Sunday , September 22 2019
Home / གསར་འགྱུར། / བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ཁང་གིས་རྒྱ་གཞུང་གིས་རྒྱལ་སྲུང་བཅའ་ཁྲིམས་གསར་པ་གཏན་འབེབས་ཐད་སྐྱོན་བརྗོད་བསྒྲགས་གཏམ།

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ཁང་གིས་རྒྱ་གཞུང་གིས་རྒྱལ་སྲུང་བཅའ་ཁྲིམས་གསར་པ་གཏན་འབེབས་ཐད་སྐྱོན་བརྗོད་བསྒྲགས་གཏམ།

བོད་མདོ་སྨད་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་མང་ར་རྫོང་མགོ་མང་ཞང་ཐོག་ཏུ། རྒྱ་གཞུང་དྲག་ཆས་དམག་མིས་བོད་མིའི་མཐོང་ལམ་དུ་རྔམས་སྟོན་འཇིགས་སྐུལ་བྱེད་བཞིན་པ།པར་དབང་། (Frederic J. Brown/AFP/Getty Images)
བོད་མདོ་སྨད་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་མང་ར་རྫོང་མགོ་མང་ཞང་ཐོག་ཏུ། རྒྱ་གཞུང་དྲག་ཆས་དམག་མིས་བོད་མིའི་མཐོང་ལམ་དུ་རྔམས་སྟོན་འཇིགས་སྐུལ་བྱེད་བཞིན་པ།པར་དབང་། (Frederic J. Brown/AFP/Getty Images)

འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ངོས་ནས། ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡ ཉིན་རྒྱ་གཞུང་གིས་གཏན་འབེབས་ལག་བསྟར་བྱས་པའི་རྒྱལ་སྲུང་བཅའ་ཁྲིམས་གསར་པ་དེའི་ཐད་བློ་འཚབ་ཆེན་པོ་བྱེད་བཞིན་ཡོད། མ་འོངས་པར་རྒྱ་གཞུང་གིས་བཅའ་ཁྲིམས་གསར་པ་དེ་བེད་སྤྱད་ནས། སྔར་ནས་བོད་ནང་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་བཞིན་པའི་གནས་སྟངས་དེ་སྔར་བར་ཛ་དྲག་ཏུ་འགྲོ་སྲིད་པར་ངོས་འཛིན་བྱེད་བཞིན་ཡོད།

རྒྱ་ནག་གི་རྒྱལ་སྲུང་བཅའ་ཁྲིམས་གསར་པ་དེ་ཡིས། འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་ཀྱི་དབང་བསྒྱུར། དེ་བཞིན། གཞན་པའི་རྒྱལ་ཁབ་དང་མི་རིགས་ཀྱི་བདེ་དོན་ཐད་བསམ་ཤེས་གུ་ཡངས་གང་ཡང་བྱས་མེད་པ་དང་། དེར་མ་ཟད་རྒྱལ་སྲུང་བཅའ་ཁྲིམས་གསར་པ་དེར་སྤྱི་བཤད་རང་བཞིན་དང་གསལ་ཁ་མེད་པའི་ཐ་སྙད་རིགས་བེད་སྤྱོད་བྱས་ཏེ། རྒྱ་གཞུང་གིས་མ་འོངས་པར་གདོང་གཏད་དགོས་པ་དང་རྩོད་ལེན་དགོས་རིགས་གྱི་གནས་ཚུལ་མཐའ་དག་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བའི་ཉེན་ཁར་བརྩིས་ཡོད། དེ་ནི་སྔར་ཁུངས་མ་འཁྱོལ་བའི་སྲིད་ཇུས་དེ་མུ་མཐུད་མཇུག་སྐྱོང་བྱ་ཐབས་ཤིག་རེད། རྒྱ་གཞུང་གིས་ཞི་བའི་སྒོ་ནས་གནད་དོན་རྣམས་ཐག་གཅོད་ཡོང་ཐབས་བྱེད་ཀྱིན་མེད་པར། རྒྱ་ནག་ནང་གི་གནད་དོན་མཐའ་དག་སྔར་བའི་ཛ་དྲག་ཏུ་གཏོང་བཞིན་ཡོད།

སྤྱིར་རྒྱལ་སྲུང་བཅའ་ཁྲིམས་དེའི་ལེའུ་བཞི་པའི་ནང་(དོན་ཚན་ ༧ དང་ ༡༦ ། ༢༧ དང་ ༨༣ ) འགྲོ་བ་མིའི་ཐོབ་ཐང་སྲུང་བརྩིའི་སྐོར་འབོད་ཚིག་ཙམ་བཀོད་ཡོད་ཀྱང་། དོན་དངོས་ཐོག་རྒྱལ་སྲུང་བཅའ་ཁྲིམས་དེ་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་སྲུང་སྐྱོབ་དང་རྒྱབ་འགལ་ཆགས་ཡོད། དཔེར་ན། དོན་ཚན་ ༢༧ པའི་ནང་། རྒྱ་གཞུང་གིས་ཆོས་དད་རང་དབང་སྲུང་སྐྱོབ་ཡོད་ཅེས་བཀོད་ཡོད་ཀྱང་། དེ་དང་འབྲེལ་ནས་ཕྱི་ཕྱོགས་ཀྱི་ཐེ་གཏོགས་དང་ཤན་ཤུགས་ལ་ངོ་རྒོལ་བྱ་དགོས་པ་དང་། ཆོས་ལུགས་དོ་དམ་ཐད་ཀྱི་འགན་སྲུང་དང་ལས་དོན་ཁག་བཀོད་ཡོད་པ་རེད། རྒྱ་གཞུང་གིས་ཏཱ་ལའི་བླ་མའི་དགོངས་གཞི་མཐའ་དག་ཁྲིམས་འགལ་ནག་ཉེས་སུ་བརྩི་བཞིན་ཡོད། ཁོང་གི་གསུང་ཆོས་དང་ཁོང་ལ་བརྟན་བཞུགས་འབུལ་བ། ཁོང་གི་འཁྲུངས་སྐར་བསུ་བ་སོགས་ཡོངས་སུ་རྫོགས་པ་རྒྱ་གཞུང་དམར་ཤོག་ལ་རྒྱབ་འགལ་གྱི་གནད་དོན་ཞིག་ཏུ་བརྩི་བཞིན་ཡོད་པ་རེད། དཔེར་ན། གྲྭ་ཚངས་དབྱངས་རྒྱ་མཚོ་ལགས་ལ་ཕྱི་ཕྱོགས་ལ་འབྲེལ་བ་བྱས་པའི་ཉེས་འཛུགས་འོག་ལོ་མང་བཙོན་འཇུག་བྱས་ཡོད།

རྒྱ་གཞུང་གི་རྒྱལ་སྲུང་བཅའ་ཁྲིམས་དེས། འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་རྒྱལ་སྤྱིའི་ཚད་ལྡན་རེ་འདུན་གཞིར་བཟུང་། མི་དམངས་ལ་ག་རེ་སྒྲུབ་ཆོག་པ་དང་གང་སྒྲུབ་མི་ཆོག་པའི་ས་མཚམས་གསལ་ཁ་བཟོས་མེད་པ་རེད། མི་ཞིག་གི་ཁེ་དབང་གི་ཐད་ལ་འོས་འཚམ་གྱིས་ཚད་བཀག་བཟོ་ཆོག་གི་ཡོད་ཀྱང་། ཚད་བཀག་གི་ནང་དོན་དང་ས་མཚམས་གང་ཡིན་མིན་ཐད། ཞིབ་ཚགས་པོའི་སྒོ་ནས་འགྲེལ་བརྗོད་ཁ་གསལ་གནང་སྟེ་མི་དམངས་ཀྱིས་རྟོགས་ཐུབ་པ་བཟོས་དགོས་པ་རེད། རྒྱ་ནག་གི་རྒྱལ་སྲུང་བཅའ་ཁྲིམས་ནང་ས་མཚམས་གསལ་ཁ་གང་ཡང་བཟོས་མི་འདུག དེ་ལས་ལྡོག་སྟེ་རྒྱལ་སྲུང་བཅའ་ཁྲིམས་དེས་འགྲེལ་བརྗོད་སྤྱི་བཤད་དང་ཐ་སྙད་མག་མོག་བཀོད་པའི་སྒོ་ནས། ཉེས་དོན་དང་འབྲེལ་བའི་བྱ་སྤྱོད་དང་སྨྲ་བརྗོད་ཡོད་ཚད་རྒྱལ་ཁབ་བདེ་འཇགས་ཀྱི་ཁྱབ་ཁོངས་སུ་བརྩི་བཞིན་ཡོད། དོན་ཚན་ ༧༧ པར་སྤྱི་དམངས་ལ་རྒྱལ་སྲུང་ཐད་འོས་འགན་ག་རེ་ཡོད་མེད་གསལ་འདོན་བྱས་ཡོད། དེའི་ནང་སྤྱི་དམངས་ཀྱིས་ངེས་པར་སྲུང་བརྩི་དགོས་པའི་རྒྱལ་ཁབ་བདེ་འཇགས་ཀྱི་འོས་འགན་དོན་ཚན་བདུན་བཀོད་ཡོད། དེའི་ནང་དུ་༼རྒྱལ་ཁབ་བདེ་འཇགས་ལས་དོན་ལ་མཐུན་འགྱུར་རོགས་རམ་དང་གཞན་པའི་རོགས་འདེགས་རིགས་བྱ་དགོས།༽ ༼ཤེས་རྟོགས་བྱུང་བའི་རྒྱལ་ཁབ་ཀྱི་གསང་བ་འགེབ་སྲུང་བྱ་དགོས༽སོགས་བཀོད་ཡོད་སྟབས། རྒྱ་གཞུང་གིས་མཐུན་འགྱུར་རོགས་འདེགས་མ་བྱས་པའི་ཉེས་མིང་འོག འབྲེལ་ཡོད་ཀྱི་ནང་མི་བཅས་ཐུན་མོང་ལ་ཉེས་ཆད་གཅོད་པའི་རིགས་བསྒྲུབ་སྲིད་པ་རེད།

རྒྱ་གཞུང་གིས་དེ་སྔོན་བོད་རིགས་བུད་མེད་སངས་རྒྱས་མཚོས་རང་ལུས་མེར་བཏང་སྐབས། ཁོ་མོའི་ནང་མིར་རྒོལ་རྡུང་བཏང་བའི་གནས་ཚུལ་ལས་རྒྱ་གཞུང་གིས་ཁྲིམས་ཅི་ལྟར་བེད་སྤྱོད་ལོག་པར་བཏང་སྟེ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་གསལ་འདོན་བྱས་ཡོད། སྐབས་དེར་སངས་རྒྱས་མཚོའི་ཁྱོ་ག་དང་གྲྭ་པ་ཞིག་འཇུ་བཟུང་བཙོན་འཇུག་བྱས་ཡོད་པ་རེད། ཁོང་གཉིས་ནི་རྒྱ་གཞུང་ཉེན་རྟོགས་པས་རང་བསྲེགས་དོན་རྐྱེན་དང་འབྲེལ་བའི་དོགས་གཞིའི་འོག་འཇུ་བཟུང་བྱས་པ་ཞིག་ཆགས་ཡོད། དེར་བརྟེན། རྒྱལ་སྲུང་བཅའ་ཁྲིམས་དེ་ཡིས་རང་ལུས་མེར་བསྲེགས་གནས་ཚུལ་རྣམས་རྒྱལ་ཁབ་བདེ་འཇགས་ཀྱི་ཉེན་ཁར་བརྩིས་ནས། ཁོང་ཚོའི་ནང་མི་ཉེ་འབྲེལ་རྣམས་འཇུ་བཟུང་བཙོན་འཇུག་བྱ་སྲིད། དེར་མ་ཟད། ཉེ་སྔོན་བོད་པའི་གྲྭ་པ་གཉིས་ཀྱིས་རང་བསྲེགས་གནས་ཚུལ་སྐད་འཕྲིན་ནང་བཏང་བར་བརྟེན་ནས་འཇུ་བཟུང་བྱས་ཡོད་པ་རེད། སྤྱིར་རྒྱ་ནག་ནང་སྤྱི་ཚོགས་གནས་ཚུལ་དང་གསར་འགྱུར་འདོན་སྤེལ་ཆ་ཚང་རྒྱལ་ཁབ་ཀྱི་གསང་བར་བརྩིས་ནས་ཞིབ་བཤེར་བྱེད་བཞིན་ཡོད་སྟབས། རང་ལུས་མེར་བསྲེགས་ཀྱི་ལས་འགུལ་རིགས་ནི་རྒྱལ་སྲུང་བཅའ་ཁྲིམས་གསར་པ་དེས་རྒྱལ་ཁབ་བདེ་འཇགས་ཀྱི་ཉེན་ཁར་ངོས་འཛིན་བྱ་རྒྱུ་ཡིན་པ་ནི་སྨྲ་མ་དགོས་པ་ཞིག་རེད།

རྒྱལ་སྲུང་བཅའ་ཁྲིམས་དེའི་སྐྱོན་གནད་གཙོ་བོ་ནི་སྤྱི་བཤད་རང་བཞིན་དང་ཁ་གསལ་མེད་པ་དེ་ཆགས་ཡོད། རྒྱལ་སྲུང་བཅའ་ཁྲིམས་ཀྱི་ལེའུ་གཉིས་པའི་ནང་རྒྱ་གཞུང་གི་རྒྱལ་སྲུང་དང་འབྲེལ་བའི་ནང་གསེས་དོན་ཚན་ ༡༨ བཀོད་ཡོད་པ་དང་། མི་རྣམས་ཀྱིས་ཡིད་ཆེས་དཀའ་བའི་གནས་ཚུལ་ཁག་ཅིག་བཀོད་ཡོད་པའི་གྲས་སུ། ཆོས་ལུགས་དད་མོས(དོན་ཚན་ ༢༧ པ།)་དང་། རིག་གནས་ཤུགས་རྐྱེན་འགོག་རྒོལ(དོན་ཚན་ ༢༣ པ།)། གྲངས་ཉུང་མི་རིགས(དོན་ཚན་ ༢༦ པ)། དེར་མ་ཟད། མཁའ་དབྱིངས་དང་རྒྱལ་སྤྱིའི་མཚོ་ཁུལ། སའི་གོ་ལོའི་འཁྱབ་རོམ་ཁུལ(དོན་ཚན་ ༣༢ པ) བཅས་བཀོད་འདུག

རྒྱ་གཞུང་གི་རྒྱལ་སྲུང་བཅའ་ཁྲིམས་དེ་སྤྱི་བཤད་རང་བཞིན་དང་གསལ་ཁ་མེད་པའི་སྐྱོན་བརྗོད་ཐད་ལ། རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ལྷན་ཚོགས་ཀྱི་ཁྲིམས་བཟོ་ཚོགས་ཆུང་གི་འཐུས་མི་ཀྲིན་ཟེར་བས་གསར་འགོད་ལྷན་ཚོགས་སྟེང་། རྒྱ་ནག་གིས་རང་ཉིད་ཀྱི་ཁེ་ཕན་སྲུང་སྐྱོབ་ཆེད་སྤྱི་ཁྱབ་རང་བཞིན་གྱི་ཁྲིམས་བཟོ་པ་ནི་དགོས་ངེས་ཤིག་རེད་ཅེས་ལན་འདེབས་བྱས་ཡོད་པ་རེད། ཡིན་ནའང་། རྒྱ་གཞུང་གིས་རྒྱལ་ཁབ་ཀྱི་ཁེ་ཕན་དང་གཞན་པའི་གནས་ཚུལ་ཁག་ཉ་མ་ཉོག་བསྲེས་བྱས་ཐོག འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་དེས། སྔར་བའི་སྤྱི་ཚོགས་གནད་དོན་ཛ་དྲག་ཏུ་གཏོང་བཞིན་པ་ལས། གནད་དོན་དེ་དག་སེལ་ཐབས་བྱ་བཞིན་མེད་པ་རེད།

རྒྱ་དཔོན་ཀྲིན་གྱིས། གལ་སྲིད་གནད་དོན་ཞིག་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད་པར་ངོས་འཛིན་བྱུང་ཚེ། རྒྱ་ནག་གིས་དེའི་ཐད་རྩོད་གླེང་དང་གྲོས་མོལ། གུ་ཡངས་གང་ཡང་གཏོང་མི་སྲིད། ཅེས་བརྗོད་ཡོད་པ་རེད། རྒྱལ་སྲུང་བཅའ་ཁྲིམས་དེའི་ནང་གནས་ཚུལ་མཐའ་དག་རྒྱལ་ཁབ་བདེ་འཇགས་གནད་དོན་དང་སྦྲེལ་ཡོད་པ་མ་ཟད། འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཁག་ཀྱང་རྒྱལ་ཁབ་བདེ་འཇགས་ལ་ཉེན་ཁ་བཟོ་མཁན་དུ་བརྩིས་ཀྱིན་ཡོད། དེར་བརྟེན། སྤྱི་ཚོགས་ཁྲོད་དགོས་ངེས་ཀྱི་འགྲོ་བ་མིའི་ཆེ་མཐོང་ལྡན་པའི་བྱ་འགུལ་ཡོད་ཚད་དང་། ཐ་ན་འགྲོ་བ་མི་རེ་རེའི་བྱ་སྤྱོད་མཐའ་དག་རྒྱལ་ཁབ་བདེ་འཇགས་ཀྱི་ཉེན་ཁར་བརྩི་བཞིན་ཡོད། རྒྱ་ནག་གི་རྒྱལ་སྲུང་བཅའ་ཁྲིམས་ནང་རྒྱལ་ཁབ་ཀྱི་གསང་བའི་སྡེ་ཁག་གིས་ཆེས་སྔོན་ཐོན་གྱི་ལག་རྩལ་བེད་སྤྱད་དེ་མང་ཚོགས་ལ་ལྐོག་ཉན་གྱིས་གསང་འཕྲིན་བསྡུ་རུབ་(དོན་ཚན་ ༥༣ པ)དང་། བཟོ་ཚོང་གི་མ་དངུལ་དང་ལག་རྩལ་རིགས་ཡོངས་རྫོགས་ལ་ཞིབ་བཤེར་བྱ་དགོས་(དོན་ཚན་ ༥༤ པ)སྐོར་བཀོད་ཡོད།

ཉེ་ཆར་གཏན་འབེབས་བྱས་པའི་རྒྱལ་སྲུང་བཅའ་ཁྲིམས་དེས། རྒྱ་ནག་གཞུང་གིས་བཅའ་ཁྲིམས་གསར་པ་དེ་ཁྲིམས་མཐུན་གྱི་སྒོ་ནས་ལག་བསྟར་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད། ཡིན་ནའང་། རྒྱ་ནག་མཐོ་རིམ་དཔོན་རིགས་ཁྲོད་རུལ་སུངས་ཀྱི་ཁྲིམས་འགལ་བྱ་སྤྱོད་ཤུགས་ཆེན་པོ་ཡོད་སྟབས། དོན་དངོས་ཐོག་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་ལག་ལེན་ཐུབ་མིན་དེ་ད་དུང་དོགས་གནས་ཆེན་པོ་ཞིག་རེད། ཁྲིམས་གཏུགས་ཞུ་མཁན་ཚོར་ཁྲིམས་རྩོད་པའི་དག་འབུལ་ཐོབ་ཐང་རག་རྒྱུ་ཧ་ཅང་ཁག་པོ་ཡིན་པ་མ་ཟད། གལ་སྲིད་ཁྲིམས་རྩོད་པ་རག་པའི་དབང་དུ་བཏང་ནའང་། ཁྲིམས་བཤེར་དྲང་བདེན་ཚད་ལྡན་ཞིག་ཡོང་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད། དེའི་རྒྱུ་མཚན་ནི་རྒྱ་གཞུང་དཔོན་རིགས་དག་གིས་སོ་སོའི་དབང་ཆ་བེད་སྤྱད་དེ་ཁྲིམས་བཤེར་ལ་སྟངས་འཛིན་ཀྱིན་ཡོད། དེར་མ་ཟད། མཐོ་རིམ་ཁྲིམས་ཞིབ་པ་དག་གིས་ཀྱང་ཁྲིམས་རྩོད་ཁུངས་སྐྱེལ་ཡང་དག་ཡིན་མིན་ལ་མ་བལྟས་པར། ཁོ་ཚོ་སྒེར་ནས་གང་འདོད་ལྟར་ཐག་གཅོད་བྱེད་བཞིན་ཡོད། འདི་ག་ལྟེ་གནས་ཁང་གི་ངོས་ནས་རྒྱ་གཞུང་གི་རྒྱལ་སྲུང་བཅའ་ཁྲིམས་དེ་ཡིས། བོད་ནང་ཁྲིམས་ཀྱི་གནས་བབ་ཡར་རྒྱས་གཏོང་བཞིན་པར་ངོས་འཛིན་བྱེད་ཀྱི་མེད། དེ་ལས་ལྡོག་སྟེ་བོད་ནང་བོད་མི་རྣམས་ཁྲིམས་འགལ་བཙོན་འཇུག་བྱེད་བཞིན་པའི་གནས་སྟངས་དེ་སྔར་བས་ཛ་དྲག་ཏུ་འགྲོ་རྒྱུ་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད།

 

རྒྱ་གཞུང་གི་རྒྱལ་སྲུང་བཅའ་ཁྲིམས་གསར་པ་དེའི་ནང་། རྒྱ་ནག་གི་རྩ་ཁྲིམས་གཞིར་བཟུང་ལག་བསྟར་བྱ་རྒྱུ་ཡིན་སྐོར་བརྗོད་འདུག ཡིན་ནའང་། རྒྱ་ནག་ནང་རྒྱ་གཞུང་རྩ་ཁྲིམས་ཀྱིས་ཁ་ཡོད་ལག་ཡོད་ཐོག་ནུས་པ་ཐོན་བསྡད་པའི་རྟགས་མཚན་གང་ཡང་སྟོན་རྒྱུ་མེད་པ་ཆགས་ཡོད། དེར་བརྟེན། རྒྱ་ནག་དམར་གཞུང་གིས་ཁྲིམས་འདི་ལག་ཆར་སྤྱད་དེ། དམར་ཤོག་པ་དང་ལྟ་བ་ཐ་དད་འཛིན་མཁན་རྣམས་ལ་རྒོལ་རྡུང་དང་ཉེས་འཛུགས་ཁྲིམས་གཅོད་གཏོང་སྲིད་པ་མ་ཟད། རྒྱ་གཞུང་གིས་གསལ་ཁ་མེད་པའི་བཅའ་ཁྲིམས་འདི་སྤྱད་ནས། འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་མང་ཚོགས་ཀྱི་ཞི་བའི་འདུ་འཛོམས་དང་གཏམ་བརྗོད་མཐའ་བཀག་སྡོམ་བྱས་ཏེ། རྒྱ་ནང་གི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཁག་རྡོག་རོལ་གཏོང་རྒྱུ་ཡིན་པ་རེད།

 

མདོར་ན། རྒྱ་གཞུང་གི་རྒྱལ་སྲུང་བཅའ་ཁྲིམས་འདི་ལ་བརྟེན་ནས། བོད་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཡར་རྒྱས་གཏོང་མི་སྲིད་པ་རེད། དེ་ལས་ལྡོག་སྟེ་མི་དམངས་ཀྱིས་ཁྲིམས་མཐུན་གྱི་སྒོ་ནས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་བྱ་འགུལ་རྣམས་བཀག་སྡོམ་བྱ་རྒྱུ་ཡིན་པ་མ་ཟད། གསལ་ཁ་མེད་པའི་རྒྱལ་སྲུང་བཅའ་ཁྲིམས་ཏེ་སྤྱད་ནས་མི་དམངས་ཀྱི་བྱ་འགུལ་མཐའ་དག་ཉེན་ཁར་བརྩིས་ཏེ་བཀག་སྡོམ་བྱ་སྲིད་པའི་ཉེན་ཁ་ཡོད་པ་རེད།

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས།

ཕྱི་ལོ་ ༢༠༡༥ ཕྱི་ཟླ་ ༧ ཚེས་ ༩ ཉིན་ལ་བཞུགས་སྒར་དྷ་རམ་ས་ལ་ནས།

Check Also

རྒྱ་གཞུང་གིས་ཆབ་སྲིད་ཀྱི་མནར་གཅོད་མཚམས་བཞག་སྟེ་གར་སོང་ཆ་མེད་བཟོས་པའི་དགེ་འདུན་པ་ཚོའི་དངོས་ཡོད་གནས་ཚུལ་གསལ་བཤད་བྱེད་དགོས།

འདི་ག་ལྟེ་གནས་ཁང་གི་ངོས་ནས། རྒྱ་གཞུང་གིས་ཟི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་གྱི་དགེ་འདུན་པ་གསུམ་གང་བྱུང་བཀག་ཉར་བྱས་པ་དང་བཙན་གྱིས་གར་སོང་ཆ་མེད་བཟོས་པ། དྲང་བདེན་མ་ཡིན་པའི་ཁྲིམས་ཐག་བཅད་པའི་གནས་ཚུལ་ངེས་པར་དུ་གསལ་བཤད་བྱེད་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུ་བཞིན་ཡོད་ལ། འདི་ག་ལྟེ་གནས་ཁང་གིས། རྒྱ་གཞུང་ནས་ཆོས་དད་དང་ཆབ་སྲིད་ཀྱི་ཉེས་འཛུགས་འོག་ཏུ་དགེ་འདུན་པ་དེ་དག་ལ་སྡུག་སྦྱོང་མནར་གཅོད་བཏང་བ་དང་། གང་བྱུང་བཀག་བསྐྱིལ་བཙོན་འཇུག་བྱས་པ་དེ་ནི། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་གཞི་དང་རྩ་འཛིན་ཁག་རྩིས་མེད་རྡོག་རོལ་བཏང་བར་ཡིད་ཆེས་བྱེད་ཀྱིན་ཡོད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆིངས་གནས་རྒྱལ་ཁབ་ཡིན་པའི་ཆ་ནས། རྒྱ་ནག་དམར་ཤོག་སྲིད་གཞུང་ལ་རྒྱལ་སྤྱིའི་ཁྲིམས་གཞི་རྩ་འཛིན་དེ་དག་ལ་བརྩི་འཇོག་དང་སྲུང་སྐྱོབ། ལག་བསྟར་བྱེད་པའི་འགན་ཡོད། འདི་ལོའི་ཕྱི་ཟླ་༧ ཚེས་༣༠ ཉིན་རང་ལོ་༣༧ ཡིན་པའི་དགེ་འདུན་པ་བློ་བཟང་ཐབས་མཁས་ལ་མི་ལོ་༤ ཡི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་དང་། …