Wednesday , July 26 2017
Home / གསར་འགྱུར། / ༢༠༡༥ ལོའི་བོད་ནང་གི་འགྲོ་བ་ཐོབ་ཐང་གནས་སྟངས་ལོ་འཁོར་སྙན་ཐོ།

༢༠༡༥ ལོའི་བོད་ནང་གི་འགྲོ་བ་ཐོབ་ཐང་གནས་སྟངས་ལོ་འཁོར་སྙན་ཐོ།

0123456འདི་ག་ལྟེ་གནས་ཁང་གིས་ལོ་ལྟར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐད་ལོ་འཁོར་སྙན་ཐོ་རེ་འདོན་བཞིན་པ་ལྟར། ཕྱི་ལོ་ ༢༠༡༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྐོར་གྱི་ལོ་འཁོར་སྙན་ཐོ་དེ་བཞིན། ཕྱི་ལོ་ ༢༠༡༦ ཕྱི་ཟླ་ ༢ ཚེས་ ༡༩ ཉིན། བཞུགས་སྒར་རྡ་སའི་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཚོགས་ཁང་དུ་བོད་ཡིག་དང་དབྱིན་ཡིག རྒྱ་ཡིག་བཅས་ཡིག་རིགས་གསུམ་གྱི་ཐོག་ནས་འགྲེམས་སྤེལ་བྱས་ཡོད། འདི་ལོའི་སྙན་ཐོའི་ནང་བོད་ནང་གི་ཆོས་ལུགས་དད་མོས་ལ་དམ་དྲག་དང་། བོད་མི་སྒེར་གྱི་རང་དབང་བཙན་འཕྲོག བོད་ཀྱི་རང་བྱུང་ཁོར་ཡུག བོད་ནང་གི་སྤྱི་དམངས་དང་ཆབ་སྲིད་ཐོབ་ཐང་གནས་སྟངས། རྒྱལ་སྤྱིའི་སྤྱི་ཚོགས་དང་འབྲེལ་བའི་བོད་ཀྱི་གནས་བབས་བཅས་དོན་ཚན་ཁག་ལྔ་ཐོག་ནས། ཕྱི་ལོ་ ༢༠༡༥ ལོར་རྒྱ་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་རང་དབང་ཁག་སྔར་ལྷག་རྡོག་རོལ་བཏང་ཡོད་པའི་གནས་སྟངས་གསལ་འདོན་བྱས་ཡོད། འདི་ག་ལྟེ་གནས་ཁང་གི་ཤེས་རྟོགས་བྱུང་བའི་གྲངས་འབོར་གཞིར་བཟུང་ལྟར་ན། ད་ལྟའི་ཆར་བོད་ནང་དུ་ཁྱོན་བསྡོམས་ཆབ་སྲིད་བཙོན་པ་གྲངས་ ༢༠༨༡ ཡོད་པ་དང་། དེའི་ཁྲོད་གྲྭ་བཙུན་གྲངས་ ༩༦༧ ཡོད། ཕྱི་ལོ་ ༢༠༡༥ ལོ་གཅིག་པུར་འཇུ་བཟུང་བཙོན་འཇུག་བྱས་པ་མི་གྲངས་ ༦༨ ཡོད། དེ་བཞིན། ཕྱི་ལོ་ ༢༠༡༤ ཕྱི་ཟླ་ ༩ ནས་ད་ལྟའི་བར་བོད་ནང་རང་ལུས་མེར་བསྲེགས་གཏོང་མཁན་ ༡༡ དང་། ཕྱི་ལོ་ ༢༠༡༥ ལོ་གཅིག་པུར་མི་ ༧ བྱུང་འདུག  གཞན་ཡང་འདི་ལོར་བོད་ཡུལ་རྔ་པ་དང་ལི་ཐང་། དཀར་མཛེས་བཅས་ཀྱི་གཙོས་བོད་ཀྱི་ས་ཁུལ་ཁག་ནང་མི་སྒེར་རྐྱང་པ་ཁྲོམ་གཞུང་དུ་ཐོན་ནས་ཞི་བའི་སྐད་འབོད་ངོ་རྒོལ་བྱེད་མཁན་དམིགས་བསལ་ཤུགས་ཆེ་རུ་བྱུང་ཡོད། ལྷག་པར་དུ་རྒྱ་གཞུང་གིས་རྒྱལ་ཁབ་བདེ་འཇགས་དང་འཇིགས་སྐུལ་རིང་ལུགས་བཀག་སྡོམ་ལ་ཁ་གཡར་ཏེ་ནང་དོན་གསལ་ཁ་མེད་པའི་ཁྲིམས་འདྲ་མིན་གཏན་འབེབས་བྱས་ཐོག  དོན་དངོས་ཐོག་མང་ཚོགས་ཀྱི་ཆོས་དད་དང་འགྲོ་བསྐྱོད། མི་སྒེར་གྱི་རང་དབང་བཅས་བརྒལ་བཤིག་གཏོང་ཐབས་སུ་བེད་སྤྱོད་བྱེད་ཀྱིན་ཡོད་པ་སོགས་ཐད་ཉམས་ཞིབ་ཀྱིས་གསལ་འདོན་བྱས་ཡོད། གནས་ཚུལ་ཞིབ་རྒྱས་མཁྱེན་འདོད་ཡོད་རིགས་ནས་གཤམ་འཁོད་དྲ་ཐག་བརྒྱུད་ནས་སྙན་ཐོ་ཆ་ཚང་ལྟ་ཀློག་བྱ་ཐུབ།

གསར་འགོད་གསལ་བསྒྲགས།

༢༠༡༥ ལོར་རྒྱ་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོལ་གཏོང་བཞིན་པ་དེ་མཚམས་འཇོག་བྱུང་མེད། རྒྱ་གཞུང་གིས་ཁྲིམས་ཀྱི་དབང་བསྒྱུར་ཡར་རྒྱས་གཏོང་རྒྱུའི་དམ་བཅའ་བཞག་ཡོད་ནའང་། བོད་ནང་དུ་ཆོས་དད་རང་མོས་ལ་དམ་དྲག་མུ་མཐུད་བྱེད་བཞིན་ཡོད། ད་བར་དུ་བོད་མིའི་རང་དབང་བཀག་སྡོམ་བྱ་ཆེད་སོ་ལྟ་ཅན་གྱི་འཕྲུལ་ཆས་ཕོན་ཆེན་བེད་སྤྱོད་ཀྱིས་བོད་མི་སྒེར་གྱི་རང་དབང་རྡོག་རོལ་བཏང་ཡོད། རྒྱ་གཞུང་གིས་རྒྱལ་སྤྱིའི་སྐྱོན་བརྗོད་ལ་ཡ་ལན་སྤུ་ཙམ་ཡང་བྱས་མེད། ལྷག་པར་དུ་ཕེ་རི་སུར་སྐོར་འཚོགས་བྱས་པའི་གནམ་གཤིས་འགྱུར་ལྡོག་སྐོར་གྱི་ཚོགས་འདུའི་སྐབས། རྒྱ་གཞུང་གིས་དུག་རླངས་ཉུང་དུ་གཏོང་རྒྱུར་མོས་མཐུན་བྱས་ཡོད་ནའང་། བོད་ནང་མོས་མཐུན་དེ་དག་ལག་བསྟར་བྱེད་ཀྱིན་མེད་པ་རེད། དེ་བས་བོད་ཀྱི་རྩ་ཆེའི་ཁོར་ཡུག་མུ་མཐུད་ཉམས་ཉེས་དང་གཏོར་སྐྱོན་འགྲོ་བཞིན་ཡོད།

༢༠༡༥ ལོར་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གར་སོང་ཆ་མེད་དུ་ཕྱིན་ནས་མི་ལོ་ ༢༠ འཁོར་གྱིན་ཡོད། རྒྱལ་སྤྱིའི་ཚོགས་སྡེ་དང་གཞུང་འབྲེལ་མི་སྣས་དེའི་ཐད་འབོད་སྐུལ་ག་ཚོད་བྱས་ཀྱང་། རྒྱ་གཞུང་གིས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དང་མཉམ་དུ་ཐུག་འཕྲད་བྱ་རྒྱུའི་གོ་སྐབས་སྤྲད་མེད། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་གནས་སྟངས་དེས་བོད་མིའི་ལས་དབང་ཅི་འདྲ་ཞིག་ཡིན་པ་གསལ་པོར་བསྟན་ཡོད། རྒྱ་གཞུང་ནས་བོད་ཀྱི་བླ་མ་དང་དགེ་བཤེས་མཁན་པོ་ཚོ་གར་སོང་ཆ་མེད་བཏང་བ་དང་བཙོན་འཇུག་བྱེད་པ། འགའ་ཤས་སྲོག་ཐོག་ཏུའང་བཏང་ཡོད། ས་གནས་རྒྱ་གཞུང་ཉེན་རྟོག་པ་ཚོས་སེར་སྐྱ་མི་དམངས་རྣམས་ཀྱང་བཀག་ཉར་བྱས་ཡོད།

འདི་ལོར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའང་བཙོན་འོག་ཏུ་རྐྱེན་འདས་སུ་བཏང་ཡོད། ཁོང་ ༢༠༠༢ ལོར་འབར་རྫས་འགས་གཏོར་གྱི་སྙོན་འཛུགས་འོག་འཛིན་བཟུང་བཀག་ཉར་བྱས་པ་རེད། ཡིན་ནའང་། ཁོང་གིས་ནག་ཉེས་དེ་དག་བསགས་ཡོད་པའི་ཁུངས་སྐྱེལ་སྤུ་ཙམ་ཡང་མེད་པ་རེད། ཁོང་ནི་དྲང་བདེན་འཐབ་རྩོད་བྱེད་མཁན་ཞིག་ཡིན། ཁོང་གིས་ས་གནས་ཡུལ་མི་དང་གཞུང་གི་ལས་བྱེད་དབར་རྩོད་རྙོག་འདུམ་སྒྲིག་གནང་བ་དང་། དགོན་པ་དང་སྨན་ཁང་། སློབ་གྲྭ་སོགས་གསར་རྒྱག་བྱས་ཏེ་ས་གནས་བོད་རིགས་མང་ཚོགས་ལ་སྤྱི་ཚོགས་ཞབས་འདེགས་ཀྱི་ཕྱག་ལས་གནང་ཡོད།

༢༠༡༥ ལོར་རྒྱ་གཞུང་གིས་བོད་མི་ཚོའི་སྒེར་གྱི་རང་དབང་ལ་དོ་ཕོག་ཤུགས་ཆེན་བཏང་ཡོད། བོད་མི་ཚོས་སྐད་འཕྲིན་དྲ་བ་བརྒྱུད་ཁ་བརྡ་གླེང་མོལ་བྱེད་བཞིན་པར་གསང་ཉུལ་ལྐོག་ཉན་གྱིས་འཇུ་བཟུང་བྱས་ཡོད། རྒྱ་གཞུང་གིས་ཁྲིམས་ཐོག་གཏན་འབེབས་ཀྱིས་གནས་འཕྲིན་དྲ་རྒྱའི་ཚོང་བདག་ཚོར་བཀོད་ཁྱབ་བཏང་སྟེ་མུ་མཐུད་མི་སྒེར་གྱི་རང་དབང་ལ་དོ་ཕོག་གཏོང་བཞིན་ཡོད་པ་རེད། རྒྱ་གཞུང་གིས་ཨ་རིའི་གཞུང་ལ་དྲ་རྒྱའི་གསང་ཉུལ་བྱས་པའི་སྐྱོན་བརྗོད་བྱས་ཡོད། ཡིན་ནའང་། རྒྱ་ནག་དང་བོད་ནང་དུ་རྒྱ་གཞུང་རང་ཉིད་ཀྱིས་དྲ་རྒྱར་སོ་ལྟ་དང་གསང་ཉུལ་བྱེད་བཞིན་ཡོད།

ཕེ་རི་སུར་སྐོང་འཚོགས་བྱས་པའི་གནམ་གཤིས་འགྱུར་ལྡོག་ཐད་ཀྱི་ཚོགས་འདུ་དེ་ནི། རྒྱལ་སྤྱིའི་ཁྲོད་ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན་གལ་ཆེན་ཞིག་ཏུ་ངོས་འཛིན་བྱུང་ཡོད་པ་རེད། རྒྱ་གཞུང་གིས་ཚོགས་འདུ་དེའི་ནང་མཉམ་ཞུགས་བྱས་ཐོག་བོད་ཀྱི་ཁོར་ཡུག་ལ་བདག་གཅེས་བྱེད་ཀྱིན་ཡོད་པའི་རྣམ་འགྱུར་བསྟན་ཡོད། ཡིན་ནའང་། ཚོགས་འདུའི་སྐབས་བོད་ཀྱི་ཁོར་ཡུག་གི་ཐད་གླེང་སློང་བྱེད་མཁན་བོད་མིའི་འཐུས་ཚབ་མེད་པ་རེད། གནས་སྟངས་དེ་དག་ནི་རྒྱ་གཞུང་གིས་བྱས་པ་ཞིག་རེད། དེའི་རྒྱུ་མཚན་གཙོ་བོ་ནི་བོད་རྒྱ་ནག་གི་བཙན་འཛུལ་འོག་ཡོད་པས་རེད། དེ་བས་ཚོགས་འདུའི་སྐབས་རྒྱ་གཞུང་གིས་ཁོར་ཡུག་སྲུང་སྐྱོབ་ཐོག་ལ་དམིགས་བསལ་ཁས་ལེན་དམ་བཅའ་གང་ཡང་བཞག་མེད། ལྷག་པར་དུ་བོད་ནང་ཁོར་ཡུག་བདག་གཅེས་ཀྱི་སྲིད་ཇུས་གཏན་འབེབས་ཁྲོད་དུ་བོད་མི་ཚོ་མཉམ་ཞུགས་གང་ཡང་བྱེད་འཇུག་གི་མེད། མདོར་ན་ཁོར་ཡུག་བདག་གཅེས་ཞེས་པ་དེ་ནི་ཁ་གཡང་ཙམ་ལས་དོན་དམ་གྱི་གྲུབ་འབྲས་གང་ཡང་འཐོན་གྱིན་མེད།

རྒྱ་ནག་གཞུང་གིས་ ༢༠༡༥ ལོར་ཁྲིམས་གཞི་གསར་པ་མང་པོ་ཞིག་གཏན་འབེབས་བྱས་ཡོད། དེ་དག་བེད་སྤྱོད་ཀྱིས་མི་དམངས་ཚོར་དྲག་གནོན་བྱེད་ངེས་རེད། དཔེར་ན། རྒྱལ་ཁབ་བདེ་འཇགས་དང་འཇིགས་སྐུལ་རིང་ལུགས་ཞེས་པའི་ཐོག་ལ་ཁྲིམས་གཞི་གཏན་འབེབས་བྱས་ཡོད་པ་རེད། དེ་དག་གི་དམིགས་ཡུལ་གཙོ་བོ་ནི་འགྲོ་བ་མིའི་ཐོབ་ཐང་མུ་མཐུད་རྡོག་རོལ་གཏོང་རྒྱུ་དེ་ཡིན་པ་རེད། ལྷག་པར་དུ་ ༢༠༡༥ ལོར་རྒྱ་ནག་དམར་གཞུང་ནི་རྒྱལ་སྤྱིའི་སྒང་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་ཚོ་འཇུ་བཟུང་དང་དྲག་གནོན་བྱེད་མཁན་མང་ཤོས་དེ་ཆགས་ཡོད། རྒྱ་གཞུང་གིས་འཇུ་བཟུང་བཙོན་འཇུག་མྱངས་མཁན་ཚོར་གྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་ཚོའི་ངོས་ནས་ཁྲིམས་རྩོད་བྱ་རྒྱའི་ཐོབ་ཐང་སྤྲད་མེད་པ་རེད། དེ་བཞིན་བོད་ནང་མི་སྒེར་རྐྱང་པའི་ངོས་ནས་སྐད་འབོད་བྱེད་མཁན་ཚོ་འཇུ་བཟུང་བཙོན་འཇུག་བྱས་ཡོད། དེ་བཞིན། རྩོམ་པ་པོ་དང་སྒྱུ་རྩལ་བ། ཤེས་ཡོན་པ་ཚོ་ཡང་འཇུ་བཟུང་བཀག་ཉར་བྱས་ཡོད་པ་རེད། རྒྱ་ནག་དམར་གཞུང་གི་ངོས་ནས་བོད་མི་རྣམ་ནིརང་བཞིན་ལྷན་སྐྱེས་ཀྱི་ཐོག་ནས་རྒྱ་གཞུང་ལ་ཉེན་ཁ་བཟོ་མཁན་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད། དེར་བརྟེན། རྒྱ་གཞུང་གིས་བོད་མི་ཚོ་ཕྱིའི་ཡུལ་གྲུ་ཁག་ནང་འགྲུལ་བསྐྱོད་ཆོག་པའི་ལག་ཁྱེར་སྤྲོད་ཀྱིན་མེད།

ཡུ་རོབ་ཀྱི་རྒྱལ་ཁབ་དབྱིན་ཇི་དང་ཌན་མེག ཨོ་སི་ཁྲི་ལི་ཡའི་ནང་དུའང་། བོད་པའི་ཞི་བའི་སྐད་འབོད་བྱེད་མཁན་ཚོ་འཇུ་བཟུང་བཀག་ཉར་བྱས་ཡོད། ཡིན་ནའང་། ཁོང་ཚོས་ནག་ཉེས་སོགས་གང་ཡང་བསགས་མེད་སྟབས་གློད་གྲོལ་ཐོབ་ཡོད། དེ་ཡིས་ནུབ་ཕྱོགས་ཡུལ་གྲུ་ཁག་གི་ནང་དུ་ཁྲིམས་ཀྱི་རང་དབང་བོར་བརླག་ཕྱིན་མེད་པའི་རྣམ་པ་ཞིག་བསྟན་ཡོད་རེད། ཡིན་ནའང་། ཁོང་ཚོ་ཐོག་དང་པོར་འཇུ་བཟུང་བྱས་པ་དེ་ནི་ཧ་ཅང་བློ་ཕམ་གྱི་གནས་ཤིག་རེད། ཨ་རིའི་གྲོས་ཚོགས་ནས་ལོ་མང་པོ་འགོར་བའི་རྗེས་སུ་འདི་ལོ་གཞི་ནས་བོད་ནང་གཟིགས་སྐོར་དུ་བསྐྱོད་ཐུབ་ཡོད། ཁོང་ཚོས་བོད་ནང་འགྲོ་བ་མིའི་ཐོབ་ཐང་མེད་པ་གླེང་སློང་བྱས་ཡོད་པ་རེད། ཨ་རིའི་གྲོས་ཚོགས་ནས་ཁྲིམས་གཞི་གཏན་འབེབས་ཀྱིས་བོད་ནང་དྲག་གནོན་བྱ་སྤྱོད་སྤེལ་མཁན་རྒྱ་གཞུང་མགོ་ཁྲིད་དང་ལས་བྱེད་ཚོ་ཨ་རིར་འགྲོ་བསྐྱོད་མི་ཆོག་པ་དང་། ཁོང་ཚོའི་དཔལ་འབྱོར་མ་དངུལ་བཀག་སྡོམ་བྱེད་སྲིད་པ་རེད། བོད་ནང་བོད་མི་རྣམས་ཀྱི་རང་དབང་ལ་དོ་ཕོག་འགྲོ་བཞིན་ཡོད་ནའང་། རྒྱལ་སྤྱིའི་སྒང་གི་ཚོང་བདག་ཆེན་མོ་ཚོས་བོད་ནང་ཚོང་ལས་གཉེར་མགོ་བཙུགས་ཡོད་པ་རེད།

༢༠༡༥ ལོར་བོད་མི་ཚོས་བཙན་བྱོལ་ནང་དམངས་གཙོའི་ལམ་ནས་སོ་སོའི་ཆབ་སྲིད་དབུ་ཁྲིད་འོས་བསྡུ་བྱེད་བཞིན་ཡོད་པ་རེད། འོས་བསྡུའི་ལས་རིམ་རྣམས་ཚགས་ཚུད་པོ་བྱུང་ཡོད་ནའང་། འབྲུག་དང་བལ་ཡུལ་ནང་འོས་བསྡུ་བྱ་རྒྱུའི་ཐོབ་ཐང་རག་མེད་པ་རེད།

མདོར་ན་ ༢༠༡༥ ལོར། བོད་ནང་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གང་ཡང་ཕྱིན་མེད། ཡིན་ནའང་། བོད་པའི་གནད་དོན་དེ་རྒྱལ་སྤྱིའི་ནང་གླེང་སློང་བྱེད་རྒྱུ་ཤུགས་ཆེ་རུ་ཕྱིན་ཡོད། བོད་ཀྱི་ཁོར་ཡུག་དང་བོད་མིའི་རང་དབང་། དེ་བཞིན། བཙན་བྱོལ་དུ་ཡོད་པའི་བོད་མི་ཚོའི་གནས་བབས་བཅས། རྒྱ་གཞུང་གིས་མུ་མཐུད་སྣང་མེད་དུ་འཇོག་ཐབས་མེད་པ་ཞིག་རེད། གནད་དོན་དེ་དག་གི་ཐད་ལ་རྒྱལ་སྤྱིའི་ནང་དོ་སྣང་ཤུགས་ཆེ་རུ་འགྲོ་བཞིན་ཡོད། ཡིན་ནའང་། རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྣམས་ཁྲིམས་ཀྱི་བརྒྱུད་རིམ་བེད་སྤྱོད་བྱས་པའི་ཐོག་ནས་དྲག་གནོན་བྱེད་བཞིན་ཡོད།

 

བོད་ཡིག་སྙན་ཐོའི་དྲ་ཐག

Check Also

༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གང་བྱུང་འཇུ་བཟུང་བྱས་ནས་མི་ལོ་༢༢འགོར་བའི་ཉིན་མོར། གང་བྱུང་འཇུ་བཟུང་ཐད་ཀྱི་དམིགས་བསལ་སྙན་ཐོ།

དེ་རིང་ནི། རྒྱ་ནག་སྲིད་གཞུང་གིས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གང་བྱུང་འཇུ་བཟུང་གིས་བཙན་འཁྲིད་རྗེས། ད་ལྟའི་བར་གར་སོང་ཆ་མེད་དུ་སོང་ནས་མི་ལོ་༢༢འགོར་བའི་དུས་ཚིགས་ཁྱད་པར་ཞིག་ཆགས་ཡོད།      རྒྱ་གཞུང་གིས་ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༧ ཉིན།  ༸པཎ་ཆེན་ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་། ཁོང་གི་ཕ་མ་ནང་མི་དང་བཅས་གང་བྱུང་འཇུ་བཟུང་བཙན་འཁྲིད་བྱས་ཤིང་། སྐབས་དེར་དགུང་ལོ་༦ཙམ་ཡིན་པའི་ཁོང་།  འཛམ་གླིང་སྟེང་གི་ཆབ་སྲིད་བཙོན་པ་ཆུང་ཤོས་སུ་གྱུར་བ་མ་ཟད། གར་ཆོས་ཆ་མེད་གྱུར་ནས་ད་ལྟའི་བར་མི་ལོ་༢༢སོང་བའི་༸ཁོང་ནི། …

Leave a Reply

Your email address will not be published. Required fields are marked *