Thursday , July 18 2019
Home / གསར་འགྱུར། / ཆབ་སྲིད་བཙོན་པའི་གནས་ཚུལ་སྐོར་གྱི་དྲ་རྒྱ་དབུ་འབྱེད་གསར་འགོད་གསལ་བསྒྲགས།

ཆབ་སྲིད་བཙོན་པའི་གནས་ཚུལ་སྐོར་གྱི་དྲ་རྒྱ་དབུ་འབྱེད་གསར་འགོད་གསལ་བསྒྲགས།

 

facebookbanner_tchrd

དེ་རིང་འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ངོས་ནས། བོད་ནང་གི་ཆབ་སྲིད་བཙོན་པའི་གནས་ཚུལ་སྐོར་ལ་དབྱིན་ཡིག་གི་དྲ་རྒྱ་ལེགས་གྲུབ་ཀྱིས་དབུ་འབྱེད་ཐུབ་པ་བྱུང་བར་དགའ་སྤྲོ་སྐྱེ་བཞིན་ཡོད། ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༡༤ ནི་ཉིན་མོ་གལ་ཆེན་པོ་ཞིག་ཆགས་ཡོད་དེ། ༢༠༠༨ ལོར་བོད་ས་ཡོངས་སུ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་ནས་ལོ་བརྒྱད་འཁོར་བའི་ཉིན་མོ་ཆགས་ཀྱི་ཡོད། ༢༠༠༨ ལོ་ནས་བཟུང་བོད་ནང་སྔར་ལས་ལྷག་པར་རྒྱ་གཞུང་གིས་བོད་མི་མང་པོ་འཇུ་བཟུང་བཙན་འཁྲིད་དང་གར་སོང་ཆ་མེད། སྡུག་སྦྱོང་ནར་གཅོད། ཁྲིམས་གཅོད་བཙོན་འཇུག དེ་བཞིན། བཙོན་འོག་ཏུ་འདས་གྲོངས་འགྲོ་བཞིན་པ་བཅས་ཀྱི་གནས་སྟངས་མཚམས་མ་ཆད་པར་མུ་མཐུད་བྱུང་དང་འབྱུང་བཞིན་ཡོད། ༢༠༠༨ ལོར་བོད་ས་ཡོངས་སུ་ས་བྱི་ཞི་བའི་ངོ་རྒོལ་ཆེན་མོ་བྱུང་དགོས་དོན་ནི། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་བསྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་ལག་བསྟར་གྱིས། བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག ཁོར་ཡུག འཚོ་གནས་བཅས་བརྡལ་བཤིག་བཏང་སྟེ་བོད་མིའི་ངོ་བོ་རྩ་བརླག་དང་། བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་མཐའ་དག་བཙན་འཕྲོག་བྱེད་བཞིན་པ་བཅས་ལ་ཐུག་ཡོད།

ཆབ་སྲིད་བཙོན་པའི་གནས་ཚུལ་སྐོར་གྱི་དྲ་རྒྱ་འདི་བརྒྱུད་ནས། རྒྱལ་སྤྱིའི་སྒང་འགྲོ་བ་མིའི་ཐོབ་ཐང་ཐད་ཕྱག་ལས་གནང་མཁན་གྱི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ། ཉམས་ཞིབ་པ་བཅས་ལ་དུས་ཐོག་བོད་ནང་གི་ཆབ་སྲིད་བཙོན་པའི་སྐོར་གྱི་གནས་ཚུལ་ཁ་གསལ་དང་ཁུངས་ལྡན་སྒོ་ནས་མཁོ་འདོན་བྱེད་ཐུབ་པར་ངོས་འཛིན་བྱེད་ཀྱི་ཡོད། དྲ་རྒྱ་འདིའི་ནང་འདི་ག་ལྟེ་གནས་ཁང་གི་ཆབ་སྲིད་བཙོན་པའི་མིང་ཐོ་གཞིར་བཟུང་། བོད་ནང་ཆབ་སྲིད་བཙོན་པ་རྣམས་ཀྱི་ལོ་རྒྱུས་གནས་ཚུལ་མཁོ་འདོན་དང་། རྒྱ་གཞུང་གིས་གསར་དུ་འཇུ་བཟུང་བྱས་པའི་ཆབ་སྲིད་བཙོན་པའི་མིང་ཐོ་དང་གནས་ཚུལ་དུས་ཐོག་དྲ་རྒྱའི་སྒང་གསར་འཇུག་བྱེད་ཀྱིན་ཡོད། དེ་བཞིན། འདི་ག་ལྟེ་གནས་ཁང་གིས་ཤེས་རྟོགས་བྱུང་བའི་བཙོན་ཁང་ནང་འདས་གྲོངས་ཕྱིན་པའི་བཙོན་པ་ ༢༩ ཡི་གནས་ཚུལ་དང་། རང་ལུས་མེར་བསྲེགས་གནང་མཁན་རྣམས་ཀྱི་གནས་ཚུལ་སྙིང་བསྡུས། ལོ་འཁོར་སྙན་ཐོའི་ནང་བཀོད་པའི་ཆབ་སྲིད་བཙོན་པའི་མིང་ཐོ་ཡང་དྲ་རྒྱའི་སྟེང་ཕབ་ལེན་བྱེད་ཐུབ་ཀྱི་ཡོད། ལྷག་པར་དུ་དྲ་རྒྱའི་ནང་བཀོད་པའི་གནས་ཚུལ་རྣམས་ excel དང་ pdf ། csv བཅས་ཡིག་ཆའི་རྣམ་པ་གང་རུང་བརྒྱུད་ལྟ་ཀློག་ཐུབ་ཀྱི་ཡོད། དེ་མིན་རྒྱ་གཞུང་གིས་བོད་ནང་སྲོག་ཁྲིམས་དང་ལོ་གཉིས་མནར་འགྱངས་སྲོག་ཁྲིམས། ཚེ་བཙོན་ཁྲིམས་ཐག་བཅད་ཡོད་མཁན་རིགས་དང་། ལོ་ ༥ ནས་ ༡༠ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་མཁན་ཆབ་སྲིད་བཙོན་པ་རྣམས་ཀྱི་ལོ་རྒྱུས་མདོར་བསྡུས་བཅས་བཀོད་ཡོད། དེ་མིན་སྡེ་ཚན་གཞན་ཞིག་ནི་རྒྱལ་སྤྱི་དང་རྒྱ་ནག་གི་ཁྲིམས་ནང་ཁས་ལེན་གཏན་འབེབས་བྱས་ཡོད་པའི་བཙོན་འོག་གི་བཙོན་པའི་ཁེ་དབང་དང་། དྲང་བདེན་ཁྲིམས་བཤེར་གྱི་ཐོབ་ཐང་སོགས་ཁྲིམས་ཐོག་གི་སྲུང་སྐྱོབ་ག་རེ་ཡོད་མེད་སྐོར་གྱི་ཡིག་ཆ་དང་། བཙོན་པ་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ཁྲིམས་སྒྲིག་ཀྱི་འབྲེལ་ཐག་སོགས་འཁོད་ཡོད།

འདི་ག་ལྟེ་གནས་ཁང་གི་ཉམས་ཞིབ་པ་བསྟན་འཛིན་རྣམ་དག་ལགས་ཀྱིས། ༼འདི་ནི་བོད་ཀྱི་ཆབ་སྲིད་བཙོན་པའི་གནས་ཚུལ་སྐོར་གྱི་དྲ་རྒྱ་ཐོག་མ་དེ་ཆགས་ཡོད་ལ། ཕྱི་ལོ་ ༢༠༡༦ ལོར་ཆབ་སྲིད་བཙོན་པའི་སྐོར་གྱི་མིང་ཐོ་དང་གནས་ཚུལ་རྣམས་སྔར་ལས་ལྷག་པར་ཚགས་ཚུད་པོ་དང་ཁུངས་ལྡན་བཟོས་པའི་ཐོག་ནས། དྲ་རྒྱའི་སྟེང་ནང་འཇུག་བྱས་ཏེ་གནས་ཚུལ་མཁོ་འདོན་བྱ་ཐུབ ༽ཅེས་བརྗོད་ཡོད།

ལྷག་པར་དུ་ཕྱི་ལོ་ ༢༠༡༥ ཟླ་ ༡༡ པའི་ནང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྡུག་སྦྱོང་མནར་གཅོད་བཀག་སྡོམ་ཐད་ཀྱི་དུས་བཅད་བསྐྱར་ཞིབ་ཚོགས་འདུ་ཐེངས་ལྔ་བའི་སྟེང་། རྒྱ་གཞུང་གིས་རྒྱ་ནག་ནང་ཆབ་སྲིད་བཙོན་པ་གཅིག་ཀྱང་མེད་སྐོར་འུད་བརྗོད་བྱས་ཡོད་པ་མ་ཟད། གྲངས་ཉུང་མི་རིགས་བོད་དང་ཡུ་གུར་གྱི་ངོས་ནས་ཆབ་སྲིད་བཙོན་པའི་སྐོར་གྱི་གནས་ཚུལ་དེ་རིགས་གཞི་མེད་བསྙོན་འཛུགས་ཡིན་པར་བཤད་ཡོད།

དེར་བརྟེན། དྲ་རྒྱ་འདི་བརྒྱུད་ནས་རྒྱ་གཞུང་གི་བཙོན་འོག་ཏུ་ཡོད་པའི་ཆབ་སྲིད་པ་རྣམས་ཀྱི་དངོས་ཡོད་གནས་ཚུལ་རྒྱལ་སྤྱིའི་སྒང་གསལ་འདོན་ར་སྤྲོད་དང་། ཆབ་སྲིད་བཙོན་པ་རྣམས་ཀྱི་དཀའ་སྡུག་ལ་སྔར་བའི་རྒྱབ་སྐྱོར་ཐོབ་ཐབས་དང་ཁོང་ཚོའི་མངོན་འདོན་གསལ་བཤད་ཐུབ་པའི་རེ་བ་ཡོད། ལྷག་པར་ཆབ་སྲིད་བཙོན་པ་མི་སྒེར་རེ་རེའི་ལོ་རྒྱུས་གསལ་འདོན་བྱས་པར་བརྟེན་ནས། རྒྱ་གཞུང་གིས་ཆབ་སྲིད་བཙོན་པ་རྣམས་ལ་ཉེས་མིང་སྣ་ཚོགས་བཙན་འགེལ་གྱི་ཉེས་ཁྲིམས་བཙོན་པའི་ངོ་བོར་རྫུན་བསྒྱུར་བྱས་ཐོག རྒྱ་ནག་ནང་ཆབ་སྲིད་བཙོན་པ་མེད་པར་བརྗོད་ཀྱིན་པའི་གཡོ་ཇུས་རྣམས་ཐེར་འདོན་ཐུབ་པའི་ངོས་འཛིན་བྱེད་ཀྱིན་ཡོད།

 

དྲ་རྒྱའི་ཁ་བྱང་ནི། འདི་ག་ལྟེ་གནས་ཁང་གི་དྲ་རྒྱའི་གདོང་ངོས་དཀར་ཆག་ནང་ political prisoners  ཞེས་པའི་ལེ་ཚན་དུ་དྲ་སྦྲེལ་བྱས་ཡོད་པས་དེ་གར་མཛུབ་གནོན་བྱས་ཚེ་དྲ་རྒྱ་འཇུག་ཐུབ།

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས།
ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༡༤ ཉིན་རྒྱབ་ལ་སྤེལ།

Home

Check Also

འདི་ག་ལྟེ་གནས་ཁང་ལ་འདྲ་པར་ཞིག་འབྱོར་བ་དང་དེ་ནི་རང་སྲེག་ཞི་རྒོལ་གནང་མཁན་རྡོ་རྗེ་ཡི་སྐུ་པར་ཡིན་ཞིང་ཁོང་གིས་ཕྱི་ལོ་༢༠༡༢ ལོར་རྒྱ་གཞུང་ནས་བོད་ཐོག་འཛིན་པའི་དྲག་གནོན་སྲིད་ཇུས་ལ་རང་སྲེག་ཞི་རྒོལ་གནང་སྟེ་སྐུ་གྲོངས་ཡོད་པ་རེད།

རྒྱ་གཞུང་གིས་བོད་ནང་གི་རང་སྲེག་ཞི་རྒོལ་རིགས་ཚང་མ་ཁྲིམས་འགལ་ནག་ཉེས་ཀྱི་ངོ་བོར་བསྒྱུར་ཏེ་གཞི་རྒྱ་ཆེ་བའི་དོགས་ཟོན་མྱུལ་ཞིབ་ཤུགས་ཆེར་བཏང་བའི་རྐྱེན་གྱིས་ད་བར་དུ་རྡོ་རྗེ་ཡི་སྐུ་པར་ལག་སོན་བྱུང་ཐུབ་མེད། རྒྱ་གཞུང་གིས་བོད་ནང་གི་རང་སྲེག་ཞི་རྒོལ་གྱི་གནས་ཚུལ་དང་འདྲ་པར་ཕྱི་ཕྱོགས་སུ་གཏོང་མཁན་བོད་མི་མང་པོར་རྒྱལ་ཁབ་ཀྱི་གསང་བ་ཕྱི་གྱར་དང་ཁྲིམས་འགལ་གྱི་ཕྱི་ཕྱོགས་སུ་འབྲེལ་གཏུག་བྱས་ལུགས་ཀྱི་ནག་ཉེས་བཙན་འགེལ་གྱིས་ཁྲིམས་འགལ་བཙོན་འཇུག་བྱས་ཡོད། རང་ལོ་༡༨ ཡིན་པའི་རྡོ་རྗེ་ཡིས་ཕྱི་ལོ་༢༠༡༢ ཟླ་༣ ཚེས་༥ ཉིན་གྱི་བོད་ནང་གི་ཆུ་ཚོད་༦།༣༠ ཙམ་ལ་གཅའ་ཡུལ་ཚོའི་ཉེ་འགྲམ་གྱི་ཟམ་ཁ་ཞིག་ནས་གཅའ་ཞང་ཐོག་གི་རྒྱ་མིའི་ལས་ཁུངས་ཡོད་སའི་བར་དུ་རང་སྲེག་གོམ་བགྲོད་གནང་ནས་སྐུ་གྲོངས་ཡོད་པ་དང་། ཁོང་གིས་རང་སྲེག་གནང་དོན་ནི་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ཞི་རྒོལ་གནང་བ་ཡིན་འདུག གནས་ཚུལ་ལྟར་ན། ཉེ་འཁོར་གྱི་བོད་མི་རྣམས་ཀྱིས་སྐུ་ཕུང་འཁྱེར་བརྩིས་བྱས་སྐབས། ཉེན་རྟོག་པ་སླེབས་ནས་ཁོང་གི་སྐུ་ཕུང་བཙན་འཕྲོག་གིས་རྔ་བ་རྫོང་ཐོག་ཏུ་ཁྱེར་ཡོད་པ་དང་། ཕྱིས་སུ་ཁོང་གི་ནང་མི་ཚོར་གདུང་ཐལ་ཡིན་ཟེར་ནས་རུས་ཐལ་ཙམ་སྤྲད་འདུག དེ་ཡང་རྒྱ་གཞུང་གིས་ཕྱི་ལོ་༢༠༡༡ ཟླ་༣ …