་མེད་མི་ལ་བཙན་ཤེད་ཀྱི་ཉེས་འགེལ་བྱས་སྟངས་ཤིག་དང་།      ཡ་ལན་དྲང་བོ་བཤད་ཀྱང་ཁོ་རང་ལ་དག་འབུད་ཡོང་ཐབས་ལ་ཁྱད་པར་མི་བཟོས་པ་ཤེས་ཡོད་པ། ལྷག་པར་དེ་ནི་བོད་མི་སྤྱི་བྱིངས་ལ་འཕྲད་བཞིན་པའི་དཀའ་ངལ་ཞིག་ཡིན་པ་ཁོང་གིས་ཤེས་ཡོད་པ་དང་” ཞེས་དང་།    “ཚེ་མགོན་རྒྱལ་ལ་གྱོད་གཞི་འཛུགས་སྟངས་འདི་ནི་དྲང་བདེན་མ་ཡིན་པ་དང་བཙན་ཤེད་ཅིག་ཆགས་ཡོད་ཅེས་”ཁོང་གི་གྲོགས་པོ་ཉེ་བོ་ཞིག་གིས་འདི་ག་ལྟེ་གནས་ཁང་ལ་བཤད།

རྒྱ་གཞུང་གིས་<<ཉེས་ཁྲིམས་>>ཀྱི་དོན་ཚན་༡༠༢དང་༡༡༣ནང་དུ་འཁོད་དོན་ལྟར།   ཚེ་མགོན་རྒྱལ་ལ་རྒྱལ་ཁབ་ཁ་བྲལ་ལ་སྐུལ་སློང་བྱས་པའི་ནག་ཉེས་བཙུགས་པ་འདི་ནི།  དུས་རྒྱུན་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བྱས་པའི་ཁྱབ་ཁུངས་སུ་འདུ་ཡི་ཡོད་ཅིང་། དེ་ལྟར་གྱི་ཉེས་ཆད་ཁྲིམས་ཐག་དུས་ཡུན་ནི་ལོ་ངོ་༡༥ ཡིན་ངེས།

ཚེ་མགོན་རྒྱལ་འཛིན་བཟུང་བྱས་དོན་གྱི་རྒྱུ་མཚན་དངོས་འབྲེལ་དེ་ད་ལྟ་ཤེས་རྟོགས་མི་ཐུབ་ཀྱང་།  དེ་ནི་དུས་རྒྱུན་བོད་མི་ལས་འགུལ་བ་སུ་ཡིན་ལ།      རྒྱ་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གཙོད་འཚེ་བཟོས་པ་ཞེས་པའི་མིང་འོག་གིས་གང་བྱུང་འཇུ་བཟུང་དང་མནར་གཅོད།  ལྟ་རྟོག་དོ་དམ་བྱས་པ། བཙོན་འཇུག་ཁྲིམས་ཆད་གཅོད་ཀྱི་ཡོད།

ཚེ་མགོན་རྒྱལ་འཇུ་བཟུང་བཀག་ཉར་བྱས་པ་ནས།   ནང་མི་གཉེན་ཚན་དང་ཐུག་འཕྲད་བྱེད་དུ་བཅུག་མེད་ཐོག  ངོ་ཚབ་ཁྲིམས་རྩོད་པའང་གླ་རུ་བཅུག་མེད་པས།     དེའི་སྒང་ལ་ཚེ་མགོན་རྒྱལ་གྱིས་སྐད་ཆ་མི་བཤད་པར་ངག་བཅད་བྱེད་འགོ་ཚུགས་ཡོད་འདུག་ན།  རྒྱ་གཞུང་གིས་རྨང་གཞི་ག་རེའི་སྟེང་ནས་ཁོང་ལ་རྒྱལ་ཁབ་ཁ་བྲལ་ལ་སྐུལ་སློང་ཞེས་ཉེས་བཙུགས་བྱ་རྒྱུ་ནི་ཧ་ཅང་ཁག་པོ་ཆགས་ཡོད།

ཁོང་གི་ངག་བཅད་བྱས་པ་དེ་ནི།  ཁོང་གིས་ཁོང་ལ་ཁྲིམས་རྩོད་པ་གླ་ཆོག་པའི་ཐོབ་ཐང་མ་སྤྲད་པར་ངོ་རྒོལ་དང་།    ཁྲིམས་མཐུན་གྱི་སྲུང་སྐྱོབ་ཡོང་ཐབས་བྱེད་ཀྱི་ཡོད་པ་ཞིག་དང་།      དེ་ནི་ཁོང་ཉིད་ལ་ངག་བཅད་བྱ་ཆོག་པའི་ཐོབ་ཐང་ཡོད་པ་ལག་བསྟར་བྱས་པ་ཞིག་ཆགས་འདུག

རྒྱལ་ཚོགས་ཀྱི་<<སྤྱི་འབངས་དང་ཆབ་སྲིད་ཐོབ་ཐང་གི་རྒྱལ་སྤྱིའི་སྤྱི་ཆིངས་>>ཀྱི་དོན་ཚན་༡༤ནང་དུ།  སྐྱེ་བ་སུ་ཡིན་ཡང་རུང་། རང་སྟེང་དུ་ཉེས་བཙུགས་འདྲི་བརྩད་མཐའ་འཁྱོངས་བྱེད་དུ་མི་བཅུག་པའི་ཐོབ་ཐང་ཡོད་ལ།  རང་ཉིད་ཉེས་ཅན་ཞིག་ཡིན་པའི་ཁས་ལེན་མི་བྱ་བའི་ཐོབ་ཐང་ཡང་གསལ་ཡོད།   ཡིན་ནའང་།་རྒྱ་གཞུང་གི་ཁྲིམས་མཐུན་མཁོ་སྤྲོད་ནང་དུ་།  རང་ཉིད་ཉེས་ཅན་པ་ཡིན་པའི་ངོས་འཛིན་མི་བྱ་བའི་ཐོབ་ཐང་ཁག་དཀོན་ཞིང་དང་།  ཉེས་མེད་ཡིན་པའི་དག་ཕུད་ཡོང་ཐབས་སོགས་གང་ཐད་ནས་ཁྲིམས་མཐུན་གྱི་སྲུང་སྐྱོབ་དེ་ཙམ་མེད་པ་ཡིན།

གནས་ཚུལ་གྱི་རྒྱབ་ལྗོངས།

ཚེ་མགོན་རྒྱལ། མིང་གཞན་རྐང་གཞོང་ཨ་ཚེ། ཕྱི་ལོ ༡༩༦༣ལོའི་ཟླ ༨ཚེས ༡༢ཉིན་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གི་འབྲོག་ཁྱིམ་ཞིག་ཏུ་འཁྲུངས།   བོད་ཡིག་ལྟར་ན། བོད་ཤར་ཕྱོགས་ཨ་མདོ་ནས་རེད། ཁོང་སློབ་ཆེན་སློབ་མཐར་ཕྱིན་རྗེས། རིམ་པས་ས་གནས་གཞུང་གི་དགེ་རྒན་དང་རྫོང་ཉེན་རྟོག་ལས་ཁུངས་ནང་ཆེད་ལས་ལག་རྩལ་པའི་ཕྱག་ལས་གནང་།    ཁོང་ནི་སྐབས་དེར་མཚོ་སྔོན་ཞིང་ཆེན་ནང་ཉེན་རྟོག་ཆེད་ལས་ལག་རྩལ་འཛིན་གྲྭ་གཅིག(ཧ་ལམ་སློབ་མ༣༠)ཐོག་མ་བསྒྲུབས་པའི་ནང་ཡོད་པའི་བོད་པ་བཞིའི་ནང་གི་གཅིག་རེད།ལས་ཞོར་དུ༼མཚོ་སྔོན་བོད་ཡིག་གསར་འགྱུར༽དང༼མཚོ་སྔོན་ཁྲིམས་ལུགས་ཚགས་པར༽གཉིས་ཀྱི་གསར་འགོད་པ་ལོ་མང་གནང་བ་དང་ལས་ཞོར་ཕུལ་བྱུང་གསར་འགོད་པའི་རྟགས་མའང་ཐེངས་མང་བླངས་མྱོང་ཡོད་འདུག   བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཆབ་སྲིད་བཙོན་མའི་ཐོ་གཞུང་ལྟར་ན། ཕྱི་ལོ ༡༩༩༡ལོ་ནས་ཕྱི་ལོ  ༢༠༡༦  ལོ་བར་བོད་ནང་བསྡོམས་པས་ཆབ་སྲིད་བཙོན་མ་༥༠༠༡འཛིན་བཟུང་བྱས་ཡོད་ཅིང་།  གྲངས་འབོར་དེའི་ཁྲོད་དུ་ཚེ་མགོན་རྒྱལ་མཆོག་སྔར་ཡོད་པར་མ་ཟད། ཟླ་འདིའི་འགོར་ཁོང་ཡང་བསྐྱར་གྲངས་ཐོ་འདིའི་ཁ་སྣོན་ལྟ་བུ་འཇུ་བཟུང་བཙན་འཁྲིད་བྱས་འདུག

  ཕྱི་ལོ ༡༩༩༣ལོའི་འགོར། མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་བདེ་འཇགས་ཅུད་ནས་ཕྱི་སྡོད་གསང་བའི་རྩ་འཛུགས་ལ་ངན་འབྲེལ་གྱིས་བོད་རང་བཙན་ཆེད་ ༼མདོ་སྨད་གཞོན་ནུ་འཆི་ཕོད་ཚོགས་པ་ ༽ ཟེར་བ་ཞིག་བཙུགས་པར་ཁ་གཡར་ཏེ་ཚེ་མགོན་རྒྱལ་དང་གཞན་གཉིས་ཏེ་ཀླུ་མཁར་བྱམས།(ཀླུ་བྷེ)གནམ་ལོ་ཡག(ལྡོང་སྲས)བཅས་འཛིན་བཟུང་གིས་གསང་བའི་བཙོན་འཇུག་དང་། ཕྱི་ལོ ༡༩༩༤ལོའི་ཟླ ༧ཚེས ༢༨ཉིན། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཚེ་མགོན་རྒྱལ་ལ་གསང་མྱུལ་བའི་ཉེས་པ་དང་གསར་བརྗེ་ངོ་ལོག་པའི་ཚོགས་པ་འཛུགས་མཁན་གྱི་ཉེས་པར་ལོ་ངོ ༡༦དང་ཆབ་སྲིད་ཁེ་དབང་ལོ ༤  འཕྲོག ཀླུ་མཁར་བྱམས་ལ་གསང་མྱུལ་བའི་ཉེས་པ་དང་གསར་བརྗེ་ངོ་ལོག་པའི་ཚོགས་པ་འཛུགས་མཁན་གྱི་ཉེས་པར་ལོ་ངོ ༡༧དང་ཆབ་སྲིད་ཁེ་དབང་ལོ ༥འཕྲོག གནམ་ལོ་ཡག་ལ་གསང་མྱུལ་བའི་ཉེས་པ་དང་གསར་བརྗེ་ངོ་ལོག་པའི་ཚོགས་པ་འཛུགས་མཁན་གྱི་ཉེས་པར་ལོ་ངོ་༡༢དང་ཆབ་སྲིད་ཁེ་དབང་ལོ ༤འཕྲོག་ཡོད།  ཕྱོགས་གཅིག་ནས་དོན་རྐྱེན་འདི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ལ་ཐོན་པས།  རྒྱལ་སྤྱིའི་སྟེང་ནས་སྐབས་དེའི་རྒྱ་དམར་གཞུང་ལ་གནོན་ཤུགས་རབ་དང་རིམ་པ་སྤྲད་ནས་ལས་འགུལ་ཤུགས་ཆེན་སྤེལ་འདུག    ཕྱོགས་གཞན་གཅིག་ནས་ཕྱི་ལོ ༡༩༩༧ལོར་རྒྱ་དམར་གཞུང་གིས་ཧོང་ཀོང་བདེ་ལེགས་ངང་རྩིས་ལེན་བྱེད་སླད་ཁྲིམས་ལུགས་ཁག་ལ་བསྐྱར་བཅོས་དང་༼གསར་བརྗེ་ངོ་ལོག་༽ཟེར་བའི་ཉེས་མིང་དེ་བཞིན་ ༼རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱོན་བཟོ་བ༽བར་བསྒྱུར་ཡོད་པས། ༼གསར་བརྗེ་ངོ་ལོག་པ༽ཟེར་བ་དེ༼རྒྱལ་ཁབ་ཁ་བྲལ༽ལ་བརྗེ་བསྒྱུར་བྱས་ཡོད།

ལོ་དེའི་དགུན་ཁར་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཚེ་མགོན་རྒྱལ་ལ་རྒྱལ་ཁབ་ཁ་བྲལ་བའི་ཉེས་པར་ལོ་  ༦དང་ཆབ་སྲིད་ཁེ་དབང་ལོ ༢འཕྲོག གནམ་ལོ་ཡག་ལ་རྒྱལ་ཁབ་ཁ་བྲལ་བའི་ཉེས་པར་ལོ ༤དང་ཆབ་སྲིད་ཁེ་དབང་ལོ ༡འཕྲོག     (ཀླུ་མཁར་བྱམས་སྨན་བཅོས་སྐབས་བྲོས་བྱོལ་བྱས་ཟིན)བཅས་ཀྱི་བཅད་ཁྲ་བཏང་ཡོད།    ཧ་ལམ་ཁོང་ཚོ་བོད་མིར༼རྒྱལ་ཁབ་ཁ་བྲལ་བ༽ཟེར་བའི་ཉེས་པ་ཕོག་མཁན་དང་པོ་ཆགས་འདུག    ཕྱི་ལོ ༡༩༩༧ལོའི་ཟླ ༡༡ཚེས ༡༤ཉིན་གནམ་ལོ་ཡག་ཕྱི་ལ་གློད་ཡོད་པ་དང་།   ཕྱི་ལོ ་༡༩༩༩ལོའི་ཟླ ༥ཚེས ༨ཉིན་ཚེ་མགོན་རྒྱལ་ལགས་ལ་བཙོན་གྲོལ་ཐོབ་ཡོད།  དེ་ནས་གནམ་ལོ་ཡག་ལགས་ཀླུ་མཁར་བྱམས་ཀྱི་རྗེས་སུ་བཙན་བྱོལ་བྱས་འདུག  ད་ལྟ་གནམ་ལོ་ཡག་ཨོ་སི་ཁྲི་ལི་ཡ་ན་ཡོད་པ་དང་ཀླུ་མཁར་བྱམས་རྒྱ་གར་ནང་ཡོད།

ཚེ་མགོན་རྒྱལ་གྱི་མི་ཚེ་ནི་བོད་མི་རིགས་ལ་ཞབས་ཞུར་ཕུལ་ཡོད།  ལྷག་པར་དུ་སྤྱི་ཚོགས་སྒང་ནས་ནམ་རྒྱུན་མཐོང་གི་མེད་པའི་ཁྱབ་ཁོངས་ལ་འཇུག་གིན་ཡོད།  དཔེར་མཚོན་རེ་གཉིས་ཙམ་འདི་ལྟར། ཁོང་ལ་བཙོན་གྲོལ་བྱུང་ནས་ཅུང་མ་འགོར་པར་རྐང་ཚ་དཀྱིལ་དུ་བཟུང་བའི་མཚོ་བྱང་ས་ཁུལ་གྱི་དབང་བོ་སྐྱོན་ཅན་ལ་སེམས་ཤུགས་དར་སྤེལ་དང་ནུས་པ་བསྔོག་འདོན་གྱི་ལས་གཞི་ཞིག་འགོ་འཛུགས་གནང་ཡོད་ཅིང་།རིམ་པས་དབང་བོ་སྐྱོན་ཅན་གྱི་གླུ་གར་ཚོགས་པ་ཞིག་བཙུགས་ཏེ་ཞིང་ཆེན་རིམ་པ་བརྒལ་ནས་རྒྱ་ནག་ནང་ལའང་འཁྲབ་སྟོན་བྱེད་ཐུབ་ཡོད་མོད།   ཁོང་ལ་རྒྱ་ནག་གི་གསང་བའི་ལས་ཁུངས་སོགས་ཀྱིས་འགོག་རྐྱེན་མང་བོ་བཟོས་པར་བརྟེན་ནས་ཚོགས་པ་དེ་ས་གནས་གཞུང་ལ་རྩིས་སྤྲོད་ཀྱིས་ཁོང་ཕྱི་ལ་ཐོན་འདུག

ཕྱི་ལོ་༢༠༡༥ལོ་ནི་མཚོ་སྔོན་པོའི་གནས་འདུས་ཡིན་པས། མདོ་དབུས་ཁམས་གསུམ་ནས་གནས་བསྐོར་ལ་ཕེབས་མཁན་རྒྱུན་མི་ཆད་པས།     ཁོང་གིས་མཚོ་སྔོན་པོའི་ཁར་སྔར་རྒྱལ་དབང་ལྔ་བ་ཆེན་མོ་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གནས་དེར་གནས་བསྐོར་བར་༼ཏཱ་ལའི་སྐོམ་ཆུ་༽གཙོས་པའི་ཟས་རིགས་རིན་མེད་དུ་འགྱེད་པས།  མཇལ་བསྐོར་བ་ཡོངས་ལ་བོད་པའི་སྔ་སྲོལ་དྲི་མ་མེད་པར་བསྐྱར་དྲན་དང་ཕན་ཚུན་རོགས་རེས་ཀྱི་དགེ་ཕན་ལ་བསམ་བློ་གཏོང་བའི་ཕྱོགས་སུ་བསྐུལ་འདེད་ཐུབ་ཡོད།  ཕྱི་ལོ ༡༩༩༣ལོར་མཚོ་སྔོན་ཞིང་ཆེན་གྱིས་ཚེ་མགོན་རྒྱལ། ཀླུ་མཁར་བྱམས་དང་གནམ་ལོ་ཡག་བཅས་འཛིན་བཟུང་གིས་ཆེད་ཞིབ་ཚོགས་ཆུང་བཙུགས་ཤིང་།  ཚོགས་གཙོ་ནི་སྐབས་དེའི་ཞིང་ཆེན་སྤྱི་བདེ་ཐིང་གི་འགོ་གཙོ། དྲག་ཆས་ཉེན་རྟོག་རུ་དཔུང་གི་ཆབ་སྲིད་སློབ་སྟོན་པ་དང་ཞིང་ཆེན་སྲིད་ཁྲིམས་ལྷན་ཚོགས་ཀྱི་དྲུང་ཆེ་བཅས་ཀྱི་འགན་འཁུར་བཞིན་པའི་ཐང་ཀྲིན་རིན( Tang Zhengren)རེད།    རྒྱ་དམར་མཐོ་རིམ་དཔོན་རིགས་ཡོངས་ལ་ཡོད་པའི་ཁྱད་ཆོས་གཅིག་ནི་དོན་དག་ཆེ་མ་ཆུང་གསུམ་གང་ཡིན་ཡང་ཛ་དྲག་བཟོས་ནས་དངུལ་དངོས་སློང་བ་དང་དཔོན་ས་སྤར་བྱེད་ཐད་བེད་སྤྱོད་གཏོང་གི་ཡོད་ཅིང་།  ཐང་ཀྲིན་རིན་ནི་དེའི་ཐད་བྱང་ཆ་ལྡན་མཁན་ཞིག་ཡིན་པས། དོན་རྐྱེན་འདི་ལམ་སང་ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་ལྷན་ཁང་ལ་སྙན་བསྒྲོན་ཞུས་ནས༼ཉེས་དོན་བརྩད་གཅོད༽འགྲོ་གྲོན་ལ་རྒྱ་སྒོར་ས་ཡ་གཅིག་རེག་འདུག(སྐབས་དེའི་ས་ཡ་གཅིག་ནི་དེང་གི་འཛའ་ལ་ཕབ་ན་ཧ་ལམ་ས་ཡ་བཅུ་ལས་བརྒལ་ཡོད། )

ལོ་ཤས་རྗེས་ནས་རྒྱ་གཞུང་གིས་དོན་རྐྱེན་ཞིག་ལ་བརྟེན་ཏེ་ཐང་ཀྲིན་རིན་སོགས་ཀྱི་ལྐོག་ཟ་རུལ་སུངས་ལ་བརྩད་ཞིབ་བྱས་པས།    ཆེད་ཞིབ་ཚོགས་ཆུང་གི་ཚོགས་མི་གཅིག་གིས་རང་སྲོག་བཅད་ཡོད་པ་དང་ཕྱི་ལོ ༡༩༩༧ལོར་ཐང་ཀྲིན་རིན་གྱི་གོ་སའང་ཤོར་འདུག ཡིན་ནའང་། ཐང་ཀྲིན་རིན་ལ་ཁྲིམས་ལྟར་རུལ་སུངས་བྱ་སྤྱོད་ལ་བརྩད་གཅོད་བྱས་མི་འདུག རྒྱ་ནག་གཞུང་གིས་སྤྱི་ཚོགས་བདེ་འཇགས་ཐད་གཏོང་བཞིན་པའི་མ་དངུལ་གྲངས་འབོར་ནི་རྒྱལ་སྲུང་འགྲོ་གྲོན་ལས་བརྒལ་ཡོད་པ་རེད།  ཕྱི་ལོ༢༠༡༣ལོར་རྒྱ་གཞུང་གིས་ནང་ཁུལ་སྤྱི་ཚོགས་བདེ་འཇགས་ཆེད་མ་དངུལ་རྒྱ་སྒོར་དུང་ཕྱུར༧༦༩༡(ཨ་སྒོར་དུང་ཕྱུར༡༣༠༠)ཟིན་འདུག་པར་མ་ཟད།  ལོ་གསུམ་རིང་བསྟུད་མུར་རྒྱལ་སྲུང་འགྲོ་གྲོན་ལས་བརྒལ་འདུག

སྐུ་ཞབས་ཚེ་མགོན་རྒྱལ་གྱི་ནང་མི་དང་གྲོགས་པོ་ཚོའི་སེམས་ཁྲལ་ཆེ་ཤོས་ནི༼ད་རེས་མཚོ་བྱང་དང་མཚོ་སྔོན་ཞིང་ཆེན་གྱི་གསང་བའི་ལས་ཁུངས་ཀྱི་དཔོན་རིགས་འདི་དག་གིས་རྒྱལ་ཁབ་བདེ་འཇགས་ཁ་ལ་ཁུར་ནས་ཡང་བསྐྱར་ཚེ་མགོན་རྒྱལ་མཆོག་དངུལ་བཟོ་བྱེད་དང་དཔོན་ས་སྤར་བྱེད་དུ་བཀོལ་སྤྱོད་གཏོང་སྲིད། ༽ ཚེ་མགོན་རྒྱལ་གྱི་བཙོན་གྲོགས་གནམ་ལོ་ཡག་གིས་བཤད་དོན། ༼ཞིས་ཅིན་ཕེན་གཞུང་གིས་དེང་སྐབས་དོན་གྱིས་ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་གཏོང་གི་ཡོད་ན།   བོད་པ་ཆབ་སྲིད་བཙོན་མ་རེ་རེ་འཛིན་བཟུང་བྱས་པའི་རྒྱབ་ལོགས་ཀྱི་འགྲོ་གྲོན་ལ་ཞིབ་འཇུག་བྱོས་དང་།  སྟག་དང་སྦྲང་མ།   ད་དུང་ཝ་དང་ཁྱི།  སྤྱང་ཀི་སོགས་གང་མང་ཐོན་སྲིད་པར་ཡིད་ཆེས་གཙང་མ་ཡོད༽ཟེར།

གནམ་ལོ་ཡག་ལ་ད་དུང་ཡོད་པའི་སེམས་ཁྲལ་ནི༼སྔར་བཙོན་ཁང་དུ་ཚེ་མགོན་རྒྱལ་མཆོག་གིས་ཐེངས་མང་ཟས་བཅད་ངོ་རྒོལ་གནང་མྱོང་ཡོད་པས།  ད་རེས་མུ་མཐུད་དུ་ཟས་བཅད་ངོ་རྒོལ་གྱི་ལམ་ནང་ཞུགས་ཚེ་ཁོང་གི་ལུས་པོའི་བདེ་ཐང་གནད་དོན་ཆེན་པོ་ཞིག་ཆགས་ངེས་། ༽བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཏེ།   སྲིད་གཞུང་ཁག་དང་།ཡུལ་མིའི་ཚོགས་སྡེ་དང་མི་སྒེར་ཁག་དང་བོད་དོན་རྒྱབ་བསྐྱོར་ཚོགས་པ་བཅས་ནས་ཚེ་མགོན་རྒྱལ་གྱིས་མཚོན་པའི་ད་ཡོད་ཆབ་སྲིད་བཙོན་མ་ཡོངས་རྫོགས་གློད་གྲོལ་གཏོང་བར་ལས་འགུལ་སྤེལ་བར་བསྐུལ་འདེད་གཏོང་གི་ཡིན།  སྐུ་ཞབས་ཚེ་མགོན་རྒྱལ་ལགས་འཛིན་བཟུང་བྱས་པར་ཁོང་གི་ལོ་ན་བརྒྱད་ཅུར་སོན་པའི་ཕ་མ་གཉིས་ཧང་སངས་བཅུག་ཡོད་པས།ཁོང་གི་ནང་མི་དང་གྲོགས་པོ་ཚོས་ཕ་མ་གཉིས་ཀྱི་བདེ་ཐང་ལའང་སེམས་ཁྲལ་ཆེན་པོ་བྱེད་ཀྱིན་འདུག  གལ་སྲིད་ཚེ་མགོན་རྒྱལ་མཆོག་དུས་ལྟར་གློད་གྲོལ་མ་ཐོབ་པར་ལོ་ན་བརྒྱད་ཅུར་སོན་པའི་ཕ་མ་གཉིས་སྡུག་བསྔལ་གྱིས་ཚེ་ལས་འདས་པ་ཡིན་ན།  མཚོ་སྔོན་ཞིང་ཆེན་དང་མཚོ་བྱང་ཁུལ་རྒྱལ་ཁབ་བདེ་འཇགས་ལས་ཁུངས་དང་འབྲེལ་ཡོད་དཔོན་རིགས་ཁག་ནས་ངེས་པར་དུ་འགན་འཁུར་དགོས།

འདི་ག་ལྟེ་གནས་ཁང་གིས་རྒྱ་ནག་སྲིད་གཞུང་ལ་ཞུ་བསྐུལ་གཤམ་གསལ།

༡   སྐུ་ཞབས་ཚེ་མགོན་རྒྱལ་ལགས་འཛིན་བཟུང་བྱེད་རྐྱེན་ལམ་སང་ཕྱི་བསྒྲགས་ཀྱིས་ཁོང་གི་ནང་མི་ཐུག་འཕྲད་དང་ཁྲིམས་རྩོད་པ་བཙལ་བའི་ཁེ་དབང་ལ་སྲུང་བརྩི་བྱེད་དགོས།

 ༢ སྐུ་ཞབས་ཚེ་མགོན་རྒྱལ་གྱི་ལུས་སེམས་བདེ་ཐང་ལ་ཁག་ཐེག་བྱེད་དགོས།

 ༣  གལ་སྲིད་དགོས་མཁོ་ཡོད་ན།  སྐུ་ཞབས་ཚེ་མགོན་རྒྱལ་ལ་སྨན་པར་ཐུག་འཕྲད་དང་སྨན་བཅོས་ཀྱི་མཐུན་རྐྱེན་སྦྱོར་དགོས།

 ༤  སྐུ་ཞབས་ཚེ་མགོན་རྒྱལ ་གང་མགྱོགས་གློད་གྲོལ་བྱེད་རྒྱུ་ལས་གསང་བའི་བཀག་ཉར་དང་ནག་ཉེས་བཀལ་མི་ཆོག

Check Also

རྒྱ་གཞུང་གིས་ཆབ་སྲིད་ཀྱི་མནར་གཅོད་མཚམས་བཞག་སྟེ་གར་སོང་ཆ་མེད་བཟོས་པའི་དགེ་འདུན་པ་ཚོའི་དངོས་ཡོད་གནས་ཚུལ་གསལ་བཤད་བྱེད་དགོས།

འདི་ག་ལྟེ་གནས་ཁང་གི་ངོས་ནས། རྒྱ་གཞུང་གིས་ཟི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་གྱི་དགེ་འདུན་པ་གསུམ་གང་བྱུང་བཀག་ཉར་བྱས་པ་དང་བཙན་གྱིས་གར་སོང་ཆ་མེད་བཟོས་པ། དྲང་བདེན་མ་ཡིན་པའི་ཁྲིམས་ཐག་བཅད་པའི་གནས་ཚུལ་ངེས་པར་དུ་གསལ་བཤད་བྱེད་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུ་བཞིན་ཡོད་ལ། འདི་ག་ལྟེ་གནས་ཁང་གིས། རྒྱ་གཞུང་ནས་ཆོས་དད་དང་ཆབ་སྲིད་ཀྱི་ཉེས་འཛུགས་འོག་ཏུ་དགེ་འདུན་པ་དེ་དག་ལ་སྡུག་སྦྱོང་མནར་གཅོད་བཏང་བ་དང་། གང་བྱུང་བཀག་བསྐྱིལ་བཙོན་འཇུག་བྱས་པ་དེ་ནི། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་གཞི་དང་རྩ་འཛིན་ཁག་རྩིས་མེད་རྡོག་རོལ་བཏང་བར་ཡིད་ཆེས་བྱེད་ཀྱིན་ཡོད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆིངས་གནས་རྒྱལ་ཁབ་ཡིན་པའི་ཆ་ནས། རྒྱ་ནག་དམར་ཤོག་སྲིད་གཞུང་ལ་རྒྱལ་སྤྱིའི་ཁྲིམས་གཞི་རྩ་འཛིན་དེ་དག་ལ་བརྩི་འཇོག་དང་སྲུང་སྐྱོབ། ལག་བསྟར་བྱེད་པའི་འགན་ཡོད། འདི་ལོའི་ཕྱི་ཟླ་༧ ཚེས་༣༠ ཉིན་རང་ལོ་༣༧ ཡིན་པའི་དགེ་འདུན་པ་བློ་བཟང་ཐབས་མཁས་ལ་མི་ལོ་༤ ཡི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་དང་། …